༄༅།།རྒྱལ་རོང་གི་དར་གར་ཤོ་ནེ།

ཆུ་མདོ་པད་མ་བཀྲ་ཤིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 05-09


       དེ་ཡང་ཤར་རྒྱལ་མོ་ཚ་བ་རོང་གི་རིགས་རྒྱུད་གཙོ་བོ་ནི་གངས་ཅན་བོད་ཀྱི་རྩ་བའི་རུས་རྒྱུད་དབྲ་རུས་ལས་མཆེད་པར་མང་ཕྱིར། རྒྱལ་རོང་མིའི་རུས་རྒྱུད་ཅིང་དབྲ་རུས་ཞེས་བཞེད་དེ། «བོད་མི་བུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ»ལས། སྤྱིར་རྒྱལ་མོ་རོང་གི་རྒྱལ་ཁག་ཐམས་ཅད་ཀྱི་རྒྱལ་པོའི་གདུང་རྒྱུད་དག་པ་ཐམས་ཅན་ནི་སྦྲའམ་དབྲ་ཁོ་ན་ཡིན་པར་བཞེད་ལ།ཞེས་དང་། ཡང«མདོ་སྨད་ཆོས་འབྱུང»ལས། ཚ་ཆུའི་རྒྱུད་དུ་བསྟན་པའི་ལྕགས་རི་ཚ་བ་ཁག་གསུམ་དུ་བསྔགས་པའི་རྒྱལ་ས་ཡོད། རྒྱལ་རོང་རྒྱལ་ཁག་ཐམས་ཅད་ཀྱི་རུས་སྦྲ་ཡིན་པར་བཤད། རིགས་དེར་ཚ་ཁོ་རང་སྐད་ལ་ང་ཤིས་ཙ(ངའི་སྦྲ་ཞེས་པ་སྟེ་རོང་མིའི་ཟུར་ཆག་གི་སྐད)ཟེར[3]ཞེས་ཤར་རྒྱལ་མོ་ཚ་བ་རོང་གི་རིགས་རྒྱུད་གཙོ་བོ་ཡང་སྦྲའང་དབྲའི་རུས་ཡིན་པར་གསུངས་ཤིང་། དེས་ན་སྟོད་ཞང་ཞུང་གི་དབྲའི་རུས་རྒྱུད་དང་སྨད་རྒྱལ་མོ་ཚ་རོང་ཡུལ་གྱི་དབྲའི་རུས་བར་ལ་འབྲེལ་བ་གང་ཡོད་ཅེ་ན། རྒྱལ་རོང་ལོ་རྒྱུས«རབ་གསལ་མེ་ལོང»ལས། ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱིས་ཞང་ཞུང་ཏ་རོག་ཡུལ་ན(དེས་སང་བོད་ལྗོངས་གཞེས་ཀ་རྩེའི་འབྲོང་པ་རྫོང་གི་བྱང་རྒྱུད་ཀྱི་ས་ཆ)བཞུགས་པའི་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་ལིག་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་གཉིས་ཤར་རྒྱལ་མོ་ཚ་བ་རོང་ཕྱོགས་སུ་འགྲོ་བའི་མགོན་དུ་བྱོན་དགོས་པར་བཀའ་བསྩལ་བས་རིམ་གྱིས་དེར་བསྐྱོད་དེ། གནས་རྒྱལ་མོ་ཚ་བ་རོང་ཆེན་གྱི་དབུས། ཆུ་ཆེན་ཀ་ལང་ཀ་ཞེས་བྱ་བའི་ས་ཆར་ཐོན་ནས་ཡུལ་དེར་མི་འགྱུར་བརྟན་བཅུ་འཛོམས་པའི་གཡུ་རྩེ་ཕོ་བྲང་དམར་པོ་བཞེངས། རྒྱལ་པོའི་མིང་ལ་ལིག་ཝེར་རབ་བརྟན་རྒྱལ་པོ་བཏགས།[4]ཞེས་གསུངས་པ་དང་། གཞན་ཡང་སྔོན་རབ་བརྟན་རྒྱལ་པོའི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་ཤིང་པར་ཨ་དུམ་གྱི་མཇུག་ལས། མིའི་ལུགས་ཕྱོགས་བཞི་དབུས་ལྔར་གཡོ་ཅོག(ལྕོག)ལྔ།། བཙུགས་པས་ཕོ་བྲང་གཡུ་རྩེ་ཞེས་སུ་བཏགས།། ལྷ་སྲས་ཀོང་ང་ཀུན་གྱི་སྤྱི་རྗེར་བཀུར།། ལིག་ཝེར་བཙན་ན་རབ་བརྟན་རྒྱལ་པོར་གྲགས་ཞེས་གསུངས་པས་ཤེས་པར་བྱའོ།། དེ་ལྟར་ཞང་ཞུང་དབྲའི་རུས་རྒྱུད་མང་པོར་བསྐལ་བ་ཡ་ཐོག་དུས་ནས་ཡུལ་ཤར་རྒྱལ་མོ་ཚ་རོང་དུ་བྱོན་ཏེ་ཡུལ་དེ་དག་ཏུ་ཞང་ཞུང་གི་མི་རྒྱུད་དང་ཞང་བོད་ཀྱི་ཤེས་རིག་དར་བར་མངོན། དེ་ཡང་ཞང་ཞུང་ལིག་ཝེར་རྒྱལ་རྒྱུད་དེ་དག་ཡུལ་རྒྱལ་མོ་རོང་དུ་འབྱོར་པའི་དུས་ཡུན་ཏེ། «ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང»ལས། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་འདས་པའི་སྔོན་རོལ་དུ་བྱུང་བའི་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་ཀྱི་བྱ་རུ་ཅན་ཞེས[5]བཀོད་པར་གནང་བས། ཁྲི་ཝེར་གསེར་ཀྱི་བྱ་རུ་ཅན་ཞེས་བྱ་བ་དེ་ནི་ཞང་ཞུང་ཏ་རོག་རྒྱལ་པོ་ཕྱོགས་རྒྱལ་མོ་ཚ་བ་རོང་དུ་འབྱོན་དགོས་པར་བཀའ་བསྩལ་མཁན་གྱི་རྒྱལ་པོ་རང་ཡིན་ཏེ། ཏ་རོག་ཡུལ་གྱི་ལིག་ཝེར་རྒྱལ་པོ་ཤར་རྒྱལ་མོ་ཚ་བ་རོང་དུ་འབྱོན་པའི་དུས་ཚིགས་ཕལ་ཆེར་སྟོན་པ་གཤེན་རབ་མི་བོ་ཆེ་དང་དུས་མཉམ་དང་། ཡང་ན་ཅུང་ཕྱིས་སུ་ངོས་འཛིན་བྱས་ན་ཆོག་པར་སེམས། དུས་དེ་ག་ནས་བཟུང་སྟེ་རྒྱལ་རོང་དང་ཞང་ཞུང་བར་ལ་འབྲེལ་བ་ཟབ་མོར་འདུག་ལ། རྒྱལ་རོང་གི་ཡུལ་སྡེ་ཕལ་མོ་ཆེར་ཞང་ཞུང་ལིག་ཝེར་རྒྱལ་པོའི་ཆབ་འོག་ཡིན་ཏེ་འབངས་རྣམས་ནི་བོད་ཀྱི་རིགས་རུས་ཁོ་ན་ཡིན། དེ་ཡང་ཡུལ་ག་གེ་མོའི་རྒྱལ་རོང་བས་ཁོ་བོ་ཅག་ནི་ཞང་ཞུང་རྒྱལ་རྒྱུད་ཀྱི་སྐུ་རུས་དག་པར་ཡིན་པར་འདོད་པས། རང་རིགས་ལ་སྐུ་རུས་ཞེས་ཀྱང་འབོད། ལིག་ཝེར་རབ་བརྟན་རྒྱལ་པོའི་ཕོ་བྲང་ཡུལ་རྒྱལ་རོང་ཀ་ལང་ཀ་ན་འགྱིང་ངེར་བཞེངས་པས་དེང་སང་ཡང་གནས་དེར་ལིག་ཝེར་ཞེས་རྔ་བ་ཁུལ་ཆུ་ཆེན་རྫོང་ཤང་མི་དམངས་སྲིད་གཞུང་གི་མིང་དུ་བཏགས་ཏེ་འབོད་པ་དང་། ཕྱོགས་མཚུངས་སུ་ཏ་རོག་ཡུལ་གྱི་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་གྱི་གདུང་རྒྱུད་རྣམས་ཡུལ་དེ་དག་གི་ཉེ་འདབས་སུ་བཀྲམ་སྟེ་རིམ་གྱིས་ཡུལ་དེ་གའི་དཔོན་པོར་བཀོད་པས། རྒྱལ་རོང་གི་ཡུལ་སྐད་དུ་ཏ་རོག་ཅེས་ཞང་ཞུང་སྟོད་ཕྱོགས་ཀྱི་ཡུལ་གྱི་མིང་སྟེ་དཔོན་པོའི་སྤྱི་མིང་དུ་ཆགས་ཏེ་དེང་སང་ཡང་ཡུལ་དེ་གའི་དཔོན་པོའི་སྤྱི་མིང་ལ་ཏ་རོག་ཅེས་ཀུན་གྱིས་འབོད་པའང་མངོན།

 གཞན་ཡང་ཅུང་ཕྱིས་སུ། ཞང་ཞུང་དབྲ་རུས་ལས་གྱེས་པའི་ཁྱུང་གི་རུས་རྒྱུད་མང་པོར་ཕྱོགས་རྒྱལ་མོ་ཚ་བ་རོང་དུ་བྱོན་པའང་གསལ་ཏེ། དཔེ་རྙིང«ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང»ལས། དེ་ནས་ཡང་རྫུ་འཕྲུལ་སྟོབས་དང་ལྡན་པའི་ཁྱུང་འཕགས་ཁྲ་མོ་དང་ལྷ་སྲས་གཡུང་དྲུང་གཉིས་ཤར་རྒྱལ་མོ་རོང་དུ་བྱོན་པའི་སྐབས་ལ་བབ་ནས། ཡབ་སྲས་གཉིས་ཀའི་རྫུ་འཕྲུལ་ཞབས་ཀྱིས་བཅགས་ནས། ཤོད་ཆེན་བཅོ་བརྒྱད་རྣམས་ལ་བཀའ་འབྲེལ་བཞག་ཅེས[6]ཁྱུང་རུས་ལས་སྤྲུལ་པའི་ཁྱུང་འཕགས་ཁྲ་མོ་དང་ལྷ་སྲས་གཡུང་དྲུང་གཉིས་མཉམ་དུ་ཡབ་མྱེས་ཆེན་དམུ་བཞེར་རྒྱལ་པོའི་བཀའ་ལུང་གནང་བཞིན་ཡུལ་རྒྱལ་མོ་ཚ་བ་རོང་གི་དབུས། དགེ་བཅུ་ཐམས་ཅད་འདུས་པའི་མདོ་གསུམ་ཉེ་བར་ཕེབས་ནས་རྒྱལ་རོང་གི་མི་རྣམས་ལ་འགྲོ་དོན་མཛད་པར་བསྟན་ཏེ། ལྷག་པར་དུ་ལྷ་སྲས་གཡུང་དྲུང་དང་ལྷ་མོ་མདངས་ལྡན་མ་གཉིས་སྟངས་དཔྱལ་འཚོགས་ནས་སྲས་བཞི་འཁྲུངས་ཤིང་། སྲས་བཞི་བོ་ནི་ཀུན་སློང་བུ་ཙ་དང་། ཁྲོ་ཙ་དང་། དབང་ཙ་དང་། དགེ་ཤིས་ཙ་བཅས་བཞིའོ།།[7]ཞེས་གསུངས་པ་དང་། གཞན་ཡང«ལེགས་བཤད་རིན་པོ་ཆེའི་གཏེར་མཛོད»ལས། ཐ་སྟག་ཁྱུང་འཕགས་ཁྲ་མོ་ནི་ཚེའི་རིག་འཛིན་བརྙེས་པས་ཞང་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་བླ་ཡི་མཆོག་གནས་བྱས་པའི་མཐར་འབྲུག་སྔོན་མོ་ཆིབས་སུ་ཞོན་ཏེ་མདོ་སྨད་རྒྱལ་རོང་དུ་བྱོན་ནས་ལྷ་མོ་མདངས་ལྡན་མ་དང་ཁབ་ཏུ་བཞེས། དེ་ལ་བུ་འབོར་གཡུང་དྲུང་བུ་བཞི་སོགས་གྲོལ་ཏེ་བོན་སྲིད་དང་རྒྱལ་སྲིད་ཀུན་འཕེལ་ནས་བསྟན་པ་རྒྱས་པར་སྤེལ། ཞེས་ཡུལ་དེ་དག་ཏུ་ཁྱུང་གི་རུས་རྒྱུད་འབྱོར་ཏེ་ཁྱུང་གི་མི་རྒྱུད་དར་བར་མ་ཟད། ཁྱུང་གི་ཤེས་རིག་རིམ་གྱིས་སྤེལ་ནས་རྒྱལ་རོང་གི་ཡུལ་སྡེ་ཀུན་ཏུ་ཡ་ཐོག་ཞང་བོད་ཀྱི་ལུགས་སྲོལ་ལྟར་གསས་ཁང་དང་འཐབ་ཁང་འདྲེས་མ་མང་དུ་བརྩིགས། རྡོ་མཁར་དང་སྡོད་ཁང་སོགས་ཁ་དོག་དཀར་པོའི་ཚོན་རྩི་གྱིས་གསོལ། ཡུལ་སྡེ་མཐའ་དག་འབྲེལ་ཚད་དོན་ལྡན་དུ་འགྱུར་བའི་མཛད་པར་རྒྱུན་རིང་པོར་འབྱུང་བར་འགྱུར་བ་ཀུན་གྱིས་ཤེས་པར་བྱའོ།། དེ་ཡང་ཁྱུང་གི་རུས་རྒྱུད་ཕྱོགས་རྒྱལ་མོ་ཚ་བ་རོང་དུ་ཐོན་པའི་དུས་སྐབས་ཏེ། «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད»ལས། འདིའི་དུས་ནི་བེེ་རོ་རྒྱལ་མོ་ཚ་བ་རོང་དུ་ཕེབས་པ་དང་དུས་མཉམ་མམ་སྙམ་མོ།[8]ཞེས་གསུངས་མོད་ཀྱང་། ཁོ་བོས་བལྟས་ན་བེེ་རོ་དང་དུས་མཉམ་ཡིན་པར་མི་སེམས་ཏེ། རྒྱུ་མཚན་ནི། བེེ་རོ་དང་མདོ་བཞེར་ནག་པོ་གཉིས་དུས་མཉམ་ཡིན་པར་བོད་ཀྱི་ལོ་རྒྱུས་ལས་ཤིན་ཏུ་གསལ་བར་མ་ཟད། མདོ་བཞེར་ནག་པོ་ནི་རབ་བརྟན་རྒྱལ་རྒྱུད་ལས་ཆད་པའི་བཤད་སྲོལ་ཞིག་འདུག་ཅེས་མདོ་སྨད་ཆོས་འབྱུང་ལས་གསུངས་པའི་ཕྱིར་དང་། གཞན་ཡང་སྔར་བོད་རྒྱལ་སྟེང་གཉིས་ཀྱི་ཡ་གྱལ་ལྷ་སྲས་སྤུ་ལྡེ་གོང་རྒྱལ་གྱིས་མེ་ཉག་དཔལ་རྒྱལ་དང་མཚེ་མི་རིང་སྐྱོང་གཉིས་མངགས་ཏེ། དམ་པ་ཁྱུང་གི་གདུང་རབས་སྔོན་བྱོན་སྟོན་པ་མུ་ཁྱུང་རྒྱན་དང་ལྷ་ཁྱུང་རྒྱན་སྐུ་མཆེན་གཉིས(ལེགས་བཤད་མཛོད་ལས་སྐུ་མཆེད་ཡིན་པར་གསུངས།)ཞང་ཞུང་ནས་བོད་དུ་གདན་དྲངས། བོད་དུ་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བོན་གྱི་བསྟན་པ་དར་བ་ཡིན་ཞེས་བོན་གཞུང་གླིང་གྲགས་སོགས་ལས་བཀོད་འདུག་པ་དང་།[9] གཞན་ཡང་། མུ་ཁྱུང་རྒྱན་གྱི་སྲས་ཁྱུང་འཕགས་ཁྲ་མོ་དང་། དེའི་སྲས་ལྷ་སྲས་གཡུང་དྲུང་། དེའི་སྲས་གཡུང་དྲུང་བུ་བཞི། དེ་རྣམས་མི་རབས་བཞི་ཙམ་ལས་མེད་སྟབས་གཡུང་དྲུང་བུ་བཞི་དང་བེེ་རོ་གཉིས་དུས་མཉམ་ཡིན་མི་སྲིད་སྙམ། ལྷག་པར་དུ་སྐབས་དེར་གཡུང་དྲུང་སྤུན་བཞིས་མངའ་དབང་དུ་བསྡུས་པའི་རྒྱལ་རོང་གི་ས་ཆ་སྤྱི་ཁོག་ཙམ་བསྟན་ན། «ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང»ལས། ཤར་ཕྱོགས་རྒྱའི་ས་དང་ཉེ་བ་དང་། ལྷོ་ཕྱོགས་འཇང་གི་ས་ཡུལ་དང་ཉེ་བ། ནུབ་ཕྱོགས་འགའ་དག(མགར་ཐར)གསེར་གཞུང་ཚུད་ཆད། བྱང་ཕྱོགས་ཧོར་ཡུལ་དང་ཉེ་བའི་ཐམས་ཅད་མངའ་འོག་ཏུ་འདུས་ཡོད་པར་གསུངས་པས།[10] གཡུང་དྲུང་སྤུན་བཞིས་དབང་དུ་སྡུག་བའི་རྒྱལ་རོང་གི་ས་ཁོངས་རྒྱ་ཆེ་ཞིང་། སྲས་བཞིའི་རྒྱལ་ས་ཡང་ཡབ་ཆེན་ལྷ་སྲས་གཡུང་དྲུང་སྐུ་ཉིད་ཀྱི་བཀའ་བཞིན་གནང་བར་ལྟར། ཀུན་སློང་ཙས་ཆུ་ཆེན་རབ་བརྟན་ཡུལ་དུ་བཞུགས་ནས་རབ་བརྟན་རྒྱལ་པོའི་གདུང་རྒྱུད་སྤེལ་བ་དང་། ཁྲོ་ཙའང་ཁྲོ་བོ་སྐྱབས་ཀྱིས་ཁྲོ་ཆེན་ཡུལ་གྱི་རྒྱལ་ས་བཟུང་ནས་ཁྲོ་སྐྱབས་ཀྱི་རྒྱལ་རབས་སྤེལ་བ་དང་། དབང་ཙས་རོང་མོ་ཆུ་སྨད་ཡུལ་གྱི་རྗེ་བོ་མཛད་པ་དང་། དགེ་ཤས་ཙས་དགེ་ཤེས་ཁོག་ཏུ་བསྟན་དང་འགྲོ་དོན་མཛད་པར་མངོན་ནོ།།

