དམངས་སྲོལ་རིག་གནས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད། འོན་ཀྱང་འགའ་ཞིག་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་རྒྱུ་ལྟ་ཞོག་དེ་ལས་ལྡོག་སྟེ་འཕེལ་རྒྱས་ཀྱི་བཀག་རྡོ་རུ་གྱུར་འདུག་པས། རྩ་བ་ནས་སམ་ཅུང་ཙམ་ཉམས་དམས་སུ་གྱུར་པའང་ཡོད་དེ། དཔེར་ན། གནའ་བོའི་དུས་སུ་རྒྱ་རིགས་ཀྱི་བུད་མེད་ཚོའི་རྐང་པ་སྡོམ་པའི་གོམས་སྲོལ་དེ་ཕལ་ཆེར་རྒྱལ་རབས་ལྔའི་དུས་སྐབས་ནས་བྱུང་སྟེ། སུང་དང་། ཡོན། མིང་བཅས་རྒྱལ་རབས་གསུམ་གྱི་དུས་རབས་སུ་རྒྱ་རིགས་བུད་མེད་མང་ཆེ་བས་ངེས་པར་དུ་བྱ་དགོས་པའི་གོམས་སྲོལ་ཞིག་རེད། དེ་ནས་ཆིང་རྒྱལ་རབས་ཀྱི་དུས་མགོར་གོང་མས་སྲོལ་ངན་དེ་ལྟ་བུ་བཀག་སྡོམ་བྱ་དགོས་པའི་བཀའ་ལུང་བསྒྲགས་ཀྱང་ཆིང་གི་དུས་མཇུག་བར་དུ་མཚམས་འཇོག་མ་ཐུབ། མིན་གོའི་རྗེས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ཉམས་དམས་སུ་སོང་བ་དང་། ཡུན་ནན་བདེ་ཆེན་ས་ཁུལ་དུ་སྔོན་ཆད་ཆུང་མ་འཕྲོག་པའི་གོམས་སྲོལ་ཞིག་ཡོད་ལ། སྐབས་དེར་མི་གསོད་དོན་རྐྱེན་མི་བྱུང་བ་ལས་གཞན་ཚོ་ཁག་གི་སྟོབས་ཤུགས་ཆེ་ཆུང་ལྟར་སྒོ་ཕྱི་ནང་དུ་ཡོད་པའི་དངོས་ཟོག་གང་ཡིན་ཐམས་ཅད་འཕྲོག་ཆོག་པའི་གཉེན་སྲོལ་དམངས་གནོད་ཅན་དེ་དེང་སྐབས་རྩ་ནས་ཉམས་དམས་སུ་སོང་བ་དང་། མཚོ་བོད་མཐོ་སྒང་དུའང་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ཡར་སྔོན་དུ་བོད་ཀྱི་སྤྱི་ཚོགས་སུ་ཤིན་ཏུ་དར་ཆེ་བའི་ཕྱུགས་ལས་ཐོན་སྐྱེད་དང་བསམ་བློའི་འཚོ་བར་གནོད་སྐྱོན་ཆེ་བའི་དམར་མཆོད་དེ། རྟ་ཕྱུགས་གསོན་པོར་བསྲེགས་པ་དང་ཁྲག་ཞག་དྲོན་མོས་མཆོད་པའི་ལྷ་གསོལ་དམར་མཆོད་ཀྱི་ཆོ་ག་དེ་ཡང་ད་ལྟ་ཤིན་ཏུ་མཐོང་དཀའ་བའོ།།
མདོར་ན། དམངས་སྲོལ་གྱི་འགྱུར་ལྡོག་ལ་རྣམ་པས་འགྱུར་བ་དང་ནང་དོན་གྱི་འགྱུར་བ། ཆ་ཤས་ཀྱིས་འགྱུར་བ་དང་ཧྲིལ་གྱིས་འགྱུར་བ་སོགས་འགྱུར་ལྡོག་གི་ཆ་ཤིན་ཏུ་མང་བ་ལྟར་འགྱུར་ལྡོག་གི་རང་བཞིན་དེའང་དམངས་སྲོལ་གྱི་ཁྱད་པར་གཙོ་བོ་ཞིག་རེད།
༡.བཟའ་བཏུང་གི་ཁྱད་ཆོས།
མིའི་རིགས་ཀྱི་བཟའ་བའམ་བཏུང་བའི་སྦྱོར་བ་ནི་ལྟོ་བ་འགྲང་ཐབས་དང་བཀྲེས་སྐོམ་སེལ་བ་ཙམ་གྱི་དོན་ཁོ་ན་ཙམ་མ་ཡིན་པར་དེས་ལུས་ཀྱི་འཚར་ལོངས་དང་གཟུགས་པོའི་བདེ་ཐང་། རྒས་སྲ་ཞིང་གཞོན་མདངས་འཛིན་པ། བཅུད་སྟེར་ཞིང་ཚེ་རིང་བ་སོགས་ཀྱི་ཡོན་ཏན་དང་དགེ་མཚན་དུ་མ་ལྡན་ཏེ། གསོ་རིག་གཞུང་དུ་བཅོས་པའི་ཐབས་ལ་སྨན་དཔྱད་ཟས་སྤྱོད་བཞི་པ་དཔྱད་ལ་འཇམ་ཚེ་འཇམ་རྩུབ་ཟས་ལ་ཕན་གནོད་གཉིས་ཞེས་བཟའ་བཏུང་ནི་ནད་བཅོས་སུ་མེད་དུ་མི་རུང་བའི་སྨན་གྱི་ཡན་ལག་ལྟ་བུར་རྒྱས་བཤད་གནང་ཡོད་ལ། མཁས་དབང་དུང་དཀར་རིན་པོ་ཆེ་མཆོག་གིས་བོད་ཟས་ཀྱི་ཁྱད་ཆོས་བརྗོད་པར་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་གཡོས་སྦྱོར་ལག་ལེན་ཐད་ལ་དམིགས་བསལ་གྱི་ཐབས་ཤེས་དང་རོ་བཅུད་བྲོ་བ་གཏན་ནས་མི་འདྲ་བ་ཞིག་ཡོད་པའི་ཐོག་འཛམ་གླིང་ས་གནས་ཁག་ནས་བོད་དུ་ཕེབས་པའི་གྲོགས་པོ་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམ་པས་བོད་ཟས་མཆོད་བཞེས་གནང་རྒྱུར་ཧ་ཅང་མཉེས་ཚོར་གནང་གི་ཡོད་ཅེས་ད་ལྟའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱི་བོད་ཟས་ཀྱི་རོ་བཅུད་བྲོ་བ་བཅས་ལ་བསྔགས་བརྗོད་མཛད་ཡོད། དེ་དག་གི་གནད་ཀྱི་གཙོ་བོན་ནི་དངོས་པོ་དག་མིན་དང་ཟ་མ་གཡོས་སྦྱོར་གྱི་རིམ་པ། མེ་འཇོག་སྟངས་ཏེ་བུད་ཤིང་དང་དེའི་འབུད་སྲོལ་སོགས་བོད་ཡུལ་གྱི་ས་སྐྱེས་རྡོ་སྐྱེས་ཡིན་མིན་ལ་རག་ལས་པའོ།།
