༄༅།། བདུད་རྩི་ལྔ་ལུམས་ཀྱི་སྐོར་ལ་ཅུང་ཟད་དཔྱད་པ།

ལེགས་དགའ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-06



ལེགས་དགའ།
སྨན་སྦྱོར་གྱི་སྐོར།
        བདུད་རྩི་ལྔ་ཞེས་པ་དེ་གང་དང་གང་ཡིན་ཞེ་ན། ཀུན་གསལ་སྣང་མཛོད་ལས། བ་ལུ་མི་ཡི་བདུད་རྩིས་ལྤགས་མཉེན་བྱེད། །ཤུག་པ་ལྷ་ཡི་བདུད་རྩི་ཡོན་ཏན་མང་། །མཚེ་ལྡུམ་བཙན་གྱི་བདུད་རྩིས་ལུས་ཟུངས་བརྟས། །འོམ་བུ་ཀླུ་ཡི་བདུད་རྩིས་རུས་དུག་འབྱིན། ། མཁན་སྐྱ་སྡེ་བརྒྱད་བདུད་རྩིས་འབྱུང་བ་སྙོམས། །ཞེས་དང་། དྲང་སྲོང་ཞལ་ལུང་ལས། སྤང་གི་བདུད་རྩི་བ་ལུ་དང་། ཉིན་གྱི་བདུད་རྩི་ཤུག་པ། སྲིབ་ཀྱི་བདུད་རྩི་མཚེ། ཆུའི་བདུད་རྩི་འོམ་བུ། སའི་བདུད་རྩི་མཁན་སྐྱ། ཞེས་གསུངས་པ་ལྟར་དུ། བ་ལུ་དང་། ཤུག་པ། མཚེ། འོམ་བུ། མཁན་སྐྱ་བཅས་འདི་ལྔ་པོ་ཡིན་པ་ཀུན་གྱིས་བཞེད་པར་གཅིག་ཏུ་མཐུན་པ་ཞིག་ཡིན། རབ་ན་བ་ལུའི་མེ་ཏོག་སྟེ། སྡེ་དགེ་སོགས་ཕལ་ཆེ་བའི་ཡུལ་སྐད་དུ་སུ་དཀར་ཞེས་པ་དེ་ཡིན། ཤུག་པའི་ལོ་མ། འགའ་ཤས་ཀྱི་ཤུག་པ་ཚེར་ཅན་དགོས་པ་གསུངས་ཤིང་དངོས་སུ་ལག་ལེན་བྱེད་པ་ཡང་མང་། ཡང་འགའ་ཤས་ཀྱིས་རྒྱ་ཤུག་ལེབ་མོའི་ལོ་མ་ཡིན་པར་བཞེད་དེ། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས་རྒྱ་ཤུག་ལེབ་མོ་བཤད་པའི་སྐབས་སུ། ལོ་མ་ནི་བདུད་རྩི་ལྔའི་ཡ་གྱལ་ཏེ་སྔོ་ཆོལ་བྱས་པའི་ལུམས་ཀྱིས་མཁལ་སྐེད་གྲང་བའི་ནད་དང་། ཡན་ལག་རེངས་འཁུམས་སེལ། ཆུ་སེར་སྐེམ། ཞེས་འཁོད་པ་ལྟར་རོ། །ཡང་གཅིག་བཤད་ན་ཤུག་པ་འདི་དག་དབྱེ་བ་དང་བཞེད་ཚུལ་མི་མཐུན་པ་མང་ཡང་དོན་དུ་གང་ཞིག་ཡིན་ཡང་ཁྱད་པར་ཆེར་མེད་པ་སྣང་སྟེ། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། གཞན་ཡང་སྐྱེ་ཚུལ་ཅུང་ཟད་མི་འདྲ་བའི་ཤུག་རིགས་མང་ཡང་དོན་དུ་རོ་ནུས་མཚུངས་པས་ཤུག་པ་རང་གི་ཁོངས་སུ་གཏོགས་པའོ། །ཞེས་གསུངས་ཡོད། མདོར་ན་གོང་དུ་བཤད་མ་ཐག་པའི་སྨན་སྣ་ལྔ་པོ་དེ་ཉིད་ལ་བདུད་རྩི་ལྔ་ཞེས་བྱ་ཞིང་། དེ་ཉིད་སྨན་དུ་སྦྱོར་ཐབས་ནི་དཔེར་ན། འབྲུ་སྤུས་དག་རྒྱ་མ་ཉི་ཤུ་ལ་ཆུས་ནུབ་ཙམ་བླུགས་ཏེ་ཞག་མ་གཅིག་ལ་ཁྲོ་ཡི་སྣོད་ནང་དུ་སྦངས་ནས་ཕྱི་ཉིན་དེ་བསྐོལ་རྗེས་སུ་ཆུ་ཡང་ཡང་གསབ་ནས་ཆུ་ཚོད་གཉིས་རིང་རྒྱུན་མཐུད་དེ་ཆང་བཙོ་བ་ལྟར་བཙོ་བ་དང་བསྟུན་ནས་ལུམས་སྨན་བདུད་རྩི་ལྔ་བོ་རྒྱ་མ་བཅུ་ཆུ་ལ་སྦངས་དགོས། འབྲུ་སྦོས་ནས་ཚོས་རྟགས་བྱུང་བའི་རྗེས་སུ་མདང་ནུབ་ནས་སྦངས་བཞག་ཡོད་པའི་བདུད་རྩི་ལྔའི་ལུམས་སྨན་རྒྱ་མ་བཅུ་བོ་དེ་དེ་དང་མཉམ་དུ་འདྲེས་པར་བསྲེས་རྗེས་ཁུ་བ་རང་འཐིམས་མ་རེད་ཀྱི་བར་དུ་འཚིག་མ་ཤོར་བ་བྱེད་ནས་བཙོ། དེ་ནས་སྨྱུག་གཟེར་རམ་ཡང་ན་རས་དཀར་གཙང་མ་གཙང་རྐྱང་ཞིག་གི་སྟེང་དུ་བརྡལ་ཏེ་གྲང་བསངས་བཏང་བའི་ཐོག་ཏུ་དྲོད་འཇམ་ཙམ་ལ་ཐོན་དུས་ཕབས་སྲང་ལྔ་རྒྱབ་ནས་ཆང་བསྙལ་བ་ལྟར་དྲོ་ས་ལ་བསྙལ་དགོས། དེ་ནས་ཆང་དང་སྨན་གྱི་དྲི་ཞིམ་པ་དང་སྟེང་དུ་བད་སྐྱ་ལྟ་བུ་ཞིག་ཆགས་པ་སོགས་བྱུང་ན་ལུམས་ལེགས་པར་ལངས་པའི་རྟགས་ཡིན་པས་ཚུར་བླངས་ནས་ཆང་བསིངས་པ་ལྟར་ཐེངས་མ་བཞི་སྣོད་སོ་སོའི་ནང་དུ་བཙགས་དགོས། དེའི་རྗེས་སུ་ཐེངས་དང་པོ་བཙགས་པ་དང་ཐེངས་བཞི་པ་བཙགས་པའི་སྨན་ཆུ་གཉིས་མཉམ་དུ་བསྲེས་ཤིང་། གཉིས་པ་དང་གསུམ་པ་གཉིས་མཉམ་དུ་བསྲེས་ནས་ཉར་ཚགས་བྱེད་པའི་སྣོད་ནང་དུ་བླུགས་ཏེ་ཁ་དམ་པོར་བསྡམ་ནས་རླངས་པ་དང་སྨན་ནུས་ཕྱི་ལ་མི་ཤོར་བར་བཟོ་དགོས་པ་ཡིན་ནོ། །བདུད་རྩི་ལྔ་ལུམས་ཀྱི་མིང་གི་རྣམས་གྲངས། མྱ་ངན་མེད་ལྔ་དང་། འཆི་མེད་ལྔ། འབྱུང་ལྔའི་བཅུད་བཅས་མིང་གི་རྣམ་གྲངས་སུ་གསུངས་པའང་མཆིས་ཏེ། སྔོ་འབུམ་སྨན་གྱི་གཏེར་མཛོད་ལས། མྱ་ངན་མེད་ལྔ་འཆི་མེད་ལྔ། འབྱུང་ལྔའི་བཅུད་དང་བདུད་རྩི་ལྔ། །བ་ལུ་ཤུག་མཚེ་མཁན་འོམ་བུ། །དེ་དག་མིང་གི་རྣམ་གྲངས་ཡིན། །ཞེས་གསུངས་པ་ལྟར་རོ། །

བདུད་རྩི་ལྔ་ལུམས་བྱེད་རུང་བ།