        དེ་ཡང་ཤར་རྒྱལ་མོ་ཚ་བ་རོང་གི་བོད་མི་དག་གིས་གཡུང་དྲུང་ཤོན་ལ་དར་གར་ཞེས་སྨྲས་ཤིང་། ཤོན་རྩེད་ཅེས་པ་ལ་དར་གར་ཤོ་ནེ་འཁྲབ་ཅེས་འབོད་པ་ཡིན། དང་ཐོག་བྲོ་དཔོན་ནམ་ཤོན་དཔོན་རྣམས་ཀྱི་ལག་ཏུ་གཡག་རྔ་དཀར་པོར་འཛིན་ནས་འཁྲབ་པར་ཡོད་སྐད། དེང་སང་བཅོས་ཏེ་ལག་ཏུ་ཁ་བཏགས་དཀར་པོའམ་ཡང་ན་དྲིལ་རའི་ཕྲེང་བརྒྱུད་གཅིག་ཐོགས་ནས་འཆམས་པ་ཞིག་སྟེ། དེ་ཡང་རྒྱལ་རོང་གི་དར་གར་ཤོ་ནེ་འཁྲབ་སྐབས་ངེས་པར་དུ་ཕོ་མོ་རིགས་མང་པོའི་སྐོར་གྱིས་ཆས་ལུགས་སྔར་ལུགས་ཀྱི་གྱོན་ཆས་ཀྱིས་སྤྲས་དགོས་ཏེ། སྐྱེས་པ་རྣམས་ཀྱི་མགོ་ལ་སྟག་ཞུ་དང་གཟིག་ཞུ། ཝྭ་ཞུ་སོགས་མནབས། ངག་དང་ལག་སྟབས་སོགས་སྒེག་ཉམས་ཅན་སྔར་སྲོལ་མ་ཉམས་པར་སྟོན། བུད་མེད་རྣམས་ཟླ་གམ་མམ་འཇོལ་བེར་གོན། ལུས་ལ་ཤམ་ཐབས་སུལ་མང་ཅན་གྱོན། མགོ་རྒྱན་ལ་གཡུ་དང་གསེར་སོགས་ཀྱིས་བརྒྱན། སྐེ་ལ་བྱུ་རུ་དང་། མུ་ཏིག་སོགས་ཐོགས། དབྱངས་ཀྱི་ལྡིར་སྒྲ་དང་རྔ་གཤང་རོལ་མོས་སྒྲ་བསྒྲགས་པ་དང་བཅས་གྲལ་བསྟར་བསྒྲིགས་ནས་དལ་མོ་དལ་བུ་ངང་ནས་བགྲོད་པ་དང་བསྟུན་ནས་འཁྲབ་རྩེད་བྱེད་པའི་ཞབས་བྲོ་ཞིག་ཡིན། རྒྱལ་རོང་མང་ཚོགས་ཀྱིས་བཤད་སྲོལ་ལྟར་ན། རྒྱལ་རོང་གི་དར་གར་ཤོ་ནེ་འཁྲབ་པའི་ལུགས་སྲོལ་དེ་ནི་ཆེས་སྔ་དུས་ནས་རྒྱལ་རོང་ཡུལ་དུ་གདའ་སྟེ་དར་ཁྱབ་ཤིན་ཏུ་ཆེ་བར་མ་ཟད། དར་གར་ཤོ་ནེ་འཁྲབ་པའི་ཆ་ལུགས་ཀྱི་མཚོན་དོན་ནི་བྱ་རྒྱལ་ཁྱུང་ཆེན་ཡིན་པ་བཞེད་ལ། དེའི་རྒྱུ་མཚན་གྱིས་ཤར་རྒྱལ་མོ་ཚ་བ་རོང་གི་མི་རྣམས་ཀྱིས་དར་གར་ཤོ་ནེ་འཁྲབ་སྐབས་ངེས་པར་དུ་ལུས་ལ་གྱོན་ཆས་ཀླུབ་སྟངས་ཀྱང་གནའ་སྲོལ་བཞིན་དུ་ཤིན་ཏུ་དོ་སྣང་བྱེད་ཀྱིན་ཡོད། ལུང་པ་ག་གེ་མོའི་མི་རྣམས་ཀྱིས