དེ་བཞིན་བོད་ཀྱི་དཀར་ཟས་དམར་སྣུམ་ཞེས་ཡུལ་གྲུ་གཞན་གྱི་རིགས་འདྲ་ལས་རོ་བཅུད་བྲོ་བ་མི་ཞན་ཁར་ཕྱོགས་མང་པོའི་ཐད་ནས་བོད་ཀྱི་བཟའ་བཏུང་ལ་ཁྱད་འཕགས་ཀྱི་ཡོན་ཏན་མངོན་གསལ་ལྡན་ཞིང་། དེ་དག་ལས་གཙོ་བོར་གྱུར་པ་ནི་འོ་ཞོ་གཉིས་དང་ཤ་མར་ཐུད་གསུམ་ཇ་ཆང་རྩམ་གསུམ་ལས་གཞན་མ་བཏབ་སྐྱེ་དངོས་ནང་གི་གྲོ་མ་དང་སེར་ཤ་སོགས་མང་དུ་མཆིས་ལ་དེ་དང་འབྲེལ་བའི་ངག་རྒྱུན་ཡང་ཆོས་འབྱུང་དེབ་ཐེར་དག་ཏུ་ཡོད་པར་མ་ཟད། དུས་ད་ལྟའི་བར་དུ་ཞིང་ལས་མཚོན་པའི་རྩམ་པ་དང་འབྲོག་ལས་མཚོན་པའི་མར་ལོ་གཉིས་མཉམ་པོར་བཤམས་པ་ལ་ཕྱེ་མར་ཞེས་གྲགས་ཏེ་འདི་ནི་མདོ་དབུས་ཁམས་གསུམ་དང་ལྷོ་བྱང་ཞིང་འབྲོག་སོགས་ཀྱི་དབྱེ་བ་མེད་པར་བོད་རིགས་ཡིན་ཕྱིན་ཚང་མས་རྟེན་འབྲེལ་སྒོ་མོ་འབྱེད་པའི་མཚོན་བྱེད་དུ་བརྩི་བ་དང་། གྲོ་དང་གྲོ་མ་མིང་གི་ཆ་ནས་སྒྲ་འདྲ་གཟུགས་མཚུངས་ཡིན་ཕྱིར་ཁྱད་ཆོས་ལ་ཁྱད་ཆོས་བརྩེགས་ཏེ་བཀྲ་ཤིས་ཞལ་བྲོའི་ཟས་སྣར་བརྩི་ཞིང་། ཚིག་གཅིག་ཏུ་བསྡུས་ན་བོད་ཟས་ཀྱི་ཁྱད་ཆོས་གཞན་ན་མེད་པ་ནི་སྟབས་བདེ་ལ་བཅུད་ཆེ་བ་དང་ལྷད་སྐྱོན་མེད་ལ་བྲོ་བ་མི་ཞན་པའོ།།
༢. བཟའ་བཏུང་རིག་གནས་དང་འབྲེལ་བའི་སྣོད་ཆས།
(༡)དཀར་ཡོལ་དང་དེའི་སྟེང་གི་རི་མོ་སོགས།
བོད་དུ་དཀར་ཡོལ་བྱུང་ཚུལ་ལོ་རྒྱུས་ཡིག་ཚང་དུ་བཀོད་ཡོད་པ་ནི། འདུས་སྲོང་མང་པོ་རྗེའི་སྐབས་ཏེ་སྤྱི་ལོ་དུས་རབས་བདུན་པར་རྒྱལ་པོ་སྐུ་སྙུང་བའི་རྐྱེན་གྱིས་དེ་ལ་ཕན་པའི་ཇ་འཚོལ་དུ་བཏང་ནས་བོད་དུ་ཇ་ཐོག་མར་བྱུང་བ་དང་། ཇ་དེ་བཞེས་པའི་སྣོད་བཟང་པོ་དཀར་ཡོལ་བཟོ་བའི་ལག་རྩལ་མཁས་ཅན་དགོས་ཞེས་ཐང་རྒྱལ་རབས་ལ་རེ་འདུན་ཞུས་པ་ལྟར་བོད་དུ་ཇ་བཟོའི་ལག་རྩལ་མཁས་ཅན་བཏང་ནས་དཀར་ཡོལ་བོད་དཀར་བཟོས་པ་སོགས་ཞིབ་པར་རྒྱ་བོད་ཡིག་ཚང་ཆེན་མོའི་ཇ་ཡི་བཤད་པ་དང་། དཀར་ཡོལ་བརྟག་པའི་བསྟན་བཅོས་ལས་ཤེས་བར་བྱ། དེའི་གཏམ་རྒྱུད་བྱུང་བའི་བྱ་ཁར་ཇ་ལོ་འཛིན་པ་དང་། ཉས་ཆུ་ལམ་ཕྱེ་བའི་རིས། སྤང་ན་ཤ་བ་རྒྱུ་བ་སོགས་དཀར་ཡོལ་གྱི་རི་མོར་བཀོད་པ་ནི་མཚོན་དོན་ཅན་ཤ་སྟག་ཡིན། དེ་དཀར་ཡོལ་དུ་རི་མོ་བཀོད་པའི་ཁུངས་སུ་བཅོལ་ཆོག་སྙམ་པ་དང་། དེའི་ཕྱིས་སུ་བོད་ལ་དར་ཚེ་དང་ས་ཡིག་ཅན་གྱི་དཀར་ཡོལ་སྔ་གཞུག་ཏུ་བྱུང་བ་དང་། རི་མོའང་ཁྱུང་མིག་ཅན་དང་། སྦལ་མིག་ཅན། འབྲི་བརྒྱ་མ། པད་འཁོར་ཅན། འཁོར་ལོ་རྩིབས་མ་ཅན། འབྲུག་རིས་ཅན། བཀྲ་ཤིས་རྟགས་བརྒྱད་ཅན་སོགས་གཏེར་ཆས་དང་། མཆོད་ཆས། ཟས་སྣོད་སོགས་བཀོལ་སྤྱོད་ཀྱི་རིན་ཐང་མི་འདྲ་བའི་རིགས་མང་དུ་བྱུང་ཡོད།ཡང་བོད་ཀྱི་དཀར་ཡོལ་སྟེང་གི་རི་མོ་དང་། ཁ་དོག་སོགས་ལ་རིགས་རྒྱུད་དང་། ལས་རིགས། མིའི་ཐོབ་ཐང་གི་དབྱེ་བ་ཡོད་པ་སྟེ། འབྲུག་རྒྱབ་སེར་ཆེན་ཁྱུང་པོ་རིས།།རྒྱལ་པོ་རྣམས་ཀྱི་གསོལ་ཞལ་ཡིན།།བོད་ལ་སེར་སྐྱ་རྒྱ་མཚོ་རིས།།བླ་མ་རྣམས་ཀྱི་གསོལ་ཞལ་ཡིན།།བྱ་སྐྱ་ཁ་ན་ཤིང་འཁྱེར་རིས།།བློན་པོ་རྣམས་ཀྱི་གསོལ་ཞལ་ཡིན།།སྟག་རྩི་ནང་ལ་རྡོ་རྗེ་རིས།།སྔགས་པ་རྣམས་ཀྱི་གསོལ་ཞལ་ཡིན།།ས་རྩི་ནང་ལ་པདྨ་རིས།།མོ་བཙུན་རྣམས་ཀྱི་གསོལ་ཞལ་ཡིན།།དུང་ཡོལ་གཡུང་དྲུང་བྲིས་པ་དེ།།བོན་པོ་རྣམས་ཀྱི་གསོལ་ཞལ་ཡིན།།སྔོ་ཁྲ་མཐིང་གི་རི་མོ་ཅན།།བྱིས་པ་རྣམས་ཀྱི་གསོལ་ཞལ་ཡིན།། ཞེས་པ་ལྟ་བུའི་དཀར་ཡོལ་གྱི་རིག་གནས་ལ་ཤེས་རྟོགས་དང་གོ་སྟོབས་གསར་བ་བསྐྱེད་ནུས་སོ།།
(༢)རྡོ་ཆས་ཀྱི་སྣོད།
ཉེ་རབས་ཀྱི་གནའ་རྫས་རྟོག་དཔྱོད་ལས་བོད་ཡུལ་དུ་རྡོ་ཆས་གསར་པའི་རིག་གནས་ཀྱི་གནའ་ཤུལ་ཁག་ཅིག་རྙེད་ཡོད་དེ། ཆབ་མདོའི་ཁ་རུབ་གནའ་ཤུལ་དང་ཉིང་ཁྲིའི་གནའ་ཤུལ་ཁག་ཅིག། ཆོས་གོང་གྲོང་ཚོའི་གནའ་ཤུལ་བཅས་ལས་ལོ་ངོ་བཞི་སྟོང་ལྔ་སྟོང་གི་སྔོན་རོལ་དུ་བྱུང་བའི་བོད་ཡུལ་གྱི་རྡོ་ཆས་བཟོ་རྩལ་དང་