ཞི་ཅིན་ཕིང་དང་ཧྲུའོར་ཚེས་བརྙན་ལམ་ཐོག་ནས་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-11



སྤྱི་ཟླ་5པའི་ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇར་མན་གྱི་ཙུང་ལི་ཧྲུའོར་ཚེས་བརྙན་ལམ་ཐོག་ནས་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། གོ་ལའི་བདེ་འཇགས་དང་གོང་འཕེལ་ལ་འཕྲད་པའི་དཀའ་ངལ་དང་འགྲན་རྩོད་ཀྱང་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་པས། ཟང་ཟིང་འགྱུར་ལྡོག་ཆེ་བའི་དུས་རབས་འདིར་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་མང་ཙམ་མཁོ་འདོན་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཡིན། ཀྲུང་གོ་དང་འཇར་མན་ནི་ཤུགས་རྐྱེན་ནུས་པ་ཆེན་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་གཉིས་རེད། དེང་གི་དུས་བབ་འོག །ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོས་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་གོང་འཕེལ་ཡོང་རྒྱུར་ཅིས་ནས་ཀྱང་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་། དགེ་མཚན་ལྡན་པའི་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། དེས་གཅིག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་ཐོགས་ཡོད་ལ། གཉིས་ནས་འཛམ་གླིང་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་ཡང་ལེགས་སྐྱེས་འབུལ་ཐུབ་ཅེས་བསྟན་འདུག །

ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་ངོ་50རིང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་འཁོར་རྒྱུག་ཐུབ་པ་དང་། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ཟབ་ཏུ་བཏང་བ་བརྒྱུད་དེ་ཐུན་མོང་གོང་འཕེལ་དང་ཕན་ཚུན་བར་ཕན་བདེ་སྐྲུན་རྒྱུ་མངོན་འགྱུར་བྱུང་ཡོད་ཅིང་། དེའི་འགག་རྩ་ནི་ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་པས་ཡིན། རྩ་ཆེ་བའི་ཉམས་མྱོང་དང་རྩ་དོན་གལ་ཆེན་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་ཀྲུང་འཇར་བར་གྱི་འབྲེལ་བ་གོང་འཕེལ་གཏོང་བའི་བསམ་འདུན་ལ་འགྱུར་བ་བཏང་མེད་ལ། འཇར་མན་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལྷག་བསམ་ལའང་འགྱུར་བ་བཏང་མེད། དེ་བས་ཀྲུང་འཇར་རྒྱལ་ཁབ་གཉིས་པོས་དོན་སྙིང་ལྡན་པའི་དོན་ཆེན་མང་པོ་ཞིག་མཉམ་དུ་སྒྲུབ་པའི་སེམས་ཤུགས་ལའང་འགྱུར་བ་བཏང་མེད། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་བྱེད་པའི་མཉམ་ལས་ཀྱི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕྱོགས་གཉིས་གླེང་མོལ་མཉམ་ལས་སྒྲིག་གཞི་བེད་གང་ལེགས་སྤྱད་དེ་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས། དངུལ་རྩ་བརྟན་པོ། ནུས་རྒྱུའི་བདེ་འཇགས། འབྲུ་རིགས་བདེ་འཇགས། ཐོན་ལས་མཁོ་སྤྲོད་སྦྲེལ་ཐག་སོགས་བརྟན་པོ་ཡོང་བ་བྱེད་པའི་ཁྱབ་ཁོངས་ཁག་གི་ཐད་སྐད་ཆ་ཤོད་རེས་བྱས་ཏེ་ཀྲུང་འཇར་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གཉིས་ཕན་མཉམ་ལས་ཀྱི་ལྐོག་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། སྦགས་མེད་ཁོར་སྲུང་དང་། ཞབས་ཞུའི་ཉོ་ཚོང་། མི་ཐབས་རིག་ནུས། གྲངས་གཞི་ཅན་སོགས་ལག་རྩལ་གསར་པའི་ཁྱབ་ཁོངས་སུ་མཉམ་ལས་ཧུར་ཐག་བྱེད་དགོས། ཀྲུང་གོས་གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་གཏོད་བཞིན་ཡོད་པས་འཇར་མན་ཚུད་པའི་རྒྱལ་ཁབ་ཁག་ལ་རྒྱ་ཆེའི་ཁྲོམ་རའི་གོ་སྐབས་སྐྲུན་ཐུབ། དོན་དམ་པའི་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་གཞུང་དྲང་ལུགས་མཐུན་ལ་སྲུང་སྐྱོབ་བྱེད་པ། ལག་གདང་སྦྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱ་དོན་ཐད་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོབ་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ། གོ་ལའི་དོ་སྙོམས་དང་མཐུན་སྦྱོར། ཁོང་ཡངས་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་དགོས། འཇར་མན་གྱིས་གོ་ལའི་གོང་འཕེལ་གྲོས་ཆོད་དང་གོ་ལའི་བདེ་འཇགས་གྲོས་ཆོད་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་ནི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླ་ཡིན་ལ། ཕན་ཚུན་བར་གྱི་གོ་སྐབས་ཀྱང་ཡིན་པས། ཐུན་མོང་གི་ཁེ་ཕན་ནི་འགལ་ཟླ་ལས་ལྡབ་ཀྱིས་མང་བ་ཡོད། ཀྲུང་གོས་ཡོ་རོབ་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ནི་སུ་ཞིག་ལ་དམིགས་པ་ཞིག་མིན་པ་དང་། སུ་ཞིག་ལ་བརྟེན་པ་ཞིག་མིན་ཁར། དེ་བས་ཕྱོགས་གསུམ་གྱིས་ཚོད་འཛིན་བྱེད་ཐུབ་པ་ཞིག་ཀྱང་མིན། འདི་ནི་ཕྱོགས་གཉིས་པོས་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་ཞིག་རེད། ཕྱོགས་གཉིས་པོས་རྩོད་སྒྲུབ་དང་རྒྱང་རིང་གི་མིག་རྒྱང་རྒྱུན་འཁྱོངས་དང་། ཕན་ཚུན་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས། ཡང་དག་པའི་ངོས་འཛིན་རྒྱུན་འཁྱོངས། སྤེལ་རེས་ལ་ཤུགས་སྣོན། ཕན་ཚུན་བར་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་བ་སོགས་བྱེད་དགོས། ས་ཁམས་ཆབ་སྲིད་ཉམས་ཉེན་མདུན་དུ་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུ་དར་སྤེལ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་བརྟན་ལྷིང་རང་བཞིན་གྱིས་རྒྱལ་སྤྱིའི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་ཁ་གཏད་གཅོག་དགོས། རིམས་ནད་རྗེས་ཀྱི་སླར་གསོའི་དཀའ་གནད་མདུན་དུ་གནམ་གཤིས་འགྱུར་ལྡོག་དང་རྒྱུན་མཐུད་གོང་འཕེལ་སོགས་མིའི་རིགས་ཀྱི་འབྱུང་འགྱུར་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཐོག་གཅིག་སྡུད་བྱས་ནས། ཀྲུང་གོ་དང་ཡོ་རོབ་བར་སྐད་ཆ་ཤོད་རེས་བྱེད་པའི་ཡོངས་ཁྱབ་རང་བཞིན་གྱི་སྒོ་ནས་གོ་ལའི་བཅོས་སྒྲིག་གོང་འཕེལ་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འཇར་མན་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་ལྷིང་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་བ་རེད།

ཧྲུའོར་ཚེས། ཉེ་བའི་ལོ་ཤས་རིང་འཇར་མན་དང་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་བ་དང་། ཕྱོགས་གཉིས་པོས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཚུལ་བཟང་པོར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། འཇར་མན་གྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་འདོད་ཡོད་ལ། རིམ་པ་ཁག་གི་སྤེལ་རེས་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། རེ་འཁོར་གསར་པའི་འཇར་ཀྲུང་སྲིད་གཞུང་གི་གྲོས་མོལ་ཡག་པོ་གཉེར་ནས་གོ་ལའི་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བ་དང་། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱེད་པ་སོགས་གྲོས་གཞི་གཙོ་གྲས་ཐད་སྐད་ཆ་ཤོད་རེས་ཀྱིས་ཉོ་ཚོང་མ་འཇོག་དང་། གནམ་གཤིས་འགྱུར་ལྡོག རིམས་ནད་འགོག་བཅོས། འཕྲོད་བསྟེན་སྨན་བཅོས། སློབ་གསོ་རིག་གནས་སོགས་རྒྱ་ཆེའི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། འཇར་མན་གྱིས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་བསྐྱེད་དུ་གཏོང་བ་དམ་པ་དོན་དུ་གཉེར་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། དེས་འཇར་མན་ལ་གོང་འཕེལ་གྱི་གོ་སྐབས་མང་པོ་བཏོད་ཡོད། འཇར་མན་གྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་ཁྱབ་ཁོངས་སུ་སྤེལ་རེས་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་འདུག

རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ད་དུང་ཡུག་རེན་གྱི་དུས་བབ་ཐད་ཟོལ་མེད་ཀྱི་དགོངས་འཆར་བརྗེ་རེས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཞི་བདེའི་ཕྱོགས་སུ་ལངས་ཀྱི་ཡོད། དོན་དག་རང་ངོས་ཀྱི་བདེན་རྫུན་འཁྱོག་དྲང་ལ་གཞིགས་པ་དང་། རང་ཚུགས་རང་བདག་ངང་བརྡར་ཤ་གