ཉིན་འདི་གཉིས་ལ་དཀར་མཛེས་དར་མདོའི་ཁྲོམ་ལམ་སོ་སོར་ཉེན་རྟོག་པའི་འཕྲུལ་རྟའི་རུ་ཁག་གི་གྲལ་བསྟར་མངོན་པ་དང་། འཕྲུལ་རྟ་རུ་ཁག་བསྒྲིགས་ནས་བསྐྱོད་ལ། ལམ་དུ་ཉེན་རྟོག་གློག་འོད་ཆེམ་ཆེམ་འཕྲོ། འཕྲུལ་རྟའི་ཁ་ལོ་བས་ལུས་ལ་ཁ་ལོ་བའི་ལྭ་བ་གྱོན་པ་དང་མགོར་ཞྭ་རྨོག་གོན་ཡོད་པས། དངོས་གནས་གཟི་བརྗིད་ལྡན་པ་ཞིག་རེད། འདི་ནི་དར་མདོའི་སྤྱི་བདེ་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་བཏོད་པའི་ལས་རིགས་ཀྱི་རྩལ་ནུས་ལྡན་པ་དང་། ཞབས་ཞུ་མངོན་གསལ་དོད་པ། སྣང་བརྙན་གཟི་ཉམས་ལྡན་པ་བཅས་ཀྱི་ཆེད་ལས་ཀྱི་འཕྲུལ་རྟ་ཞོན་པའི་ཉེན་རྟོག་རུ་ཁག་ཅིག་ཡིན་ཞིང་། རུ་ཁག་དེ་སྒྲིག་འཛུགས་བྱས་པ་དེས་དར་མདོའི་གྲོང་མི་ཚང་མ་ཕར་ཚུར་འགྲོ་འོང་བྱེད་པར་བདེ་འཇགས་ཀྱི་ཁག་ཐེག་བྱས་པ་རེད།
རྒྱུས་ལོན་བྱུང་བར་གཞིགས་ན། རུ་ཁག་དེའི་མིང་ལ“མཛའ་གཞས་འཕྲུལ་རྟ”ཟེར་ཞིང་། ཁྱོན་བསྡོམས་རུ་མི16ཡོད་ལ། ཕོ་མོ་སོ་སོ་འཕྲུལ་རྟ་ཞོན་པའི་ཉེན་རྟོག་པ8རེ་ཡོད། དེའི་ནང་ནས་མི8ནི་དར་མདོ་གྲོང་ཁྱེར་དམིགས་བསལ་ལས་སྒྲུབ་རུ་འབྲིང་ནས་བདམས་གསེས་བྱས་པའི་ལས་སྒོའི་རྐང་འཛིན་པ་རེད། བུད་མེད་ཉེན་རྟོག་ཁ་ལོ་བའི་ཁྲོད་ཀྱི་མི1ནི་དཀར་མཛེས་ཁུལ་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་ནས་སྐོང་འཐེན་བྱས་པ་ཞིག་ཡིན་པ་དང་། དེ་མིན་གྱི་མི7པོ་ཚང་མ་གསར་དུ་བསྡུས་པ་ཡིན་ལ། ཚང་མའི་གཟུགས་པོའི་རིང་ཚད་ལི་སྨི170ཡན་ཡིན། ཕུལ་བྱུང་གི་བུད་མེད་ལག་རོགས་ཉེན་རྟོག་པ་ཁག་ཅིག་བསྐྲུན་ཆེད། དར་མདོ་གྲོང་ཁྱེར་གྱིས་བུད་མེད་ལག་རོགས་ཉེན་རྟོག་པ7དཀར་མཛེས་ཁུལ་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་ཏུ་གཅིག་སྡུད་ཐོག་ཆེད་ལས་སྦྱོང་བརྡར་བྱེད་པར་བཏང་ཡོད། སླད་ཕྱིན་བུད་མེད་ཉེན་རྟོག་ཁ་ལོ་བ་ཚོས་ལས་གནས་ཐོག་བུད་མེད་ཁོ་ནར་ཡོད་པའི་གཤིས་ཀ་འཇམ་པོའི་ལེགས་ཆ་འདོན་སྤེལ་བྱས་ནས་དར་མདོ་སྤྱི་བདེའི་སྣང་བརྙན་གསར་པ་བསྐྲུན་རྒྱུ་རེད།