་དར་གར་ཤོ་ནེ་འཁྲབ་སྐབས། དབུའི་ཆས་སུ་དབུ་སྐྲ་རྩེ་རྒྱལ་དང་། དར་ཀྱི་འགྱིང་ཐོད་སྟག་ཞུ་གཟིག་ཞུ་ཝྭ་ཞུ་སོགས་མནབས་ཏེ། ལུས་ཆས་སུ་དར་དཀར་གྱི་འཇོལ་བེར་དང་། སྟག་གཟིག་གཅན་སྤྱང་ཡང་ན་ར་ལུག་སོགས་ཀྱི་ཐུལ་བ་གོན་ནས་འཁྲབ་དགོས་པར་ཡིན། དེ་ཡང་ལུས་ལ་ཟླ་གམ་མམ་འཇོལ་བེར་གྱོན་པས་ཁྱུང་གི་གཤོག་པར་མཚོན་པ་དང་། དབུ་ལ་སྟག་ཞུ་དང་ཝྭ་ཞུ་སོགས་མནབས་པས་ཁྱུང་གི་མགོ་བོར་མཚོན་པར་ཡིན་ཞེས་ཀུན་གྱིས་བཤད། ཁོ་བོས་བལྟས་ན་དེ་ལྟར་ཡིན་ཤས་ཆེ་སྙམ། རྒྱལ་རོང་མི་རྣམས་ཀྱི་བཤད་སྲོལ་ལྟར་ན། ཁྱུང་ནི་ཁོ་ཚོའི་མེས་པོར་འདོད་པར་མ་ཟད། ཁོ་ཚོ་ནི་ཁྱུང་གི་རྗེས་རབས་ཡིན་པར་ཁས་ལེན་བཞིན་ཡོད། ཤར་རྒྱལ་མོ་ཚ་བ་རོང་གི་མཁར་རྫོང་གི་ངོས་སུ་མདོག་དཀར་པོའི་ཚོན་རྩི་གསོལ་བ་དང་། མཁའ་རྫོང་གི་ཡང་རྩེའི་ཟུར་གཉིས་ལ་རྡོ་དཀར་པོས་བརྩིགས་ཤིང་རྩིག་སྟངས་ཀྱང་མཁར་ཟུར་གྱི་རྩེ་མོ་རྭ་ལྟར་རྣོ་ཞིང་ཅུང་ཙམ་ནང་དུ་གུག་པའི་ཚུལ་དུ་སྣང་བ་སྟེ་བྱ་རྒྱལ་ཁྱུང་གི་རྭ་ཅོ་མཚོན་པ་དང་། མཁར་ཟུར་གཉིས་ཀྱི་དཀྱིལ་དུ་ལ་བཙས་སམ་རྡོ་དཀར་གསུམ་སྤུངས་པས་བྱ་རྒྱལ་ཁྱུང་གི་གཙུག་གི་ནོར་བུར་མཚོན་པར་ཡིན་ཞེས་བཤད། དེའི་རྒྱུ་མཚན་གྱིས་རྒྱལ་རོང་ཤར་མཐའི་མི་དག་གིས་རྡོ་དཀར་པོ་ལ་དད་ཞེན་ཤིན་ཏུ་ཆེ་བར་མ་ཟད། རང་ཉིད་ཀྱི་སྡོད་ཁང་གི་མིང་ལའང་“ཁྱུང་ལུང”་ཞེས་ཁྱུང་གི་སྡོད་ཁང་ལྟ་བུར་ངོས་འཛིན་དགོས་པ་སྣང་། གཏམ་རྒྱུད་ལས། ཁྱུང་ཞེས་པ་དེ་དཔལ་རྩལ་ལ་མཚོན་པའི་སྲོག་ཆགས་ཤིག་ཡིན་པ་དང་། དེའང་དབྲ་རུས་ཀྱི་དགྲ་ལྷ་ཡང་བརྩིས་ཤིང་། ལོ་རྒྱུས་སུ་རྒྱལ་རོང་འགག་དོག་མོ་གསུམ་པོ་སྦྲ་ཡིས་ཐོབ། སྦྲ་དཔལ་རྩལ་ཆེ་བ་དེའི་དོན་ཡིན་ཞེས་སྙན་པ་བཅས་སོ།།

      


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1