ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པ་གཙོ་སྐྱོང་གནང་སྟེ།
རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པ་གཙོ་སྐྱོང་གནང་བ་མ་ཟད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་གནད་དོན་ལ་ཞིབ་འཇུག་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་རྨང་གཞིའི་སྒྲིག་བཀོད་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་དང་། གྲུབ་ཆ། ནུས་པ། འཕེལ་རྒྱས་བཅས་ཀྱི་བྱེད་ཐབས་ལེགས་སུ་གཏོང་བ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་སྐྲུན་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་ནི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་གི་དགོངས་དོན་ལ་གོ་བ་ཡང་དག་བླངས་ནས་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། གནད་དོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས། ཇུས་འགོད་ཞིབ་ཚགས་དང་སྤྱི་ཡོངས་མཐུན་སྦྱོར། གནད་སྨིན་ངང་ཞན་ཆ་སེལ་བ་དང་ཞན་ཆའི་རྣམ་གྲངས་སྟོབས་ཆེར་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་དང་། གྲུབ་ཆ། ནུས་པ། འཕེལ་རྒྱས་བཅས་ཀྱི་བྱེད་ཐབས་ལེགས་སུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་ལག་སྐྲུན་པ། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས། བདེ་འཇགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས། ཕུགས་ལ་གཞི་ཚུགས་ནས་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཀྱིས་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་དང་། ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་བཅས་ལ་འདེགས་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་མགྱོགས་མྱུར་བསྐྲུན་ནས་སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་མཐོ་རུ་གཏོང་དགོས། ཚད་བརྒལ་འོས་འཚམ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་ཕན་པའི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག་ཚད་བརྒལ་འཛུགས་སྐྲུན་གྱི་མྱུར་ཚད་སྟངས་འཛིན་ཡག་པོ་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤྱོད་ཡུན་གྱི་དུས་འཁོར་ཧྲིལ་པོར་གཞི་ཚུགས་པ། རིགས་ཁག་གི་རྨང་གཞིའི་སྒྲིག་བཀོད་བཀོད་པ་སྤྱི་འདོམས་བཅས་བྱས་ནས་ཕན་ཚུན་སྦྲེལ་མཐུད་དང་། མཉམ་སྐྲུན་མཉམ་སྤྱོད། མཐུན་སྦྱོར་མཉམ་འགུལ་བཅས་ཡོང་བ་བྱེད་དགོས། ཕྱོགས་མང་མཉམ་འགུལ་བྱས་ནས་སྲིད་གཞུང་དང་ཁྲོམ་ར་དང་། ཀྲུང་དབྱང་དང་ས་གནས། གཞུང་ཁོངས་མ་རྩ་དང་སྤྱི་ཚོགས་མ་རྩ་བཅས་ཀྱི་ཕྱོགས་མང་ནུས་པ་འདོན་སྤེལ་བྱས་ཏེ་རིམ་དབྱེ་རིགས་དབྱེའི་ངང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཕན་འབྲས་ལ་གཙིགས་ཆེན་བྱས་ཏེ་དཔལ་འབྱོར་ཐད་ནས་བསམ་བློ་གཏོང་བ་དང་ཕྱོགས་བསྡུས་ཐད་ནས་ཀྱང་བསམ་བློ་བཏང་ནས་རྨང་གཞིའི་སྒྲིག་བཀོད་སྤྱོད་ཡུན་གྱི་དུས་འཁོར་ཧྲིལ་པོའི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་དྲ་སྦྲེལ་རྣམ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དྲ་སྦྲེལ་དང་། དྲ་གསབ། འབྲེལ་མཐུད་བཅས་འཛུགས་སྐྲུན་གཙོ་གནད་དུ་བརྩིས་ནས་དྲ་རྒྱའི་ཕན་འབྲས་ཆེ་རུ་འགྲོ་བར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་གཙོ་བོའི་སྒྲོམ་གཞི་མགྱོགས་མྱུར་སྐྲུན་པ་དང་མཚོ་རྒྱུད་དང་ནང་ཁུལ་ཆུ་བོའི་གྲུ་ཁའི་གྲུ་ལམ་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་ཀྱི་ཆུ་ཐོག་སྐྱེལ་འདྲེན་སྒྲིག་བཀོད་དྲ་བ་ལེགས་འགྱུར་དང་རིམ་སྤོར་བྱེད་དགོས། ཀུན་ཁྱབ་རྣམ་པའི་རིག་ནུས་གློག་དྲ་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་ནུས་རྒྱུའི་རྟེན་གཞི་གསར་པ་ཁག་གཅིག་སྐྲུན་པ། སྣུམ་རླངས་མདོང་ལམ་དྲ་བ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་ཆུ་འདྲེན་དྲ་བའི་སྒྲོམ་གཞི་གཙོ་བོ་མགྱོགས་མྱུར་བསྐྲུན་ནས་ཆུ་ཁུངས་དང་། ཞིང་ཆུ་འདྲེན་ཁུལ། ཆུ་ལོག་གསོག་ཁུལ་བཅས་འཛུགས་སྐྲུན་དང་དེང་རབས་ཅན་གྱི་སྒྱུར་བཀོད་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས། ཆ་འཕྲིན་དང་། ཚན་རྩལ། ཟོག་འགྲེམས་སོགས་ཐོན་ལས་རིམ་སྤོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རབས་གསར་པའི་རིམ་འདས་རྩིས་རྒྱག་དང་། སྤྲིན་ཚོམ་རྩིས་རྒྱག