བུད་མེད་ལས་རོགས་ཉེན་རྟོག་པ་པད་མ་ལྷ་མཚོ་ནི་རུ་ཁག་ཧྲིལ་པོའི་ནང་གི་ཤ་སྐམ་ཤོས་ཀྱི་གྲས་ཤིག་ཡིན་མོད། འོན་ཀྱང་ཁོང་ནི་ད་ཐེངས་ཀྱི་བསྡུ་ལེན་རྒྱུགས་གཞིའི་གཟུགས་པོའི་ཚད་ལེན་ཁྲོད་ཨང་དང་པོ་རེད། པད་མ་ལྷ་མཚོ་ནི་སྔོན་ཆད་བུ་བཅོལ་ཁང་གི་དགེ་རྒན་ཞིག་ཡིན་ཞིང་། ཆུང་དུས་ནས་ཉེན་རྟོག་པའི་ལས་རིགས་འདི་ལ་དགའ་མོས་ཡོད་སྟབས་ཁོང་ལུས་རྩལ་སྦྱོང་བརྡར་བྱེད་པར་དགའ་ལ། ཉིན་ལྟར་སྤྱི་ལེ་ལྔ་རྒྱུག་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ད་ཐེངས་ཀྱི་བསྡུ་ལེན་རྒྱུགས་གཞིའི་ཁྲོད་ཁོང་གིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་པའི་སྟེང་གཟུགས་པོའི་ལེགས་ཆའི་རྐྱེན་གྱིས་རང་གི་འདོད་མོས་ལྟར་ལག་རོགས་ཉེན་རྟོག་པའི་གྲས་སུ་ཞུགས་ཐུབ་པ་བྱུང་།
“འགོ་ཚུགས་མ་ཐག་པའི་སྐབས་སུ་གཟར་ངོས་ལ་འགྲོ་བ་སོགས་དཀའ་ངལ་ཅུང་ཙམ་ཡོད་རུང་། ཟླ་ཕྱེད་ཙམ་གསོ་སྦྱོང་བྱས་པ་བརྒྱུད་རིམ་བཞིན་ཁོང་དུ་ཆུད་སོང་།”ཞེས་པད་མ་ལྷ་མཚོས་དེ་ལྟར་བརྗོད་པ་དང་། འཕྲུལ་རྟ་ཞོན་ནས་ལམ་ལ་ཆས་པའི་ཉེན་རྟོག་ཁ་ལོ་བ་ལ་མཚོན་ན། མི་མང་པོ་ཞིག་གི་སེམས་སུ་ཧ་ཅང་ལས་སླ་མོ་ཞིག་ཏུ་འདོད་སྲིད་མོད། འོན་ཀྱང་ལྗིད་ཚད་རྒྱ་མ200ལྷག་ཙམ་ཡོད་པའི་འཕྲུལ་རྟ་དེ་ཉེན་རྟོག་ཁ་ལོ་བ་ཚོས་ཉིན་མཚན་མེད་པར་སྦྱོང་བརྡར་བྱས་རྗེས་གཞི་ནས་ལས་སླ་པོར་ཁ་ལོ་བསྒྱུར་ཐུབ་ཅེས་བཤད།
