༄༅།། གེ་སར་སྒྲུང་《ཧོར་གླིང་གཡུལ་འགྱེད》ཀྱི་བརྗོད་དོན་དབྱེ་ཞིབ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-07


  འདིར་ཧོར་གླིང་གཉིས་ཀྱི་འཁྲུགས་བརྩོད་ཐོག་མར་འགོ་གང་དུ་རྩོམ་པ་ནས་མཇུག་མ་བསྒྲིལ་བར་གྱི་བརྗོད་དོན་གཙོ་ཆེར་རྣམས་ཞིབ་ཏུ་དབྱེ་ཏེ་ལེའུ་དང་པོ་འདིའི་ནང་བཀོད་པ་ནི་འོག་མ་རྣམས་ཀྱི་ནང་དོན་གྱི་ཆ་ལ་གསལ་ཁ་འདྲེན་པའི་ཆེད་དུ་བྱ་བ་ཡིན།   དེ་ཡང་ཧོར་གླིང་གཡུལ་འབྱེད་ཀྱི་དཔྱད་རྩོམ་འདིའི་བརྗོད་དོན་གཙོ་བོར་སྐབས་འདིར་མི་སྣ་ཡིན་ལ།   མི་སྣ་དེ་དང་འབྲེལ་བའི་ལོ་རྒྱུས།    ལྟ་བ།  ཆོས་ལུགས།   རིག་གནས།   སྒྱུ་རྩལ་བཅས་དོན་ཚན་ཁག་དྲུག་ཏུ་དབྱེ་ཞིབ་ཀྱི་གཏན་འབེབས་བྱས་ནས་གྲུབ་པ་ཞིག་ཡིན།    དེ་ཡང་དཔྱད་རྩོམ་འདི་ཉིད་བཤད་ཐབས་གཞུང་གང་ལ་བརྟེན་ནས་འཆད་པར་བྱ་བ་ཡིན་ཞེ་ན།  རྣམ་བཤད་རིག་པ་ལས།  མདོ་དོན་སྨྲ་བ་དག་གིས་ནི།། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །རྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ལྟར་ཧོར་གླིང་གཡུལ་འགྱེད་ལྟ་བུ་གཞན་ལ་འཆད་པ་ན།   གཞན་དེས་རྒྱུད་ལ་གོ་བར་བྱེད་པའི་ཐབས་ལྔ་ཡོད་དེ།   གླིང་སྒྲུང་ལྟ་བུའི་སྒྲུང་རྩོམ་གྱི་ཆེ་བ་ཐོས་ནས་ཉན་པ་དང་འཛིན་པ་ལ་གུས་པར་བསྐྱེད་པའི་ཆེད་དུ་བཤད་པ་ནི་དགོས་དོན་ཡིན་ལ།   དགོས་དོན་དེ་ཡང་བསྡུས་དོན་ལུས་རྣམ་བཞག་ལ་རག་ལས་པ་དང་།    བསྡུས་དོན་དེ་ཡང་ཡན་ལག་རྒྱས་བཤད་ལ་རག་ལས་པ་ནི་ཚིག་དོན་ཡིན་ལ།   ཚིག་དང་དོན་གྱི་གོ་རིམ་རྣམས་སྔ་ཕྱི་འབྲེལ་བ་མཚམས་སྦྱོར་བྱས་ནས་བཤད་པ་ལ་རག་ལས་པ་ཡིན་ལ། གོང་མ་གོང་མ་འོག་མ་འོག་མ་རྣམས་དང་རིགས་པ་སྔ་ཕྱི་མི་འགལ་བར་རྒལ་ལན་ལ་རག་ལས་པ་ནི་བཤད་ཐབས་ཡན་ལག་ལྔ་ཡི་སྒོ་ནས་གཞུང་ལུགས་ཀྱི་ལུས་ཡོངས་སུ་རྫོགས་པ་རྟོགས་པར་བྱ་བའི་ཆེད་ཡིན་ཏེ།  །  ཡང་དེ་ཉིད་ལས།  མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ།ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་གྲུབ་དེ་ནི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམ་རིགས་པ་སྔ་ཕྱི་དང། །མི་འགལ་བར་ནི་གཉིས་ལས་སོ།།  ཞེས་གསུངས་པ་ལྟར་རོ།།   དེ་ལྟར་བཤད་ཐབས་ཀྱི་གཞུང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་བཤད་རིག་པ་ལས་གསུངས་པའི་བཤད་ཐབས་རྣམ་པ་ལྔ་འདི་གཙོ་བོར་བྱས་པའི་སྒོ་ནས་ཧོར་གླིང་གཡུལ་འགྱེད་ཀྱི་དཔའ་བོའི་རྟོགས་བརྗོད་ལ་དཔྱད་ཞིབ་བྱས་པ་ནས་མིའི་སེམས་ཁམས་ལ་སྒྱུ་རྩལ་གྱིས་མཛེས་སྡུག་གསར་པ་ཞིག་སྐྲུན་ཐུབ་པར་བྱེད་རྒྱུ་དེ་རྩོམ་པ་པོའི་དོ་སྣང་བྱེད་དགོས་པའི་དམིག་གསལ་གྱི་དོན་ཆེན་ཞིག་ཡིན།   དཔེར་ན། ཧོར་གླིང་བར་གྱི་གཡུལ་འགྱེད་ཀྱི་ཆག་སྒོ་ཐོག་མར་སློང་མཁན་ནི།    ཧོར་གླིང་གཡུལ་འགྱེད་ལས།  ཧོར་གུར་ཡང་གནམ་གྱི་རྒྱལ་པོ་དེའི་བཙུན་མོ་ཨ་ཟིའི་བུ་མོ་ག་ཟི་ཟེར་བ་དེ་ཚེ་ལས་འདས་སྐབས་གུར་དཀར་རྒྱལ་པོ་ཕོ་ཡུགས་ལུས།     སྐབས་དེར་ཧོར་གུར་དཀར་གྱི་ཆུང་མ་ག་ཟི་མ་ཤི་ནས་རིང་པོ་མ་ལོན་པར་ཧོར་གྱི་བློན་པོ་དང་ཤན་པ་རྣམས་རྒྱལ་པོའི་བཙུན་མོ་འཚོལ་ཐབས་ཀྱི་གྲོས་འཆམ་པས།    མི་སྐད་ཤེས་པའི་ཧོར་གུར་དཀར་གྱི་གསོས་བྱ་བཞི་པོ་བཙལ་བར་བཏང་དགོས་པའི་གྲོས་གཅིག་མཐུན་བྱུང་བར་གྲགས་པ་དེ་དཔྱད་རྩོམ་འདིའི་བཤད་ཐབས་ཡན་ལག་ལྔའི་ནང་གི་དགོས་པ་སྟོན་པར་ཡིན་ལ།  མི་སྐད་ཤེས་པའི་གསོས་བྱ་བཞི་ནི།  རྨ་བྱ་དང་།   རྒྱ་བྱ།   ནེ་ཙོ།  ཁྭ་ཏ་བཞི་པོ་འདི་ཡིན་ལ།   བྱ་བཞི་པོ་དེ་ས་གནས་མི་གཅིག་པའི་ས་ཚུགས་གསུམ་གྱི་རྒྱང་ཐག་ལ་སླེབ་པ་ན་ནང་གྲོས་བྱས་པ་ལ་ནེ་ཙོའི་ངེད་གསོས་བྱ་བཞི་པོས་གུར་དཀར་རྒྱལ་པོ་མགུ་བ་ཞིག་དང་།  གུར་དཀར་གྱི་སྲས་ལྷ་བུའི་མ་ཡར་བྱེད་ཆོག་པ།   ཧོར་གྱི་བདག་མོ།   ཤན་པ་རྣམས་ཀྱི་རྗེ་མོ་བྱེད་ཆོག་པ་ཞིག་རྙེད་པར་མི་འགྱུར།  །  གལ་སྲིད་རྙེད་ན་ཡང་སློང་ན་མི་སྟེར།   བོས་ན་མི་འོང་།  ལེ་ལན་དང་ཉེས་སྒྲིབ་ཁུར་མཁན་ངེད་བྱ་བཞི་པོ་རེད།  རྒྱ་བྱ་རྒྱ་ཡུལ་དུ་སོང་།  རྒྱ་བྱ་རྨ་ཤོད་དུ་སོང་།  ང་ནེ་ཙོ་ལྷོ་མོན་ཡུལ་དུ་འགྲོ།  ཁྭ་ཏ་ནག་ཙོག་ཁྱེད་རང་གར་བདེ་གར་སྐྱིད་གྱིས་ནས་སོང་ཟེར་ནས་གྲོས་འཆམ་པ་ལྟར་རྒྱ་བྱ་དང་རྨ་བྱ་ནེ་གཙོ་གསུམ་སོ་སོའི་གནས་སུ་འཕུར་སོང་།   ཞེས་པ་དེ་བཤད་ཐབས་ཡན་ལག་ལྔའི་ནང་བསྡུས་དོན་ཡིན།   ནེ་ཙོའི་བཤད་པའི་གཏམ་གལ་སྲིད་རྙེད་ན་ཡང་ལེ་ལན་དང་ཉེས་སྒྲིབ་ཁུར་མཁན་ཞེས་པའི་ཚིག་དེ་དག་ལ་བརྟག་ན།   གལ་སྲིད་རྙེད་ན་འོས་མ་ཡིན་པ་ལེ་ལན་སྤྱིར་ཧོར་རྒྱལ་པོ་གུར་དཀར་གྱིས་གཙོའི་ཧོར་སྡེ་དམར་ནག་བཅུ་གསུམ་དང་།  བྱེ་བྲག་ཏུ་མི་སྐད་སྨྲ་ཤེས་པའི་ངེད་བྱ་བཞི་པོ་ཡང་ཚེ་འདིར་ལུས་སྲོག་ལ་ཤ་ཁྲག་གི་ལེ་ལན་འཇལ་དགོས་པ་དང་།   ཚེ་ཕྱི་མར་མི་ཤི་རྟ་གདོས་སོགས་ཁྲ་གི་འཁོར་ལོ་བསྐོར་བ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་དེ་སུས་ཀྱང་ཁུར་བའི་ཐབས་མེད་པར་ཤེས་པ་དེ་ལས་འབྲས་ལ་ཡིད་ཆེས་དང་ངེས་ཤེས་རྙེད་པའི་སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པ་ཞིག་ཡིན་པར་གསལ་བཤད་བྱེད་ཐུབ།  དེ་ཡང་དཀོན་མཆོག་ལྷུན་གྲུབ་ཀྱིས་སྣང་གསུམ་ལས་ལུང་རྒྱལ་པོ་ལ་གདམས་པའི་མདོར་དྲངས་ཏེ།   དུས་ཀྱི་ཉེས་པའི་རྒྱལ་པོ་འཆི་བའི་ཚེ། །ལོངས་སྤྱོད་མཛའ་དང་གཉེན་གཤེས་རྗེས་མི་འགྲོ། །སྐྱེས་བུ་དེ་ནི་གང་དང་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འགྲོ།  ཞེས་དང་།   མདོ་སྡེ་ལས་བརྒྱ་པ་ལས།  ལས་ནི་ས་ལ་མི་སྨིན། རྡོ་ལ་མི་སྨིན། ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་པར་འགྱུར་རོ་ཞེས་གསུངས་པས། རང་གིས་བྱས་པའི་ལས་ནི་ཤུལ་དུ་ཡང་མི་ལུས། གང་ཟག་གཞན་གྱི་རྗེས་སུ་ཡང་མི་འབྲང་། མེད་པར་ཡང་མི་འགྱུར། བྱ་ནམ་མཁའ་ལ་འཕུར་ཡང་གྲིབ་མ་རྗེས་སུ་འབྲང་བ་ལྟར། བྱེད་པ་པོ་རང་གི་རྗེས་སུ་འབྲང་བ་ལས། བསྐལ་པའང་བསྐལ་པ་ལས་ལྷག་པའི་བར་དུ་ཡང་ཆུད་ཟ་བར་མི་འགྱུར་རོ།། །ཞེས་གསུངས་པ་ལྟར།   མི་སྐད་སྨྲ་ཤེས་པའི་བྱ་གསུམ་པོ་དེ་དག་གི་མ་འོངས་པར་རྣམ་སྨིན་གྱི་ལས་ལ་འཛེམ་དོགས་ཀྱིས་ལས་འབྲས་ལ་བླང་དོར་ཚུལ་བཞིན་བྱེད་པའི་དོན་གསལ་པོར་རྟོགས་ཐུབ་པ་ནི་བཤད་ཐབས་ཡན་ལག་ལྔའི་ནང་གི་ཚིག་དོན་རྒྱས་བཤད་ཡིན།   དེ་ནས་ཁྭ་ཏ་ནག་བཙོག་གཅིག་པུ་དེ་ཁྲ་མོ་གླིང་དཀར་སྟོད་ཀྱི་ཕྱོགས་སུ་སྐྱ་ལོའི་སྒར་དུ་འཕུར་སོང་བ་ནི་ཧོར་གླིང་གཡུལ་འགྱེད་ལས།   གཡུ་སྒྲ་མཐིང་ཤོག་གོང་དགུ་ན།   སྐྱ་ལོའི་སེང་ལྕམ་འགྲུག་མོ་འདུག་ཡོད་པ་དེས།  རྒྱལ་པོ་གེ་སར་བྱང་ལ་བྱོན་ནས་ལོ་གསུམ་ལ་སྐྲ་མ་སླས།   དེ་ཉིན་གནམ་ལ་སྐར་མ།   ས་ལ་དུས་ཚོད།  བར་གྱི་ཉི་མ།  བཟའ་སྐར་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱིས།   རྒྱ་ཁ་རྒོད་རེག་ཤེས་འཛུམ་མོ་དང་།  བེ་རེ་ཟའི་ཨ་མཚོ་གཉིས་བོས་ནས་སྐྲ་དཀྲུས་ཤིང་སླས་མ་རྒྱག་པའི་དུས་སུ།   ཁྭ་ཏ་ནག་བཙོག་སྐྱ་ལོའི་ས་ཕྱོགས་དེར་སླེབས་ནས་འདི་སྐད་ཅེས་ཟེར་རོ།།   ང་དང་ང་ངོ་མ་ཤེས་ན། །གུར་དཀར་རྒྱལ་པོའི་གསོས་བྱ་ཡིན།   །ཁྭ་ཏ་ནག་ཆུང་སྲན་མའི་མིག །རྭ་ཅོའི་མཆུ་ལ་དམ་པེའི་སྐེ། །བྲ་བོའི་སྣ་ལ་སྣ་མའི་ལྕེ། གུར་དཀར་རྒྱལ་པོའི་གསོས་བྱ་ཡིན། །གླིང་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཁྱོད། །མི་མ་ཤི་ཡུགས་ས་བུད་ནས་གདའ། །ང་ཁ་ཏའི་རྗེས་སུ་ཨེ་འགྲོ་ལགས། །ང་ཁྭ་ཏའི་རྗེས་ལ་འགྲོ་རྒྱུ་ན། །གུར་དཀར་དཔོན་མོ་ཨེ་བྱེད་ལགས། །བུ་ལྷ་བུའི་མ་ཡར་ཨེ་བྱེད་ལགས། །ཧོར་རི་ཐང་བདག་མོ་ཨེ་བྱེད་ལགས། །ཤན་པའི་རྗེ་མོ་ཨེ་བྱེད་ལགས། །ཁྱོད་འབྲུག་མོའི་ཡིད་ལ་དེ་ལྟར་ཞོགས་ཞེས་པའི་བར་ཚིག་དུམ་ཁ་ཤས་དེ་དག་ཟུར་དུ་དགར་ནས་བཤད་པ་འདིར་བཤད་ཐབས་ཡན་ལག་ལྔའི་ནང་མཚམས་སྦྱར་བ་ཡིན།  དེ་དག་གི་དོན་ལ་ཅུང་ཟད་བརྟག་ན།   ཐོག་མར་ཧོར་གུར་དཀར་ལ་ཡ་མཚན་མེད་པའི་རྟགས་བཙུན་མོའི་ཆེད་དུ་རྒྱལ་པོའི་ཕོ་ཉ་བྱ་ཁྭ་ཏ་བཏང་བར་འདིས་མཚོན་ཐུབ་ལ།    བར་དུ་ཁྭ་ཏས་རང་མཚང་རྟོལ་བའི་ངོ་སྤྲོད་བྱས་པར་ལྟར་ན་སྲན་མའི་མིག་དང་།  བྲ་བོའི་སྣ།  ཡུག་པོའི་ལྕེ།  འདབ་ཆགས་ལས་ལྟས་ངན་གྱི་རྟགས་བྱ་ཁྭ་ཏའི་སྐད།   ཁ་དོག་གི་རིགས་ལས་ཉེས་ཅན་གྱི་རྟགས་ནག་པོའི་མཚོན་པའི་མི་ཤིས་པའི་མཚན་མ་བདུན་གྱི་རྟགས་རང་ཤུགས་སུ་གྲུབ་ཡོད་པར་རྟོགས་པ་ནི་བཤད་ཐབས་ཡན་ལག་ལྔའི་ནང་རྒལ་ལན་གྱི་ཁོངས་སུ་བསྡུས་པ་ཡིན། སྤྱིར་སོ་སོའི་སྐྱེས་བོའི་གང་ཟག་ཞིག་གི་ངོས་ནས་ཆ་མཚོན་ན་རྒྱུས་མེད་ཀྱི་གཞན་ཕ་རོལ་པོས་བཤད་པའི་གཏམ་ལ་བརྟག་དཔྱད་གང་ཡང་མ་བྱས་ནས་བདེན་པར་འཛིན་པ་ཡོད་མོད།   གཞུང་ལུགས་ལ་བློ་ཕྱོགས་པའི་རིགས་པ་སྨྲ་བ་ཞིག་གི་དེ་ལྟར་མ་ལགས་པས།    ཐོག་མར་གཞན་ཕ་རོལ་པོས་བཤད་པའི་གཏམ་དེ་ལ་དཔྱད་གཞིར་བྱས་ཏེ།  དེ་ལ་ལུང་རིགས་གཉིས་ཀྱི་སྒོ་ནས་སྒྲུབ་བྱེད་དང་ནང་འགལ་ཡོད་མེད་ད་གཟོད་ཤེས་པར་འགྱུར་རོ།།    དེ་ཡང་འཇམ་མགོན་ས་པཎ་གྱིས།   མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། །ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དུ་རྒྱུ།  ཞེས་གསུངས་པ་ལྟར།   གང་ཡང་བརྟག་དཔྱད་མ་བྱས་པར་གཞན་ཕ་རོལ་པོས་བཤད་པར་བདེན་བཟུང་བྱས་ཏེ་དེའི་རྗེས་སུ་འགྲོ་བ་ནི་རང་གི་ཀླད་པར་བེད་སྤྱོད་མེད་པའི་རྟགས་ཡིན་པར་མ་ཟད།  གཞན་དབང་ཁོ་ན་ལ་རག་ལས་པར་ལས་རང་དབང་སྤུ་ཙམ་མེད་པར་ཡང་འགྱུར་རོ། །     དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ཡང་གཞུང་ལུགས་གང་ལ་འཇུག་རུང་ཞིབ་འཇུག་གི་ལམ་ལ་མ་བརྟེན་པ་ནི་རང་དགར་ཀླགས་ཤེས་པ་དང་འབྲི་ཤེས་པ་ཙམ་གྱིས་ས་ཕྱོད་གང་ཡང་མེད།   གང་ལྟར་ཡང་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེས་རྒྱ་ཁ་རྒོད་རེག་ཤེས་འཛུམ་མོ་དང་བེ་རེ་ཟའི་ཨ་མཚོ་གཉིས་ལ་སྨྲས་པ།  སྤྱིར་གླིང་དཀར་ཁྲ་མོའི་ཡུལ་ལ་བྱ་ཁྭ་ཏ་ཡེ་ནས་ཡོད་མ་མྱོང་བས་ད་ནང་སྔ་མོ་ཁྭ་ཏ་ཞིག་བྱུང་བས་ཧོར་རྒྱལ་པོའི་གསོས་བྱ་ཡིན་སྐད་དང་།   ཁྱོད་མི་མ་ཤི་ཡུགས་ས་ལུས་འདུག་པས་ཧོར་གུར་དཀར་གྱི་ཆུང་མ་འགྲོ་དགོས་ཟེར་བའི་ཁྭ་ཏའི་གླུ་ཚིག་རྣམས་ཆད་ལུས་མེད་པར་བཤད།   དེ་ཡང་དང་པོ་ཧོར་གླིང་བར་གྱི་མི་སྣའི་བྱུང་རིམ་དང་དུས་ཚིག་བྱེད་ལས་སོགས་ལོ་རྒྱུས་ཀྱི་གཏན་འབེབས་བྱས་ཏེ་མི་སྣའི་གཟུགས་བརྙན་བསྐྲུན་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱིས་བདེན་དོན་འཚོལ་བ་དང་།   ལོ་རྒྱུས་ཀྱིས་ཉམས་མྱོངས་འཚོལ་བ།   ལོ་རྒྱུས་ཀྱིས་ཆོས་ཉིད་འཚོལ་བ་ཡིན་ལ།   ལོ་རྒྱུས་ནི་དངོས་ཡོད་གནས་ཚུལ་འཚོལ་ཞིབ་བྱེད་པའི་ཐབས་དམ་པའང་ཡིན།   དེས་ན་ལོ་རྒྱུས་ནི་དངོས་གཙོ་སྨྲ་བའི་ལྟ་བ་དང་རྗེས་སུ་འབྲེལ་ནས་བཤད་དགོས།     རྒྱུད་ཉི་ཟླ་ཁ་སྦྱོར་ལས།  ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར།  ཞེས་གསུངས་པ་ལྟར།   ཐོག་མར་རིག་གཞུང་གང་ལ་འཇུག་རུང་ཡིད་ཆེས་སྐྱེས་པའི་ཆེད་དུ་ལོ་རྒྱུས་ཀྱི་ཁུངས་སྐྱེལ་བར་བྱེད་པ་ནི་དགོས་པ་ཡིན་ནོ།། གཉིས་པ་ཧོར་གླིང་གཉིས་ཀྱི་མི་སྣ་དེ་དག་གི་ལྟ་བའི་ཁྱད་པར་དཔྱད་པ་ལ།   དྲིཥྜ་ཞེས་པའི་སྒྲ་ལས་དྲངས་ན་ལྟ་བ་ཞེས་འབྱུང་ཞིང་། དེ་ཡང་གཞལ་བྱའི་གནས་གང་ཞིག་ཤེས་རབ་ཀྱིས་སྒྲོ་འདོག་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློ་དེ་ལ་ལྟ་བ་ཞེས་བརྗོད་པ་ཡིན་ལ། དེ་ཡང་སྤྱིརལྟ་བ་འདི་ལ་དབྱེ་ན་རྟག་ལྟ་དང་ཆད་ལྟ་མཐའ་ལྟ་འཇིག་ལྟ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྟེ་ལྔར་དབྱེ་བ་དང་།   ཡང་ཆོས་ལ་བདག་ཏུ་ལྟ་བ་དང་གང་ཟག་ལ་བདག་ཏུ་ལྟ་བ།   འཇིག་རྟེན་ཡང་དག་གི་ལྟ་བ་དང་འཇིག་རྟེན་ལས་འདས་པའི་ལྟ་བ་སྟེ་གཉིས་གཉིས་སུ་དབྱེ་བ།   ཡང་ཆོས་ཉིད་ལྟ་བའི་ལྟ་བ་དང་ཆོས་ཅན་ལྟ་བའི་ལྟ་བ་རང་རིག་ལྟ་བའི་ལྟ་བ་གསུམ་དུ་དབྱེ་བ།   ཡང་ཐེག་དམན་གྱི་ལྟ་བ་དང་ཐེག་ཆེན་གྱི་ལྟ་བ་གཉིས་སུ་དབྱེ་བ།   ཐེག་ཆེན་ལའང་ཕ་རོལ་ཕྱིན་པའི་ལྟ་བ་དང་གསང་སྔགས་ཀྱི་ལྟ་བ་གཉིས་སུ་དབྱེ་བ་སོགས་མང་དུ་ཡོད་མོད།   སྤྱིར་མིག་གིས་གཟུགས་ལ་ལྟ་བ་ཡང་ལྟ་བའི་ཐ་སྙད་འཇུག་པ་ཡིན།        