རྫའི་རྒྱུ་ཆ། ཡོ་བྱད་ཀྱི་བཟོ་དབྱིབས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པ་དང་། དེ་ལས་འཐུས་ཚང་ཞིང་ཞིབ་ཚགས་ལྡན་པའི་ཡོ་བྱད་ཁག་ཅིག་ནི་གཡང་ཊིའི་སྟེའུ་གཅིག་དང་བརྐོས་བཟོས་རྡོ་གཞོང་གཅིག། རྫ་ཆས་ཀྱི་ཡོ་བྱད་ལྷུང་བཟེད་དང་། ཕོར་པ། ཁོག་ལྡིར་སོགས་ཡོད་ཅིང་། དེ་ལས་ཁག་ཅིག་བཟོ་དབྱིབས་ཆུང་ལ་སྲབ་པ་དང་ངོས་ལ་རྫ་ཆས་ཀྱི་རི་མོ་རྒྱག་ཚུལ་ཕུན་སུམ་ཚོགས་པོ་ཡོད་པ། འཇམ་འདོན་བྱས་རྗེས་རི་མོ་བརྐོས་ཡོད་པ་སོགས་ཁྱད་དུ་མཚར་བའི་རྡོ་ཆས་ཀྱི་སྣོད་མང་པོ་བྱུང་ཡོད། རྡོ་ཆས་ཀྱི་སྣོད་བཟོ་བར་རྡོ་གང་ཡིན་གྱིས་བཟོ་ཡག་པོ་མི་ཐོན་པས། བཤད་ཚུལ་དུའང་རྒྱ་ཁྲ་དང་འཕྱོངས་རྒྱས་ཀྱི་རྡོ་ཆས་ཅ་ལག་ཅེས་མིང་གྲགས་ཡོད་པ་དང་། སྣོད་དེ་དག་གི་ཁྱད་ཆོས་གཙོ་བོ་ནི། དྲོད་འཛིན་ཡུན་རིང་བ། བྲོ་བ་ཞིམ་པའོ།།
(༣) ཤིང་ཆས་ཀྱི་སྣོད།
རྒྱུ་ཤིང་ལས་བྱས་པའི་ཅ་ནེ་དང་ཁེམ་བུ། གཞོང་བ། སྡེར་མ། མདོང་མོ། ཟོ་བ། ཁོ་ལ། རྫང་ངམ་སྦྱང་སོགས་བཟོ་དབྱིབས་དང་ཆེ་ཆུང་འདྲ་མིན་མང་པོ་ཡོད་ལ། ཅ་ནེ་གཅིག་པོ་ལའང་སྟག་ཅན་དང་ཆང་ཅན། དངུལ་ཅན་ལྟ་བུ་ཡོད། སྣོད་དེ་རྣམས་ནི་བཟོ་ལེགས་ཤིང་སྤུས་བཟང་ལ། འཁྱེར་བདེ་བ། བྲོ་བ་མི་ཡལ་བ། ཚ་ཕྱིར་མི་རྒྱས་པ་སོགས་ཀྱི་ཁྱད་ཆོས་ལྡན་ནོ།།
(༤)རུས་ཆས་ཀྱི་སྣོད།
རུས་ཆས་ཀྱི་སྣོད་ནི་གཙོ་བོ་ཀ་པཱ་ལ་དང(ཐོད་ཀོར་མཆོད་སྣོད་སོགས་བཀོལ་ན་བྱིན་རླབས་འཇུག་སྐྱེན་པ) འབྲོང་རྭ། བ་སོའི་སྣོད་ཅ་ལག་ལྟ་བུ་དག་ཡིན་ལ། འབྲོང་རྭས་བཟོ་བའི་སྣོད་དུ་འོ་མ་བཞོ་བ་དང་། དཔའ་ཆང་དང་གཉེན་ཆང་འདྲེན་བྱེད་དུ་སྤྱོད་པའང་མཐོང་ངོ་།།
(༥)གསེར་དངུལ་ཟངས་ལྕགས་ཀྱི་སྣོད།