“ཐེངས་འདིའི་སྦྱོང་བརྡར་ལ་ཚང་མས་དཀའ་སྤྱད་འབད་བརྩོན་གྱིས་རྒྱུན་འཁྱོངས་བྱས་པ་རེད། དེ་ནི་ད་ཐེངས་ཀྱི་ལྔ་གཅིག་དུས་ཆེན་ནམ་ཡང་ན་རྗེས་ཕྱོགས་དགོས་མཁོ་ཡོད་པའི་དུས་ཚོད་དང་དུས་ཆེན་གུང་གསེང་སོགས་གང་ཞིག་ཡིན་རུང་ཚང་མར་ཞབས་འདེགས་ལེགས་པོ་ཞུ་ཆེད་རེད”ཅེས་དར་མདོའི་མཛའ་གྲོང་དམིགས་བསལ་བུད་མེད་ཁ་ལོ་བའི་འབྲིང་རིམ་རུ་དཔོན་ཚེ་རིང་ལྷ་མོས་གསར་འགོད་པར་དེ་ལྟར་བཤད།
ཁ་ལོ་བའི་རུ་ཁག་གི་འཕྲུལ་རྟ་ཡང་སྐོར་གཡེང་དམིགས་བསལ་ཉེན་རྟོག་པའི་དགོས་མཁོར་གཞིགས་ནས་ཆེད་དུ་བཟོས་པ་ཞིག་ཡིན་ཞིང་། བཟོ་དབྱིབས་གཉིས་ཡོད། འཕྲུལ་རྟའི་ནང་དུ་ཞིབ་ཚད་མཐོ་བའི་གནས་ཐིག་གཏན་འཁེལ་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་ཅིང་། དེའི་གཞུག་ཕྱོགས་བཀོད་འདོམས་ལྟེ་གནས་ཀྱིས་དུས་ཐོག་ཏུ་འཕྲུལ་རྟ་ཡོད་སའི་ས་གནས་ཤེས་ཐུབ། ཉེན་རྟོག་པའི་གནས་ཚུལ་ལ་གཞིགས་ནས་ཐག་ཉེ་སའི་འཕྲུལ་རྟ་ཐད་ཀར་ཡུལ་དངོས་སུ་བསྐྱོད་པར་བཀོད་འདོམས་བྱེད་པ་རེད། ད་དུང་འཕྲུལ་རྟའི་གཞོགས་གཉིས་དང་མཇུག་ཏུ་སྒམ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་དུ་ས་གནས་དེ་གའི་ཡུལ་སྐོར་ཐབས་ཇུས་དང་སྟབས་བདེའི་སྨན་བཅོས་ཡོ་བྱད་བཞག་ཡོད་པ་རེད།
རྒྱུས་ལོན་བྱུང་བར་གཞིགས་ན། མཛའ་གྲོང་འཕྲུལ་རྟའི་ཁ་ལོ་བའི་རུ་ཁག་འདི་ཟླ5པའི་ཚེས1ཉིན་དངོས་སྐྱོད་འགོ་ཚུགས་པ་དང་། སླད་ཕྱིན་ལམ་ངོས་ཀྱི་སྐོར་གཡེང་དོ་དམ་ཚོད་འཛིན་དང་ཐོལ་བྱུང་ཉེན་སེལ་སོགས་ཀྱི་ལས་འགན་བསྒྲུབ་རྒྱུ་དང་། སྐོར་གཡེང་རླངས་འཁོར་དང་ལངས་གཟུགས་ཅན་གྱི་སྐོར་གཡེང་ཉེན་ཟོན་ཐག་གཅོད་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ནས། སྤྱི་བདེའི་རུ་ཁག་གི་སྤྱོད་ཚུལ་བཟང་པོ་མངོན་པར་བྱ་རྒྱུ་དང་། དེ་དང་ཆབས་ཅིག་དར་མདོའི་ཁྲོམ་གཞུང་གི་བཀྲག་མདངས་འཚེར་བའི“ཉེན་རྟོག”ལམ་ཐིག་ཅིག་ཏུ་འགྱུར་བ་དང་། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རལ་གྲི་རྣོ་ངར་ཅན་ལྟ་བུ་ཞིག་ཏུ་འགྱུར་ངེས་རེད།