༄༅།།ཚ་ཞང་འདན་མ་བྱང་ཁྲའི་གླུ།
མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་བཏུས། སྤེལ་དུས། 04-27
གླུ་ཐ་ལ་ལ་མོ་ཐ་ལ་རེད། །
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །
ཡང་དག་པའི་ཆོས་ལ་གསོལ་བ་འདེབས། །
ལྷ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུངས། །
ལམ་སྣ་དྲོངས་དང་སྤྲུལ་བའི་སྐུ། །
འདན་མིའི་གླུ་ལ་ལེན་རོགས་མཛོད། །
ས་འདིའི་ས་ངོ་མ་ཤེས་ན། །
རྨ་དེའུ་ཡག་སྟག་ཐང་ཁྲ་མོ་རེད། །
ང་དང་ང་ངོ་མ་ཤེས་ན། །
ཆུ་ར་སྐྱིད་པའི་མར་ནང་ན། །
ཉ་བུ་སྐྱིད་པའི་ཡར་ནང་ནས། །
འདན་ཆུ་ལྷ་ཁང་རིང་མོ་ནས། །
ཤར་ལུང་རི་དྲུག་མཁར་ནང་ནས། །
ཚ་ཞང་འདན་མ་བྱང་ཁྲ་ཡིན། །
ཚ་ཞང་མགོ་དང་སྐེ་མགུལ་ཡིན། །
ཚ་ཞང་ལུས་དང་གྲིབ་མ་ཡིན། །
ཚ་ཞང་བེར་དང་ཕུ་ཐུང་ཡིན། །
ཚ་ཞང་མར་དཀར་སྤུ་ལུ་དེ། །
མེ་ཉི་མ་མིན་པ་ཀུན་ལ་མཛེས། །
ཚ་ཞང་རས་དཀར་ལྷན་པ་དེ། །
སྦྲ་རེ་བ་མིན་པ་ཀུན་ལ་མཁོ། །
ཚ་ཞང་བྱང་ཁྲ་དཀར་པོ་དེ། །
ཆང་མཆོད་མེ་མིན་པ་ཀུན་ལ་མཁོ། །
གདོང་འབུམ་པའི་ཞལ་ལུ་དཀར་པོ་ལགས། །
ཚོ་ཆེན་ལྷ་སྡེ་དཀར་པོ་ལ། །
དཔའ་བརྟུལ་ང་འདྲ་ཁོ་འདྲ་གདའ། །
ལས་ཨེ་འདྲ་དཔའ་བརྟུལ་ནང་ཞིག་ནས། །
བུ་ཆུང་མངགས་བདེ་འདན་མ་རེད། །
ར་ཐོང་བཤའ་བདེ་འདན་མ་རེད། །
བཏང་ན་འོས་བདེ་འདན་མ་རེད། །
ཤི་ན་རོ་ཆུང་འདན་མ་རེད། །
རོ་ལ་ཕངས་མེད་འདན་མ་རེད། །
མི་འགྲོ་རྩ་བ་བཤད་པས་ན། །
ཧོར་ཤན་པའི་ཁ་ཡ་མི་ཡོང་ལགས། །
རྗེ་གུར་དཀར་འགྲན་ཡ་མི་ཕོད་ལགས། །
བུ་སྟོབས་ཆེན་དཔུང་ཡ་མི་ཕེར་ལགས། །
ཨ་ཅང་མི་བདེན་ཀུ་རེ་བྱས། །
སྨུག་པོ་ལྡོང་གི་སྐུ་རིང་ལ། །
འདན་མ་བློན་རབས་བཅོ་བརྒྱད་བྱས། །
སྐུ་འཛམ་གླིང་སེང་ཆེན་རྒྱལ་པོ་དང་། །
བློན་དམ་ཚིག་འགྱུར་མེད་འདན་མ་ཡིན། །
ལྡོང་ཞལ་ལུའི་བཀའ་ལ་བཅག་ཕོད་མེད། །
སོང་ཟེར་ན་ཤི་བདུད་ཡུལ་ལ་འགྲོ། །
ང་འདན་མ་འགྲོ་ལ་ཆས་ལེ་ཡིན། །
ང་མི་སྡོད་སེར་པོ་ཧོར་ལ་འགྲོ། །
ཧོར་སྡེ་བའི་དལ་བྲེལ་བལྟས་ནས་འོང་། །
དམག་བུ་རྟ་མང་ཉུང་བལྟས་ནས་འོང་། །
ཕོ་ལ་རྒོད་ཞན་བལྟས་ནས་འོང་། །
མདའ་ལ་སྐྱེན་ཞན་བལྟས་ནས་འོང་། །
རྟ་ལ་མགྱོགས་ཞན་བལྟས་ནས་འོང་། །
ཧོར་གུར་དཀར་བསམ་ཕུགས་ཅི་གདའ་བལྟ། །
ང་མི་འདུག་སེར་པོ་ཧོར་ལ་འགྲོ། །
ཚོ་ཆེན་ལྷ་སྡེ་དཀར་པོ་རྣམས། །
མ་མཇལ་བར་དུ་བདེ་མོར་བཞུགས། །
ཨེ་མཇལ་མི་ཤེས་བདེ་མོར་བཞུགས། །
ལས་མི་མཇལ་ཟེར་བ་དགྲ་ལ་བསྒྱུར། །
གླིང་ཚོ་ཆེན་ཐུགས་ལ་དེ་འདྲ་ཞོག །