མི་ཐབས་རིག་ནུས་ལས་སྟེགས། དྲ་ཆེན་གྱི་རྨང་གཞིའི་དྲ་བ་སོགས་སྒྲིག་བཀོད་བཀོད་སྒྲིག་དང་འཛུགས་སྐྲུན། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་བཀོད་སྒྲིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བ་དང་དེ་བཞིན་འདུས་འགྲེམས་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཟུར་ལམ་གནམ་ཐང་དང་། མཉམ་སྤྱོད་གནམ་ཐང་། ཟོག་འདྲེན་གནམ་ཐང་བཅས་ཁག་གཅིག་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ཁའི་ཆུ་བེད་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་པར་ཤུགས་སྣོན་རྒྱག་པ། “གྲོང་གསེབ་ཀྱི་ལམ་ཡག་པོ་བཞི”སྐྲུན་པར་བརྟན་པོའི་ངང་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲང་ཕྲེང་ཟོག་འགྲེམས་སྒྲིག་བཀོད་མགྱོགས་མྱུར་སྐྲུན་པ། གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་འདུ་འགོད་ལག་བསྟར། གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་བསྡུ་རུབ་དང་གཙང་སེལ་སྒྲིག་བཀོད་སྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཛ་དྲག་གི་གནས་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། ཁྱབ་ཁོངས་ཁག་དང་ས་ཁུལ་ཁག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་འཆར་འགོད་དང་འཛུགས་སྐྲུན་སྤྱི་འདོམས། ས་ཆ་དང་། རྒྱ་མཚོ། ནུས་རྒྱུ་སོགས་ཀྱི་ཐོན་ཁུངས་སྤྱོད་པའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་དངུལ་བསྡུ་བ་དང་འཁོར་རྒྱུག་གི་དགོས་མཁོ་དང་འཚམ་པར་བྱས་ཏེ། དུས་ཡུན་རིང་པོའི་མ་དངུལ་གྲབས་གསོག་ཐབས་ལམ་རྒྱ་སྐྱེད་དང་ནོར་སྲིད་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་གྱི་མ་དངུལ་དགོས་མཁོ་དེ་བས་གཅིག་སྡུད་ངང་འགན་ལེན་ཡག་པོ་ཐུབ་པར་བྱེད་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་ཐབས་ཚད་ལྡན་ངང་འཕེལ་རྒྱས་དང་མངོན་གསལ་འཁོར་སྐྱོད་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་གྲོང་ཁྱེར་གྱི་སྒྲིག་བཀོད་མ་འཇོག་གཉེར་སྐྱོང་ནང་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་ལག་རྩལ་གྱི་རང་རྟེན་ཚོད་འཛིན་ཆོག་པའི་ཆུ་ཚད་མཐོ་རུ་གཏོང་དགོས། གཞི་ཁྱོན་ཆེ་བའི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་དང་། ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ། ལག་རྩལ་བྱང་ཆུབ་པའི་བཟོ་བཀོད་པ་འབོར་ཆེན་གསོ་སྐྱོང་བཅས་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་སྤྱི་འདོམས་བྱས་ནས་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་ཉེན་ཁ་གལ་ཆེན་སྔོན་དཔག་དང་སྔོན་བརྡ་གཏོང་བའི་ནུས་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཁ་གཏད་གཅོག་པའི་སྔོན་ཇུས་དང་དེ་བཞིན་སྤྱོད་གོ་ཆོད་པའི་ཞིབ་ཕྲའི་བྱེད་ཐབས་སྤྱོད་ཐུབ་པར་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་དགོངས་དོན་ལ་གོ་བ་ཡང་དག་བླངས་ཏེ་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་ཧུར་ཐག་བཞག་ནས་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཚོད་སྐོར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་དོ་མཉམ་ཡོང་བ་དང་གནད་དོན་ཡོད་ན་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། ལག་བསྟར་དོན་འཁྱོལ་གྱི་ཕན་ནུས་རང་བཞིན་ཆེ་རུ་བཏང་ནས་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཕྱོགས་ཁག་གི་ལག་བསྟར་དོན་འཁྱོལ་ཕན་འབྲས་ལ་གདེང་འཇོག་བྱེད་དགོས། ཁྲོམ་རའི་སྔོན་དཔག་ལ་ཁྲིད་སྟོན་ཡག་པོ་བྱས་ཏེ་སྲིད་ཇུས་ཀྱི་སྟོན་ཕྱོགས་དང་རྩ་དོན་གསལ་བཤད་བྱས་ནས་ཁྲོམ་རའི་ཡིད་ཆེས་བརྟན་དུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་ཕན་འབྲས་འདྲི་རྩད་བྱས་ཏེ་ལག་བསྟར་དོན་འཁྱོལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།