        བདུད་རྩི་ལྔ་ལུམས་བྱེད་དུ་རུང་བ་ནི། རྒྱུད་བཞི་ལས། རུང་བ་ཡན་ལག་རེངས་འཁུམས་ཞ་བ་དང་། །འབྲས་དང་ལྷོག་པ་རྨ་རྙིང་རྨ་གསར་སྐྲངས། །ཚབས་དང་སྒུར་པོ་ཤ་རུས་ཆུ་སེར་གཡོས། །རླུང་ནད་མ་ལུས་ཀུན་ལ་བསྔགས་པ་ཡིན། །ཞེས་གསུངས་པ་ལྟར། སྤྱིར་ལུམས་བྱ་རུང་བའི་ནད་གཞི་ནི། རྐང་ལག་གི་ཆུ་རྒྱུས་རེངས་པའམ། འཁུམས་པ། ཞ་བ། རྩ་དཀར་གྱི་ནད། ཤ་འབྲས། རུས་འབྲས། རྩ་འབྲས་སོགས་འབྲས་ནད་དང། ལྷོག་པ། རྨ་གསར་རྙིང་སྐྲངས་པ། བུད་མེད་ཀྱི་ཚབས་ནད། རྒལ་ཚིགས་བུད་པ་ཞེས་ལུས་རྒུར་པོར་གྱུར་པ། རྐང་ལག་དང་རུས་ཚིགས་ལ་ན་ཟུག་རྒྱག་པ། ཤ་དང་པགས་པ་རུས་པའི་ཚིགས་བར་སོགས་སུ་ཆུ་སེར་གཡོས་པ། དུག་ཚད་རྙིང་པ་དང་། ཚད་རྙིང་རུས་ལ་ཞེན་པ། རླུང་ནད་སྤྱི་དང་ཁྱད་པར་དུ་ད་རྒན་དང་། ཕྱོགས་གཅིག་གུག་པ། གཞོགས་ཕྱེད་སྐམས་པ། ལུས་ཀུན་སྐམས་པ། ཤིང་རེངས། དཔུང་འཇའ། བི་ཤ་ཙེ། དྲེག་དང་གྲུམ་བུ་སོགས་མདོར་ན་རླུང་གི་ནད་དང་གྲང་བའི་ནད་སོགས་ལ་བདུད་རྩི་ལྔ་ལུམས་འདི་ཉིད་མཆོག་ཏུ་བསྔགས་པ་ཡིན་ཞིང་། གཞན་ཡང་གྲང་བས་རྐྱེན་པའི་ཆུ་སེར་གྱི་ནད་ལ་སྤོས་དཀར་དང་སོ་མ་རཱ་ཛ། ཐལ་ཀ་རྡོ་རྗེ་བཅས་ཆུ་སེར་གྱི་སྨན་གསུམ་སོགས་ཁ་ཚར་གདབས་ནས་ལུམས་སུ་ཞུགས་པ་སོགས་དེ་དང་རིགས་མཐུན་གྱིས་གཞན་ལ་ཡང་ཁ་ཚར་འདེབས་ན་ཕན་ཐོག་ལྷག་ཏུ་ཆེ་བ་ཡིན་ནོ། །

བདུད་རྩི་ལྔ་ལུམས་བྱེད་མི་རུང་བ།
        བདུད་རྩི་ལྔ་ལུམས་བྱེད་དུ་མི་རུང་བ་ནི། རྒྱུད་བཞི་ལས། མི་རུང་རིམས་འཁྲུགས་ཚ་རྒྱས་སྐྱ་རྦབ་དང་། །ཉམ་ཆུང་དང་ག་འགགས་ལ་སྤང་བར་བཤད། །མིག་དང་མཁུར་ཚོས་དྲེག་བཞི་རླིག་པ་དང་། །ལྟོ་བ་སྙིང་གའི་གནས་སུ་ལུམས་མི་རུང་། །ཞེས་གསུངས་ལྟར། །བལ་ནད་དང་། འབྲུམ་བུ། བེ་གེ། རྒྱུ་གཟེར། གག་པ། ལྷོག་པ། ཆམ་པ་སོགས་རིམས་ནད་སྣ་ཚོགས་དང་། སྤྱོད་ལམ་གྱི་དབང་གིས་འཁྲུགས་པའི་ཚ་བ་སྟེ་རྒྱས་འཁྲུགས་དང་། སྟོངས་འཁྲུགས། འཇམ་འཁྲུགས་བཅས་འཁྲུགས་ཚད་ཀྱི་རིགས་དང་། མ་སྨིན་པའི་ཚ་བ་དང་། རྒྱས་ཚད། སྟོངས་ཚད། གབ་ཚད། རྙོགས་ཚད་སོགས་ཚ་བའི་ནད་རིགས་ཤིན་ཏུ་རྒྱས་པ་དང་། དེ་བཞིན་སྐྱ་རྦབ་དང་། འོར་དང་། དམུ་ཆུ་སོགས་དང་། ལུས་ཞན་ཞིང་ཉམ་ཆུང་བས་ལུམས་ཀྱི་དཔྱད་བཅོས་མི་ཐེག་པ། མ་ཞུ་གྲང་བའི་ནད་ཀྱིས་དང་ག་འགགས་པ། ཁྲག་ཤེད་མཐོ་བ་དང་། བུད་མེད་སྦྲུམ་མ། བུད་མེད་ལ་ཟླ་མཚན་འབྱུང་བཞིན་པའི་དུས། ཕྲུ་གུ་སྐྱེས་མ་ཐག་པ་དང་། སྙིང་མི་བདེ་བའི་དུས། ལུས་སྟེང་དུ་རྨ་ཁ་ཡོད་པའི་དུས་སོགས་ལ་ངེས་པར་དུ་བདུད་རྩི་ལྔ་ལུམས་འདི་ཉིད་བསྟན་མི་རུང་ངོ་། །ད་དུང་དེས་མ་ཚད་པར་མིག་གཉིས་ཀྱི་ཕྱི་དང་ནང་། མཁུར་ཚོས་གཉིས། དྲེག་བཞི་སྟེ་རྐང་པའི་མཐེ་བོང་གཉིས་དང་ལག་པའི་གྲུ་མོ་གཉིས། རླིག་པ། ལྟོ་བ། ཁྱད་པར་དུ་ཕོ་བ་རྒྱུ་ལོང་གི་ཡུལ། སྙིང་ག་བཅས་ལ་བཅིང་ལུམས་བྱེད་དུ་མི་རུང་ཞིང་། ཆུ་ལུམས་ཡང་གནས་དེ་དག་ལ་ཡུན་རིང་དུ་བསྟེན་མི་རུང་བར་བཤད་དོ། །

བདུད་རྩི་ལྔ་ལུམས་བྱེད་ཐབས།
        བདུད་རྩི་ལྔ་ལུམས་འདི་ཉིད་བྱེད་པའི་ཚེ་ན། སྤྱིར་དེང་སྐབས་འཚོ་བར་འཕེལ་རྒྱས་ཆེན་པོ་སོང་བར་བརྟེན་ནས་བདུད་རྩི་ལྔ་ལུམས་བྱེད་སའི་སྣོད་སོགས་ཧ་ཅང་སྟབས་བདེ་ཅན་དུ་སོང་ཡོད་པ་ཡིན། ཁྲུས་གཞོང་གི་ནང་དུ་ཆུ་ཡི་དྲོད་ཚད་མིའི་ལུས་ཕུང་གིས་བཟོད་པ་ཙམ་ཞིག་བྱ་ཞིང་དེའི་ནང་དུ་བདུད་རྩི་ལྔའི་ལུམས་སྨན་བཏབས་རྗེས་ནད་པ་དེ་རུ་ཉལ་ནས་མགོ་ཕྱིར་བུད་པ་བྱེད་དགོས་པ་ཡིན། ཡིན་ནའང་ཡན་ལག་རྐང་པ་ཁོ་ན་སོགས་ལ་བདུད་རྩི་ལྔ་ལུམས་བྱེད་དགོས་ཚེ་དེའང་བྱ་སྣོད་སོགས་དེང་སྐབས་ཧ་ཅང་སྟབས་བདེ་ཅན་དུ་བཟོས་ཡོད་པ་ཡིན་ལ། སྔོན་མ་ལྟར་སྨན་ཆུ་ལ་འདེབས་ནས་དེའི་ཡན་ལག་དེ་སྦངས་དགོས་པ་ཡིན། མ་གཞི་སྤྱི་འགྲོས་ཡིན་ན་ལུམས་བྱེད་པའི་དུས་ཚོད་ཆེས་ཡག་ཤོས་ནི་སྐར་མ་བཅོ་ལྔ་ནས་ཉི་ཤུའི་བར་ཡིན་ལ། དམིགས་བསལ་ཟུངས་ཟད་པའི་ནད་པ་དང་རྒས་བྱིས་དག་ལ་དེ་བས་དུས་ཐུང་ལ་ལེགས་ཙམ་ཡིན། །སྤྱིར་བདུད་རྩི་ལྔ་ལུམས་ལ་ཞུགས་པའི་དུས་ཚོད་ཆེས་བཟང་ཤེས་དེ་སོས་ཀ་དང་སྟོན་མཇུག་ཏུ་བཤད་ཀྱང་དེང་སྐབས་ལུམས་བྱ་སའི་ཁང་པའི་ནང་དྲོ་གྲང་གི་ཚད་གཞི་ཇི་ལྟར་དགོས་ན་དེ་ལྟར་དུ་གཏན་ཁེལ་བྱེད་ཐུབ་པས་ཁྱད་པར་ཆེན་པོ་མེད་པར་འདོད།

བདུད་རྩི་ལྔ་ལུམས་ཀྱི་ཕན་ཡོན་བསྟན་པ།
        རྒྱུད་བཞི་ལས། ལུམས་ཀྱིས་ཚ་རླངས་ཆུ་སེར་བ་སྤུར་འདོན། ། རླུང་འདུལ་སྐྲངས་འཇོམས་སྐེམ་པོ་ཤ་རྒྱས་བྱེད། །ཞེས་གསུངས་སོ། ། མ་ཚད་བདུད་རྩི་ལྔ་ལུམས་འདི་ཉིད་ཀྱིས་མི་ན་བ་ཡུན་རིང་དུ་འཚོ་བར་བྱེད་ལ་ན་བ་དག་གསོ་བར་བྱེད་པའི་ཕན་ནུས་ཆེན་པོ་ལྡན། ལྷག་ཏུ་གཤང་བ་ཡོང་མི་ཐུབ་པ་དང་བུ་མོ་ཚོ་ཟླ་མཚན་ཆད་ཁ་དེ་རུ་ལུས་སུ་ཚ་དྲོད་རྒྱག་པ་སོགས་ལ་ཧ་ཅང་ཕན་པ་ཡིན། མདོར་ན་ནང་གི་ནད་གཞི་མཐའ་དག་བ་སྤུའི་བུ་ག་བརྒྱུད་ནས་ཕྱིར་འདྲེན་པར་བྱེད་པ་དང་རླུང་གི་ནད་ཀུན་ལ་འདི་ཉིད་གཅིག་ཆོག་ཡིན་ནོ། །

བདུད་རྩི་ལྔ་ལུམས་བྱ་ཚེ་དོ་སྣང་བྱ་དགོས་པ།
        དྲོད་ལུམས་དྲགས་ན་རྩ་ཁ་འབུ་བར་བྱེད་པ། དཔེར་ན། ཁྲག་རླུང་དང་རྩ་ནག་གི་ནད་ལྟ་བུ། ལུས་དྲོད་ཕྱིར་ལ་ཤོར་བ། རྔུལ་འབྱམས་པ། རྒྱས་ཚད་སྐྱེས་པ། ལུས་ཀྱི་པགས་པ་རལ་བ། དཔེར་ན། གཅིན་སྙི་ཟ་ཁུ་དང་། རྩ་ནག་པགས་རྡོལ་ཅན། ཁྲག་ཤེད་རྒྱས་པ་དང་མགོ་ཡུ་འཁོར་བ། སྙིང་གཡུགས་པ་སོགས་འབྱུང་སྲིད་པས་ནད་གཡོག་པས་དེ་ལ་དོགས་ཟོན་ལེགས་པོ་བྱེད་དགོས་པ་དང་། ལུམས་བྱ་ཚེ་ཁྲུས་གཞོང་སོགས་དུག་སེལ་དང་གཙང་སྦྲ། ཐེངས་གཅིག་སྤྱོད་པའི་ཁུག་མ་སོགས་ངེས་པར་དུ་ཚུལ་ལྡན་བྱེད་ནས་བཀོལ་སྤྱོད་བྱ་དགོས་ལ། ཐོག་མ་ནད་པ་དེ་ཉིད་ཁྲག་ཤེད་མཐོ་མིན་དང་ལུས་ཟུངས་བཟང་མིན་སོགས་ལའང་ངེས་པར་དུ་བརྟག་དཔྱད་བྱེད་པ་དང་ཟླ་མཚན་འབབ་བཞིན་པ་ཡིན་མིན་དང་མངལ་སྦྲུམ་ཡོད་མེད་སོགས་ལ་ངེས་པར་དུ་དྲི་བ་བྱ་དགོས། མ་ཚད་རླུང་སྨན་ཨ་གར་སོ་ལྔ། རླུང་བདུག་ལྟ་བུ་རླུང་སྨན་གྱི་རིགས་དང་། འབྲེལ་ཡོད་མྱུར་སྐྱོབ་ཀྱི་སྨན་སོགས་གང་ལ་ཉེ་བར་མཁོ་བའི་ཡོ་བྱད་དག་གྲ་སྒྲིག་ལེགས་པོར་བྱེད་དགོས་པ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1