འཇམ་མགོན་མི་ཕམ་རིན་པོ་ཆེས་ཀྱང་།  དེ་ཡང་མིག་དང་འདྲ་བའི་ལྟ་བ་འདི་མེད་ན་རིག་པ་དང་རྐང་པ་མི་ལྡན་པའི་ཕྱིར།  ཞེས་གསུངས་པ་དང་། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ལས་ཀྱང་།  རིག་པ་དང་ཞབས་སུ་ལྡན་པ་ཞེས་གསུངས་པ་ལྟར།  རིག་པ་ནི་ལྟ་བ་ཡིན་ལ་རྐང་པ་ནི་རྫུལ་གྱི་རྐང་པ་སོགས་ལ་གོ་དགོས་པས་དཔྲལ་བའི་མིག་ལྟ་བུའི་ལྟ་བས་ས་དང་ལམ་བགྲོད་པ་ལ་ལྟས་ཏེ། འདུན་བརྩོན་དྲན་པ་ཏིང་འཛིན་སོགས་སྒོམ་པའི་རྫུལ་འཕྲུལ་གྱི་རྐང་པ་འདེགས་ནས་ལམ་དུ་འགྲོ་བར་ལྟར། ལྟ་སྒོམ་ཟུང་དུ་འབྲེལ་ནས་ས་ལམ་བགྲོད་དགོས་པར་དཔེ་དོན་མཚུངས་ཆོས་སུ་སྦྱར་བ་ཡིན།  དེ་ཡང་རྣམ་བཤད་རིག་པ་ལས། དེ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ཀྱིས་རྣམ་པ་གཉིས་ཀ་ཡང་ཡིན་པར་བསྟན་ཏོ། །གང་གིས་གཤེགས་པ་ཞེས་བྱ་བ་ནི་རིག་པ་དང་ཞབས་སུ་ལྡན་པ་ཉིད་ཀྱིས་ཏེ། དེ་ལ་རིག་པ་ནི་ཡང་དག་པའི་ལྟ་བ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བའི་ཕྱིར་རོ། །ཞབས་ནི་ལམ་གྱི་ཡན་ལག་ལྷག་མ་དག་སྟེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ཏེ། མི་མཐོང་བའམ། རྐང་པ་མེད་པ་ནི་འགྲོ་བར་མི་ནུས་པས་སོ། །གཞན་ཡང་རིག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཡིན་ལ། དེའི་ཞབས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡིན་ཏེ། དེ་ལྟར་ན་བསླབ་པ་གསུམ་པོ་དག་གིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ནོ།། རིག་པ་མིག་དང་འདྲ་བས་མཐོང་སྟེ། ཞབས་རྐང་པ་ལྟ་བུས་གཤེགས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ།། སྤྱིར་སྐབས་རེར་ལྟ་བ་ཡུལ་ལ་བཞག་པ་ཞིག་དང་སྐབས་རེར་ཡུལ་ཅན་གྱི་བློ་ལ་བཞག་པའི་སྐབས་གཉིས་སུ་འབྱུང་བས་དེ་དག་གཞུང་ལུགས་ཆེན་པོ་རྣམས་ཀྱི་དོན་མགོ་འཇུག་སྦྲེལ་ནས་ཤན་འབྱེད་དེ་རྟོགས་པར་བྱ་བ་དཀའ་བའི་གནད་དམ་པ་ཡིན་ནོ།།     གསུམ་པ་ཧོརགླིང་བར་གྱི་མི་སྣ་དེ་དག་ཆོས་ལུགས་གྲུབ་མཐའ་གང་གིས་ཤུགས་རྐྱེན་ཐེབས་ཡོད་མིན་གྱི་སྐོར་བཤད་པ།  ཆོས་ཞེས་པ་ནི་འཆོས་སྐྱོབ་ཀྱི་དོན་ཡིན་པར་བཤད་ལ།  གང་འཆོས་པ་བྱེད་ཅེ་ན་རང་རྒྱུད་ཉོན་མོངས་པའི་སྐྱོན་ལས་འཆོས་ཤིང་ངན་འགྲོའི་གནས་སུ་ལྷུང་བ་དག་ཡོངས་སུ་སྐྱོབ་པར་བྱེད་པས་ན་བྱེད་ལས་ཀྱི་སྒོ་ནས་འཆོས་སྐྱོབ་ཅེས་བརྗོད་པ་ཡིན།   དེ་ཡང་ཆོས་ཞེས་པ་དེ་སྤྱིར་འཇུག་ཚུལ་གྱི་དབང་དུ་བྱས་ན།   ལེགས་སྦྱར་གྱི་སྐད་དུ་དྷ་རྨ་ཞེས་ཆོས་ལ་འཇུག་པར་བཤད་དེ།    དེ་ཡང་རྣམ་བཤད་རིག་པ་ལས།   ཆོས་ནི་ཤེས་བྱ་ལམ་དང་ནི།  །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །གསུང་རབ་ཚེ་དང་བསོད་ནམས་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ།། ཞེས་གསུངས་ལྟར་དོན་བཅུ་ལ་འཇུག་པར་བཤད་པ་དང་།      སྐབས་འདིར་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པ་དེ་ལ་ཆོས་ཞེས་བརྗོད་པར་ཡིན།   ཡང་དེ་ཉིད་ལས།  ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོ་པ་གང་ཡིན་ཏེ། །འཆོས་སྐྱབས་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཞེས་གསུངས་པ་ལྟར་རོ།།   སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་ལ་ནང་གསེས་སུ་དབྱེ་ན་ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས་ཡོད་པ་དང་།  ལུང་གི་ཆོས་དེ་ལ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་སྟེ་འདུལ་བ་དང་མདོ་སྡེ་མངོན་པའི་སྡེ་སྣོད་གསུམ་དང་།  རྟོགས་པའི་ཆོས་བསླབས་པ་གསུམ་སྟེ་གཞི་ཚུལ་ཁྲིམས་ཀྱི་བསླབས་པ་དང་།  ཏིང་ངེ་འཛིན་གྱི་བསླབས་པ།   ཤེས་རབ་ཀྱི་བསླབས་པ་གསུམ་མོ།   དེ་ལྟ་བུའི་ལུང་དང་རྟོགས་པའི་དམ་པའི་ཆོས་ཀྱི་སྲོལ་ཐོག་མར་འབྱེད་པ་པོ་དེ་རྫོགས་པའི་སངས་རྒྱས་ཉག་གཅིག་ཁོ་ན་ཡིན་ལ།   ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དེ་ལ་འཆད་ཉན་སྤེལ་གསུམ་གྱི་སྒོ་ནས་ལུགས་སྲོལ་རྒྱུན་འཛིན་བྱེད་པའི་གང་ཟག་དེ་ལ་ཆོས་ལུགས་པ་ཞེས་ཐ་སྙད་དེ་ནས་བྱུང་བ་ཡིན།   