ཉེ་རབས་ཀྱི་གནའ་རྫས་རྟོག་དཔྱོད་ཀྱི་འབྲས་བུ་ལས་ཤེས་རྟོགས་ཐུབ་པ་ནི། བོད་དུ་ལོ་ངོ་ཉིས་སྟོང་བདུན་བརྒྱའི་ཡར་སྔོན་ནས་ཟངས་ལྕགས་བཙོ་སྦྱངས་ཀྱི་ལག་རྩལ་དར་བ་ཙམ་མ་ཟད། ལྷ་ས་ཆོས་གོང་གནའ་ཤུལ་ནས་ཐོན་པའི་ཟངས་ཀྱི་མེ་ལོང་ལྕགས་ཀྱི་ཡུ་བ་ཅན་དེས་ཟངས་ལྕགས་ཚ་ལས་སྦྱོར་མཐུད་ཀྱི་ལག་རྩལ་བྱུང་ཡོད་པའི་བདེན་དཔང་རྙེད་ཡོད་པ་དང་།
ཡང་ཕྱིས་སུ་བྱུང་བའི་བཙན་པོའི་དུས་སྐབས་ཀྱི་གསེར་གྱི་བུམ་པ་གཡུ་ཡི་ཕྲ་རྒྱན་ཅན་བཟོ་ཁྱད་དུ་འཕགས་པ་དེས་མཚོན་པའི་ཡོ་བྱད་དེ་དག་ལས་གནའ་བོའི་བོད་ཀྱི་ལྕགས་རིགས་བཙོ་སྦྱངས་ཀྱི་ལག་རྩལ་ཤིན་ཏུ་མཐོན་པོར་སླེབས་ཡོད་པ་མཚོན་གྱི་ཡོད། ཡང་དུས་ཕྱིས་སུའང་བཟོ་ལས་ཀྱི་སྒྲིག་གཞི་དང་ལྕགས་རིགས་བཞུ་སྦྱངས་ཀྱི་ལག་རྩལ་མ་ཉམས་པར་རྒྱུད་འཛིན་བྱས་ཡོད་དེ། དཔེར་ན། རྒྱལ་དབང་ལྔ་པའི་སྐུ་དུས་སུ་བཟོ་རིགས་ཁོངས་སུ་ལག་རྩལ་མཐོ་དམའི་གོ་རིམ་གྱི་དྲུང་ཏོག་གདན་ཐོབ་ཡོད་པའི་དབུ་ཆེ་ཆུང་སོགས་རིམ་པ་ཡོད་ཅིང་། ལག་ཤེས་བཟོ་ལས་ཁོངས་གསེར་དངུལ་ཟངས་ལྕགས་ཀྱི་ལུགས་པ། དཀྲུག་པ། ལྕགས་དཀྲོལ། ཧྲོབ་ཚགས། འཇམ་ཚགས། གསེར་དངུལ་ཏིར་ཚགས་སོགས་མདོར་ན་གསེར་དངུལ་ཟངས་ལྕགས་ཀྱི་བོད་ལུགས་མཁོ་ཆས་མ་ཚང་བ་མེད་པ་བཟོ་སྐྲུན་བྱེད་ཐུབ་པའི་ལག་རྩལ་མི་སྣ་མཁས་ཅན་བརྒྱ་ཕྲག་ཁ་ཤས་བསྐངས་ནས་བཟོ་ལས་ཀྱི་སྒྲིག་གཞི་བཙུགས་ཤིང་། རྒྱལ་དབང་བདུན་པའི་སྐུ་དུས་སུ་བཟོ་ལས་ཀྱི་ཚོགས་པ་བཙུགས་ནས་དེར་འདོད་འཇོའི་དཔལ་འཁྱིལ་ཞེས་མིང་བཏགས་ཡོད་པ་ལྟ་བུའོ།།
ད་ལྟ་དུས་རྒྱུན་འཚོ་བའི་ནང་བེད་སྤྱོད་གཏོང་བཞིན་པའི་ཟངས་ལྕགས་ཀྱི་སྣོད་རིགས་ལ། ལྷུང་བཟེད། བུམ་པ། ཁྲུང་བན། ཏིང་། ཏིང་ཕོར། ཁོག་ལྡིར། ཇ་དེམ། ཀ་ཏོ་ར། ཟངས་སྡེར། ཟངས་གཞོང་། ཁྲོ་ཟངས། (ཚོགས་ཁྲོ། ཇ་ཁྲོ། ཐུག་ཁྲོ། དཀྱིལ་ཁྲོ།) འཁར་ཟངས། ཟངས་ཁོག། ཟངས་ཚགས། ཟངས་རྐྱན། བག་སླང་། ཁེམ་བུ། ཐ་སྤག། ཆུ་ཟངས་སོགས་ཡོད་ལ། གསེར་དངུལ་གྱི་སྣོད་ཆས་ནི། འདོད་ཡོན་གྱི་མཆོད་པ་འབུལ་བྱེད་དང་། རྒྱལ་བློན་བླ་དཔོན་རྣམས་ཀྱི་སྨན་དུག་བརྟག་དཔྱད་ཀྱི་ཡོ་བྱད་སོགས་སུ་སྤྱོད་ཆེ། དབྱིབས་དང་ཁ་དོག་རིས་བཅས་ནི་སྣ་ཚོགས་སུ་ཡོད་དོ། །