དེ་བཞིན་དུ་གཡུང་དྲུང་བོན་གྱི་ཆོས་ལུགས་དེའང་ཐོག་མར་གཤེན་རབ་ནས་བརྒྱུད་ནས་དེའི་རྗེས་སུ་འཇུག་ཅིང་རྒྱུན་སྲོལ་འཛིན་པ་ལ་བོན་ལུགས་ཞེས་བྱུང་བ་གྲགས་པ་ཡིན།   དེ་དག་གིས་མཚོན་པའི་ཡེ་ཤུ་དང་བྲམ་ཟེ་ཁ་ཆེ་གྲངས་ཅན་པ་སོགས་ཀྱི་ཆོས་ལུགས་དེ་དག་ཀྱང་ཐོག་མར་རང་རང་གིས་སྟོན་པ་དེས་སྲོལ་གཏོད།   བར་དུ་དེའི་རྗེས་སུ་འབྲང་ཞིང་འཆད་ཉན་སྤེ་གསུམ་རྒྱུད་འཛིན་བྱས།  མཐར་ཐུག་གི་ཐོབ་བྱ་རང་འབྲས་ཐུན་མོང་མ་ཡིན་པ་ཐོབ་པར་ཁས་ལེན་པའི་སྲོལ་བྱུང་བ་ལ་ཆོས་ལུགས་ཞེས་པའི་ཐ་སྙད་སོ་སོར་ཆགས་སོང་བ་ནི་ཀུན་གྱིས་ཤེས་སླ་བ་ཡིན།   སྐབས་འདིར་ཆུ་འགོ་གངས་དང་ཆོས་འགོ་སངས་རྒྱས་ལ་བཏུགས་པའི་དཔེ་ལྟར་ཧོར་གླིང་གཡུལ་འགྱེད་བར་གྱི་མི་སྣ་དེ་དག་ཆོས་ལུགས་གང་གིས་ཤུགས་རྐྱེན་ཐེབས་པ་ནི་ཆོས་ལུགས་དེའི་སྟོན་པའི་རྗེས་སུ་འབྲང་ནས་དེས་གསུངས་པའི་ཆོས་ལ་བསྟན་པ་རྣམ་དག་ཏུ་འཛིན་པ་ཞིག་ཡིན་ལ།   དེའང་གླིང་སྒྲུང་ནང་གི་མི་སྣ་ཕན་ཚུན་གླུ་ལེན་སྐབས་ཐོག་མར་རང་རང་གི་འདོད་པའི་ལྷ་ཀླུ་གཉན་གསུམ་དགྲ་ལྷའི་གྲོགས་སུ་འགུགས་ཕྱིར་ཁ་འཛིན་སྡོང་གྲོགས་ཀྱི་མངའ་གསོལ་དང་མཆོད་འབུལ་སོགས་གསོལ་འདེབས་བྱས་ཏེ། བསྟན་དགྲ་ཆོམ་ལ་ཕོབས་ཤིང་སྡང་དགྲ་ཟིལ་གྱིས་གནོན་པའི་ཐབས་སུ་གླུ་ལེན་པ་ཞིག་ཡིན་ལ།   དཔེར་ན་ཤར་བདུད་མཆོང་རྫོང་གི་ལེའུ་གསུམ་པ་ལས།   གེ་སར་རྒྱལ་པོས་དར་དཀར་པོ་སྲིད་དུ་རིང་བ་ཞིག་ཕྱག་ལ་བསྣམས་ཏེ་གླུ་འདི་བླངས་བར་གདའ་འོཿ  གླུ་ཨ་ལ་ལ་མོ་ཨ་ལ་ལེནཿ མ་ཐ་ལ་གླུ་ཡི་ལེན་ལུགས་རེདཿ གནས་དཔལ་རི་མཁའ་འགྲོའི་འདུ་གླིང་ནསཿ  སྐྱབས་འགྱུར་མེད་པདྨ་ཐོད་ཕྲེང་རྩལཿ བདག་གུས་པས་གསོལ་འདེབས་བྱིན་གྱིས་རློབསཿ ཕོ་ང་དང་ང་ངོ་མ་ཤེས་ནཿ གླིང་སེང་ཆེན་དམག་གི་རྒྱལ་པོ་ཟེརཿ ས་འདི་ཡི་ས་ངོ་མ་ཤེས་ནཿ འདུ་ར་སྟག་ཐང་ཁྲ་མོ་རེདཿཤར་རྨར་ཁམས་ལྷ་དམག་བརྒྱད་བཅུའི་དཔུང་ཿ འཁོར་ལས་དམག་ནམ་མཁའི་རྒྱུ་སྐར་ཚོགསཿ བུ་སེང་ཆེན་གླུ་ལ་གསན་རོགས་ཞུཿ   ཞེས་གསུངས་པ་འདི་ལ་བརྟག་ན། ཟངས་མདོག་དཔལ་རིའི་མཁའ་འགྲོ་འདུ་བའི་ཕོ་བྲང་ནས་པདྨ་འོད་ཀྱི་གཞལ་ཡས་སུ་བཞུགས་པའི་སྐྱབས་གནས་བསླུ་བ་མེད་པའི་ཡི་དམ་གྱི་ལྷ་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་ལ་གླིང་རྗེ་གེ་སར་རྒྱལ་་པོས་སྒོ་གསུམ་གུས་པ་ཆེན་པོའི་ཕྱག་སྔོན་དུ་བཏང་ནས་གསོལབ་འདེབས་པ་ནི་བདག་རྒྱུད་ཡོངས་སུ་སྨིན་ཞིང་གྲོལ་བར་བྱིན་གྱིས་རློབས་པར་མཛད་དུ་གསོལ་ཞེས་ཞུས་ཡོད་པས།   ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེ་ཁྲི་སྟོན་མཛད་སྒོའི་སྐབས་གླིང་ཆེ་རྒྱུད་ཆུང་གསུམ་འདུས་པའི་ཁྲོམ་ཚོགས་སུ་གེ་སར་རྒྱལ་པོའི་བླངས་བའི་གླུ་ཡིན་ལ།  འདི་ལ་དགོས་པ་དང་རྒྱུ་མཚན་མང་དུ་དགོངས་ཡོད་པ་གཞིར་བཅས། ཇི་སྐད་དུ།  འབུམ་པའི་དགྲ་ལྷ་རྩེ་རྒྱལ་དེ་དཀར་ཕྱོགས་བསྟན་པའི་དབུ་འཕང་མཐོཿ མགོན་ཨོ་རྒྱན་པདྨའི་འཕྲིན་ལས་འགྲུབཿ   ཞེས་པའི་ཚིག་རྐང་གཉིས་ཀྱི་དགྲ་ལྷ་ཁྲིར་འཁོད་པའི་དབང་གིས་དཀར་ཕྱོགས་བསྟན་པ་ནི་ལྷ་ཀླུ་གཉན་གསུམ་གྱི་མགོན་སྐྱབས་དང་དཔུང་གཉེན་བྱེད་པའི་དབུ་འཕང་མཐོ་བས། གནས་སྐབས་དང་མཐར་ཐུག་སོགས་གཏན་གྱི་བདེ་བའི་རྒྱུ་ལ་དམིགས་ནས་འགྲོ་དོན་གེགས་མེད་ལྷུན་གྱིས་འགྲུབ་པ་ཁ་འཛིན་དང་སྟོང་གྲོགས་མཛད་པ་ཡིན་ལ།   ཁྱད་པར་དུ་མགོན་ཨོ་རྒྱན་པདྨའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་ཀྱི་རྣམ་འཕྲུལ་སེང་ཆེན་རྒྱལ་པོའི་བསམ་དོན་གེགས་མེད་ལྷུན་གྱིས་འགྲུབ་པ་དང་་ནག་ཕྱོགས་བདུད་དགྲ་ཆོམ་ལ་འབེབས་ཤིང་དཀར་ཕྱོགས་དབུ་འཕང་དགུང་ལ་བསྟོད་པའི་ལས་སྨོན་དང་རྟེན་འབྲེལ་གྱི་ཆེ་བ་བརྗོད་ཡོད་པ་དེ་དཔེ་མཚོན་ཙམ་ཡིན།   ལྔ་པ་རིག་གནས་ནི།  གླིང་སྒྲུང་སྤྱི་དང་བྱེ་བྲག་ཧོར་གླིང་གཡུལ་འགྱེད་འདིར་རིག་གནས་ཀྱི་འབྱུང་ཁུངས་ཆུ་གཏེར་དང་བང་མཛོད་ལྟ་བུར་ཞིག་ཏུ་གྱུར་ཡོད་ལ། རང་རེ་བོད་འདིར་ཡོངས་གྲགས་སུ་གྲངས་ཀྱི་སྒོ་ནས་རིག་པའི་གནས་ཆེན་ལྔ་དང་གནས་ཆུང་ལྔ་སོགས་བཅུ་ཕྲག་རིག་པའི་གནས་ཀྱི་རྣམ་བཞག་བྱས་པ་ལྟར།   བཟོ་རིག་པ་ལྟ་བུ་ཞིག་ལ་ཆ་མཚོན་ན་ནང་གསེས་སུ་ལུས་བཟོ་དང་ངག་བཟོ་ཡིད་བཟོ་གསུམ་ལས།   གླིང་སྒྲུང་དང་བཟོ་རིག་པའི་རིག་གནས་བར་གྱི་འབྲེལ་བ་ཤིན་ཏུ་རྒྱ་ཆེན་པོ་ཡོད་པ་ནི།   ཐང་ག་དང་སྐུ་འདྲ་ལྟ་བུའི་བྲིས་འབུར་གྱི་སྐུ་བརྙན་བཟོ་བཞེངས་བྱས་པ་ཙམ་མ་ཡིན་པར།  ཡུལ་དུས་རང་བཞིན་སོགས་སོ་སོར་མ་འདྲེས་པར་ཡེ་གདོད་མ་ནས་སྣོད་བཅུད་ཐམས་ཅད་སྐུ་གསུང་ཐུགས་མཛད་པ་ཕྲིན་ལས་དང་བཅས་མཚན་དཔེའི་སྐུ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཁྲ་ལམ་མེར་ཐུགས་ཀྱི་ཀློང་དུ་བཞེངས་སྐྲུན་བྱས་ཡོད་པ་ནི་དཔེར་ན།   འཁྲུངས་གླིང་མེ་ཏོག་ར་བ་ལས།  མ་སྐྱེས་ཡེ་སྟོང་ཆོས་ཀྱི་དབྱིངས། །མ་འགག་ཆོས་ཀུན་འབྱུང་བའི་གཞི། །ཡོད་མེད་མཐའ་བྲལ་སྟོང་པའི་རྩལ། །རང་ཤར་ལྷུན་གྲུབ་གླུ་ལ་གསོན། །  ཞེས་དང་།    གཞན་ཕན་འགྲོ་དོན་མ་བསམ་ན། །རྩེ་གཅིག་བྱང་ཆུབ་ཅི་ལ་སྒྲུབ། །གདུལ་བྱ་མ་མཁྱེན་སངས་རྒྱས་མིན། །གཞན་དོན་མ་འགྲུབ་དམ་ཆོས་མིན། །ཐར་ལམ་མ་དྲངས་དགེ་འདུན་མིན། །ཞེས་གསུངས་པ་ལྟར་ཡེ་ནས་སྣང་སྲིད་དག་མཉམ་ཆེན་པོའི་ལྟ་བ་མངོན་དུ་གྱུར་ནས་སྐུ་དང་ཞིང་ཁམས་ཀྱི་སྣང་བས་ཁྱབ་གདལ་དུ་ཕྱིན་པའི་དོན་རྐང་པ་བཞི་པའི་རང་ཤར་ལྷུན་གྲུབ་དང་སངས་རྒྱས་མིན་ཞེས་པའི་ཚིག་གཉིས་པོ་འདིས་མཚོན་ཡོད་པར་རྗེས་སུ་དཔོག་ཐུབ།    དེ་ཡང་དཔལ་སྐྱའི་ཆོས་སྐྱོང་གཏོར་ཆོག་བསྐང་བཤགས་ཚོགས་བསྡུས་ལས།   ཨོྃ་གྱི་ཆོས་རྣམས་སྟོང་པར་གྱུར་པའི་ངང་། །ཨཿལས་དུང་ཆེན་ཐོད་པ་ཆེར་ཡངས་པ། ཧཱུཾ་ལས་ཤ་ལྔ་ཡེ་ཤེས་བདུད་རྩི་ལྔ། །ཧོ་ཡིག་དབྱེར་མེད་ཡེ་ཤེས་བདུད་རྩིར་གྱུར། །ཞེས་གསུངས་པ་ལྟར།    སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཨོྃ་གྱིས་སྟོང་པར་སྦྱངས།  སྟོང་ཉིད་དེའི་ངང་ལས་ཨཿ ཡིས་སྟོང་གསུམ་ཁེབས་པའི་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བར་རང་ལ་བསྟན་པ་བསྐྱེད། དེའི་ནང་ཧཱུཾ་གིས་ཤ་ཆེན་ལྔ་བསྐྱེད། ཧོ་ཡིས་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་ཡེ་ཤེས་ལྔའི་ངོ་བོ་རུ་སྦྱངས་བ་དང་།   ཡེ་ཤེས་ལྔའི་རང་གཟུགས་རྒྱལ་བ་རིགས་ལྔའི་སྐུ་ཤར་བ་ནི་ཡིད་བཟོ་ཁོ་ན་ཡིན་ལ།   ཡིད་བཟོ་དང་བསྐྱེད་རིམ་གཉིས་ངོ་བོ་གཅིག་ཏུ་གྱུར་པ་ནི་རྒྱུད་ཀྱི་དགོངས་པ་མཐར་ཐུག་པའང་ཡིན།   དེ་དག་གི་མཚོན་བྱ་ས་བོན་ཡིག་འབྲུའི་གཟུགས་སུ་བཀོད་པ་དེ་ངག་བཟོའི་ཁོངས་སུ་བསྡུ་དགོས་པས།  རྒྱུ་མཚན་མིང་ཚིག་ཡི་གེའི་གཟུགས་སུ་བཀོད་དགོས་པའི་ཕྱིར་ན་འདི་ལ་སྒྲ་གྲགས་པའི་རྒྱུད་ཀྱི་ཁོངས་སུ་བསྡུ་རུང་བ་ཡིན།    མཚོན་བྱ་ཉིད་མཚོན་བྱེད་རི་མོའི་གཟུགས་སུ་བཀོད་པ་ནི་བརྡ་གྱུར་པའི་རྒྱུད་ཡིན་ལ་ལུས་བཟོའི་ཁོངས་སུ་བསྡུ་རུང་ཡིན་པས་འདི་དག་གི་དོན་རྒྱས་པ་རྣམས་རྙིང་རྒྱུད་གསང་བ་སྙིང་པོ་སོགས་ལས་གསལ་བར་གསུངས་ཡོད་པས་དེ་དག་ལས་ཤེས་པར་བྱའོ།།   ལུས་བཟོ་ནི་འཕགས་པ་གསུམ་གྱི་སྐུ་བརྙན་བྲིས་འབུར་་གཉིས་ཀྱི་བཟོ་རྩལ་ལས་བསྐྲུན་པ་རྣམས་ཡིན་ལ།     དེ་ཡང་ཧོར་གླིང་གཡུལ་འགྱེད་ལས།   གསེར་སེར་པོའི་ཐུབ་པ་རང་བྱོན་དང་། །དངུལ་དཀར་པོའི་སྤྱན་རས་གཟིགས་དབང་སྐུ།  །གཡུ་སྔོན་པོའི་སྒྲོལ་མ་རང་བྱོན་སྐུ། །བྱུ་རུའི་འོད་དཔག་མེད་མགོན་སྐུ། །གདུགས་དཀར་པོ་རིན་ཆེན་སྤུངས་པ་དང་། །ཁྲིམས་རྣོ་མདུང་དར་ཁྲ་ཕྱུག་མོ་དང་། །ནང་ཆོས་དུང་ལྷ་རྟེན་དཀར་པོ་དང་། །རྒྱ་ཐམ་ག་རིན་ཆེན་འབར་བ་དང་། །བུམ་ཆུང་ཆུང་བདུད་རྩི་འཁྱིལ་བ་དང་། །ནོམ་སྟག་སྒམ་རྣམ་སྲས་བང་མཛོད་དང་། །བཀའ་བསྟན་འགྱུར་གསེར་དངུལ་རིན་ཆེན་དང་། །ཟངས་ལྕགས་ཀྱི་ཇ་འཁོར་དྲུག་ཁྲི་དང་། །གོས་ཆེན་མོ་སོ་ནག་གྲིབ་མེད་རྣམས། །ནོམ་ཚར་ཚར་བཏོན་ནས་ཤིང་རྟར་དྲངས། །ཇ་མཁར་རིང་མོ་གཞི་ནས་གཏོར། །ཞེས་པ་ལྟར།  ཧོར་གླིང་གཡུལ་འགྱེད་སྐབས་ཧོར་དམག་གིས་ཇ་མཁར་རིང་མོ་བཤིགས་ནས་སྐུ་རྟེན་རྣམས་ནོམ་ལ་བཅད་པ་དེ་དག་བཟོ་རིག་པ་དང་འབྲེལ་བའི་ལུས་བཟོའི་ཁོངས་སུ་གཏོགས་པ་ཁོ་ན་ཡིན། ངག་བཟོ་ནི་སྟོན་པའི་གསུང་རབ་རྣམས་མིང་ཚིག་ཡི་གེའི་བརྗོད་བྱར་བྱས་པའི་མདོ་སྔགས་ཟུང་གི་བརྗོད་དོན་རྣམས་གནས་བྱེད་པ་རླུང་རྣམ་པར་རྟོག་པ་བཞིའི་སྒོ་ནས་ངག་གིས་སྒྱུ་རྩལ་བཟོ་རིག་པ་ལས་དྲངས་བའི་རྣམ་པ་ཞིག་ཡིན།   དེ་ཡང་པིར་ཐོགས་པ་རྣམས་ཀྱིས་བཟོ་རིག་པའི་ཤེས་བྱའི་གནས་ལ་ཐོག་མར་འཇུག་པའི་ཚེ་བཟོ་རིག་སློབ་དཔོན་གྱི་ངག་གིས་འདོད་པ་འཇོ་བ་ལས་བྱུང་བའི་རི་མོའི་འགྲོས་དང་ངག་གཉིས་ཟུང་དུ་འབྲེལ་ནས་སློབ་མའི་ཤེས་རྒྱུད་ལ་བཟོ་རིག་པའི་བག་ཆགས་ཀྱི་ས་བོན་འཇོག་པར་བྱེད་པ་དེ་ངག་བཟོའི་ཁོངས་སུ་གཏོགས་པ་ཡིན།     དོན་དུ་ཧོར་གླིང་བར་གྱི་མི་སྣ་དེ་དག་རང་རང་གི་མགོན་སྐྱབས་དང་སྟོང་གྲོགས་བྱེད་པའི་ཐུན་མོང་མ་ཡིན་པའི་ལྷ་རེ་ཡིད་ཡུལ་དུ་བཞེངས་ཡོད་པ་དེ་བཟོ་རིག་པའི་རིག་གནས་དང་གཏན་དུ་ཁ་འབྲལ་ཐབས་མེད་པའི་མཚོན་རྟགས་ཡིན།   དེ་བཞིན་དུ་གསོ་བ་རིག་པ་དང་སྒྲ་རིག་པ་ཚད་མ་རིག་པ་ནང་དོན་རིག་སོགས་རིག་གནས་གཞན་ལའང་རིགས་འགྲེ་ནས་ཤེས་པར་བྱ་རིགས་སོ།།    དེ་ཡང་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས་ཀྱང་། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།།   ཅེས་གསུངས་པ་ལྟརགཞན་དག་རྗེས་སུ་བཟུང་བ་བྱེད་པ་ལ་བཟོ་རིག་པ་དང་གསོ་བ་རིག་པ་གཉིས།  གཞན་དག་ཚར་གཅོད་པར་བྱེད་པ་ལ་སྒྲ་རིག་པ་དང་ཚད་མ་རིག་པ་གཉིས།   བདག་ཉིད་ཤེས་བྱ་ཀུན་ཤེས་པར་བྱེད་པ་ལ་ནང་དོན་རིག་པ་སྟེ་རིག་པའི་གནས་ལྔ་འདིས་ཁོངས་སུ་མ་འདུས་པའི་རིག་གནས་ཤིག་མེད་པའི་ཕྱིར་ན།   ཧོར་གླིང་བར་གྱི་མི་སྣ་དེ་དག་གིས་ཕན་ཚུན་གཡུལ་འགྱེད་བྱེད་སྐབས་སོ་སོའི་ཡིད་ཡུལ་གྱི་དགྲ་ལྷ་གསོལ་མཆོད་བྱེད་པ་དེ་བཟོ་རིག་པའི་རིག་གནས་ཡིད་བཟོའི་ཁོངས་སུ་འདུ་བ་དང་།   གཡུལ་འགྱེད་བར་མདའ་མདུང་གྲི་སོགས་ཀྱི་རྨས་སྐྱོན་ཕོག་ཚེ་གསོ་དཔྱད་བརྟག་ཐབས་གསུམ་གྱིས་ཕྱིར་བཅོས་བྱེད་པར་གསོ་བ་རིག་པའི་ཁོངས་སུ་འདུ་ལ། ཕན་ཚུན་སུན་འབྱིན་གྱིས་གླུ་ཤགས་འགྱེད་ནས་བརྩོད་གླེང་བྱས་པ་ནི་སྒྲ་དང་ཚད་མ་རིག་པའི་ཁོངས་སུ་འདུ་བ་དང་།   ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱིས་གཞན་དོན་དུ་རྫོགས་བྱང་ཐོབ་ཕྱིར་བདུད་སྡེ་ཆོམ་ལ་ཕབ་པ་ནི་ནང་དོན་རིག་པའི་ཁོངས་སུ་གཏོགས་པ་ཡིན།    དྲུག་པ་སྒྱུ་རྩལ།    སྤྱིར་སྒྱུ་རྩལ་ཞེས་པ་ནི་མིའི་བསམ་བློ་ལ་ཆགས་སྡང་རྨོངས་གསུམ་གྱིས་ནུས་པ་འདོན་སྤེལ་བྱེད་པའི་བྱེད་ལས་ཁྱད་པར་ཅན་ཞིག་སྟེ།    སྐབས་འདིར་ཧོར་གླིང་བར་གྱི་མི་སྣ་དེ་དག་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཡུལ་དུས་རང་བཞིན་སོ་སོར་མ་འདྲེས་པར་དམག་འཐབ་དང་ཕན་ཚུན་གཡུལ་འགྱེད་བྱས་པ་དེ་རྟོག་པའི་འཆར་སྒོ་རུ་ཆགས་སྡང་དང་དགའ་སྐྱོ་སོགས་ཡིད་ཀྱི་འགྱུར་བ་ཐེབས་པའི་ནུས་པར་འདོན་སྤེལ་བྱེད་པའི་དཔའ་བོའི་སྒྱུ་རྒྱུ་རྩལ་གར་གྱི་ཉམས་དགུ་དང་ལྡན་པ་ཞིག་སྟེ།    དེ་ཡང་ཧོར་གླིང་གཡུལ་འབྱེད་ལས།    གེ་སར་རྒྱལ་པོ་དེ་འཛོམ་པ་སྤུན་གསུམ་ལ་སྤྲུལ་ནས་ཅི་ཆ་མེད་པར་ཉི་མ་ཤར་བ་དང་ལྷན་དུ་ཧོར་ཡར་རྩེ་མཁར་སྒོར་བསླེབས་པར་འབྲུག་མོས་མཐོང་བས་གེ་སར་རྒྱལ་པོ་བདུད་ཡུལ་ཕེབས་པའི་བྱུས་ཡག་ཉེས་ཞིབ་འདྲི་བྱས་པའི་ལན་དུ་འཛོམ་དཀར་གྱིས་སྙད་པའི་གཏམ་རྣམས་ཐོས་པ་ནི།  དེ་ཡང་ཧོར་གླིང་གཡུལ་འགྱེད་ལས། འབྲུག་མོ་དགའ་མདངས་ཡལ་ལེ།   འཛུམ་མདངས་དམུལ་ལེ།   ཁོག་འཛུམ་ཤིག་གེ་བྱས་པ་དེ།  བུད་མེད་མཛངས་མའི་མཛེས་ཆོས་མངོན་བྱུང་བ་དེ་སྒེག་པའི་ཉམས་མཚོན་པ་ཡིན།     ཡང་ཧོར་གླིང་གཡུལ་འགྱེད་ལས།  དམག་དཔོན་ཐང་རྩེ་གཡུ་འབྲུག   གུར་ནག་གི་ཐང་ནག་རྩེ་རྒྱལ།   རིག་པའི་གཅེས་ཕྲུག་ཅོག་དམར་གསུམ་གཅིག་ཤོར་གཉིས་ཤོར་གྱིས་ཐོན་ཞེས་པ་ནི་དཔའ་བོའི་ཉམས་མཚོན་པ་དང་།    ཡང་དེ་ཉིད་ལས།  ཧོར་གུར་དཀར་རྒྱལ་པོ་དེས་རུ་པའི་ཐང་ནག་རྒྱལ་རྩེ་རྒྱལ་དང་།   ཀུན་དགའི་ཉི་མ་གྲགས་པ་གཉིས་དཔུང་ཁེབ་ཁྲིད་ཅིང་བཙན་རྫོང་ནས་ཕྱིར་བུད་དེ་མར་སྒོ་འགྲམ་དུ་བྱུང་བ་དང་།   གླིང་དཀར་པོའི་རྒྱལ་བློན་རྣམས་དང་གདོང་འཕྲད་པས།   གུར་དཀར་གྱི་ངོ་མདངས་ཤོར།  ལྐོག་མ་ལུག   ལུས་པོ་རྔུལ།  སྐྲ་དང་བ་སྦུ་ཐམས་ཅད་ཟིང་སྟེ།   མིག་འབྱེད་འཛུམ་ཙམ་ཡང་བྱེད་མ་ནུས་པར།  གོམ་སྟབས་འཁྱོར་ཞིང་།  ང་། ང་།  ང་།  ཟེར་ཞིང་བཞིན་མདངས་འགྱུར་བ་དེ་མི་སྡུག་པའི་ཉམས་ཡིན།   དེ་ཡང་རྟ་རྒྱུག་ནོར་བུ་ཆ་བདུན་ལས།   འབྲུག་མོས་ཕྱི་བལྟས་ཤིག་བྱས་པས་ཇོ་རུས་གྲོ་སྨུག་རྔ་མ་ལ་འཐན་ཏེ་བཞུགས་འདུག་པར་འབྲུག་མོ་རང་དབང་མེད་པར་ངོ་ཚའི་བཤུམ་མོ་དང་།   སྡུག་སངས་ཀྱི་བཞད་གད་དུས་མཉམ་དུ་ཤོར་བ་ཞིག་བྱུང་ནས་རྟ་ལས་བབ་པ་དང་།  ཞེས་པ་ནི་དགོད་པའི་ཉམས་མཚོན་པར་ཡིན།    དམྱལ་གླིང་རྫོགས་པ་ཆེན་པོ་ལས།  མ་འགོག་མོས་ངུ་འབོད་ཀྱི་འོ་དོད་ཨ་ཕོ་ཕོ་ཞེས་ཙིར་ཧྲང་ངེར་བོས་ནས་འཆི་བ་ཧྲིལ་གྱིས་འོང་བ་སོགས་སྡུག་བསྔལ་གྱིས་འདམ་དུ་ཚུད་ཡོད་པའི་སྐབས།  ཡུལ་ཁམས་ཐམས་ཅད་འདར་ཤིག་ཤིག་བྱེད་པའི་གཤིན་རྗེས་ལས་མཁན་རྣམས་ཀྱིས་རྒྱོབ་རྒྱོབ་དང་སོད་སོད་སོགས་འཇིགས་གཏམ་བྱེད་པའི་སྒྲ་གནམ་ས་འགུལ་བར་བྱས་པ་དེ་དྲག་ཤུལ་གྱིས་ཉམས་མཚོན་པ་ཡིན།   ཡང་དེ་ཉིད་ལས།   འཛམ་གླིང་གེ་སར་རྒྱལ་པོ་དེ་ཐུགས་ཁྲོས་ནས།   མགོ་ཡ་ཐོད་དཔའ་བོ་ཁྲོ་ཁྲོ།   མ་ཐོད་དཔའ་མོ་ཁྲོ་ཁྲོ།   སྤྱན་མིག་གློག་དམར་འཁྲུགས་འཁྲུགས།   ཚེམ་དཀར་གངས་རི་བརྩིག་བརྩིག    སྔགས་ནག་ར་རྒྱུ་འཆའ་འཆའ།   ཞེ་སྡང་དུག་ཆུ་ཁོལ་ཁོལ།   རྟ་རྐྱང་རྒོད་གློག་དམར་འཁྱུགས་འཁྱུགས།  ཡབ་སྡེབ་ཆ་ལང་སྡེབ་སྡེབ།   ཁ་སྤྲོ་ཁ་ནས་ལང།   ངོ་སྤྲོ་ངོ་ནས་ལོང།   ཞེས་འཇིགས་སུ་རུང་བའི་ཉམས་མཚོན་པར་ཡིན་།    འཛམ་གླིང་གེ་སར་རྒྱལ་པོ་དེས།   དོན་མེད་འཁོར་བའི་སེམས་ཅན་ལ། །སྡུག་བསྔལ་འདི་འདྲ་ཅི་ལ་གཏུག །ཁྱེད་ལས་མཁན་སངས་རྒྱས་ཡིན་པར་གསུངས།  །སངས་རྒྱལ་བདུད་ཀྱི་ལས་ལུགས་ལ། །བསད་བཅད་མནར་གསུམ་སོ་ནམ་རེད། །སྙིང་རྗེ་མེད་པར་བདུད་ཀྱི་ལུས། །བྱང་སེམས་མེད་པར་འདྲེ་ཡི་སེམས། །ངས་དེ་འདྲའི་སངས་རྒྱས་མཐོང་མ་མྱངས། །ཞེས་པ་འདིས་སྙིང་རྗེའི་ཉམས་མཚོན་པ་ཡིན།   དེ་ཡང་ཧོར་གླིང་གཡུལ་འགྱེད་ལས།  འཛམ་གླིང་གེ་སར་དབང་གི་རྒྱལ་པོ་ཁོང་གི་ཞལ་ངོ་ཚེས་བཅོ་ལྔའི་དུང་ཟླ་ལྟ་བུ་དེ།  ནག་པོ་སྤྲིན་འཁྲིགས་པ་ལྟ་བུ་བྱས་ནས་ཐུགས་ཁྲོས་པའི་ཚུལ་བསྟན།  དེ་དུས་སྲས་དགྲ་ལྷ་རྩེ་རྒྱལ་དང་བློན་འདན་མ་སོགས་ཞེ་སྡང་གི་མེ་ལྟར་འབར།   སྤྱན་མིག་གློག་ལྟར་འཁྱུགས།    ཞལ་ངོ་སྤྲིན་ནག་འཐིབས་པ་ལྟར་ཡོད་པའི་སྐབས་དེར།  ཞེས་པ་འདིས་རྔམ་པའི་ཉམས་མཚོན་པ་དང་།    ཞི་བའི་ཉམས་འདི་ལ་ཁྲོ་ཆགས་ཀྱི་གཟུགས་ལས་གཞན་དུ་གྱུར་པ་ཞིག་སྟེ།  རྒྱུད་ཞི་ཞིང་དུལ་བ་ཅུང་ཟད་འཛུམ་ཟེར་དང་ལྡན་པ་ཞིག་ལ་གོ་རུང་བས།   དེ་ཡང་ནད་ཀྱི་ཟུག་གཟེར་ཞི་བ་དང་།   ཁོང་ཁྲོ་འཁོན་འཛིན་མེད་པ་མཚོན་པར་ནི་ཞི་བའི་ཉམས་ཡིན་ལ།   འདིར་ལས་དང་སྦྱར་བ་ན་ཞི་བའི་ལས་དཀར་པོ་དགེ་བའི་ལས་ལ་ཉོན་མོངས་སྤོང་བས་ཕུང་པོ་ལྷག་མ་དང་བཅས་ཏེ་མྱ་ངན་ལས་འདས་པ་ནི་ཞི་བ་ཡིན་ནོ།   དོན་དུ་གླིང་སྒྲུང་དང་འབྲེལ་བའི་ཞི་བ་ནི་མི་སྣའི་ལུས་ངག་ཡིད་གསུམ་མི་དགེ་བའི་ལས་དང་སྤྱོད་པ་ཡོངས་སུ་དག་པས་ཞི་བ་སྟེ།   དེ་ཡང་ཧོར་གླིང་གཡུལ་འགྱེད་ལས།  དཀར་ཕྱོགས་ཀྱི་རུ་མཚོན་གནམ་ལ་བསྒྲེངས།   དེའི་ཉིན་པ་ནས་བཟུང་གླིང་གི་དགྲ་ལྷ་རྣམས་ལ་ལྷ་བསང་བཏང་།   ཡུལ་ཕྱོགས་ལ་ཁྲུས་གསོལ་མཛད།  མ་སྲུ་རྣམས་ལ་ཇ་འདྲེན་དང་ཆང་འདྲེན་བྱས།   སྐྱིད་པའི་གླུ་བླང་དགའ་བའི་གར་འཁྲབ་ཅེས་ཞི་བའི་ལས་ཀྱི་ཉམས་མཚོན་པ་ཡིན།   དེ་ལྟ་བུ་སྒྱུ་རྩལ་གྱི་ཉམས་དང་རིན་ཐང་ཁྱད་པར་ཅན་དང་ལྡན་པ་ནི་གླིང་སྒྲུང་སྤྱི་དང་བྱེ་བྲག་ཧོར་གླིང་གཡུལ་འགྱེད་ཀྱི་བརྗོད་བྱའི་དབྱེ་ཞིབ་དང་ནང་དོན་རྣམས་སྤྱིའི་ཁོག་དབུབ་ཙམ་གྱི་རྣམ་པའི་ངོས་བརྗོད་དོན་མཚོན་པར་བྱས་ཡོད།   



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1