༣.བཟའ་བཏུང་ཞིབ་འཇུག།
ང་ཚོས་བཟའ་བཏུང་ལོངས་སུ་སྤྱོད་པ་དང་མཚུངས་སུ་དེའི་བྱུང་བ་ཤེས་པ། དེའི་ཡོན་ཏན་རྟོགས་པ། དེའི་ཁྱད་ཆོས་ལ་ངེས་པ་ཡོད་པའི་ཁར་མ་འོངས་ལེགས་བཅོས་ཀྱི་ཐད་ལའང་བསམ་གཞིག་ཡག་པོ་གཏང་དགོས། ང་ཚོས་ཞིབ་འཇུག་གི་གོ་རིམ་ཁྲོད་ནས་གཤམ་གསལ་གྱི་གནད་དོན་འགའ་ལ་དོ་སྣང་བྱ་དགོས་སྙམ་སྟེ།
(༡)ཐོག་མར་བཟའ་བཏུང་གཡོས་སྦྱོར་གྱི་གྲ་སྒྲིག་གོ་རིམ་དང་བར་གྱི་ལས་སྣོན་བྱེད་སྟངས་མཐའ་མ་ལོངས་སུ་སྤྱོད་སྟངས་བཅས་ལ་ཞིབ་འཇུག་དགོས་པར་མ་ཟད། དེ་བས་ཀྱང་བྱེ་བྲག་གི་ཆ་སྟེ་ཅི་ཞིག་སྤྱོད་པ་དང་དུས་ནམ་ཞིག་ལ་སྤྱོད་པ། བྲོ་རྫས་སྡེབ་སྦྱོར་བྱེད་སྟངས། རྟེན་འབྲེལ་དང་མཚོན་དོན་བཅས་ལ་ཞིབ་འཇུག་བྱས་ན་ད་གཟོད་བཟའ་བཏུང་གི་ཁྱད་ཆོས་དང་དགེ་ཕན། མི་འདང་ས་བཅས་ཤེས་ཐུབ་ལ་ཕྱི་ཕྱོགས་ཀྱི་ལེགས་བཅོས་དང་འཛིན་སྐྱོང་སྤེལ་གསུམ་གྱི་གནད་ཀྱང་འཆོལ་མི་སྲིད་སྙམ།
(༢)བཟའ་བཏུང་གི་ཆོ་ག་སྤེལ་སྟངས་དང་ཆོས་ལུགས་ཀྱི་ནང་དོན་འཛེམ་འཛི་ཡི་ཆ་དག་ལ་ཞིབ་འཇུག་བྱས་ནས་ཕྱིས་སུ་འགྲོ་གྲོན་དམའ་བའི་བདེ་ཐང་གི་སྟབས་བདེའི་ཟས་རིགས་ཀྱི་སྣ་ཁ་ཅུང་འཛོམས་པོ་ཡོང་ཐུབ།
(༣)སྡོད་ཁང་ནང་གི་ཇ་ཁང་དང་ཐབ་ཀྱི་འཁོར་ཕྱོགས། ཐབ་ཆས། གསོལ་ཆས། བཟའ་བཏུང་རོལ་དུས་ཀྱི་གྲལ་ལ་འཁོད་སྟངས་ལ་ཞིབ་འཇུག་བྱས་ནས་མི་ཁྱིམ་དེ་དང་ཡུལ་གྲུ་དེའི་འཚོ་བའི་ཆུ་ཚུད་དང་ཆོས་ལུགས་དད་མོས། དཔེ་སྲོལ་གུས་ལུགས་སོགས་རྟོགས་ཐུབ་ལ་རྗེས་ཕྱོགས་ཀྱི་དུས་བསྟུན་བཅོས་བསྒྱུར་ལའང་རྨང་གཞི་ལེགས་པོ་ཞིག་བསྐྲུན་ཐུབ་བོ།།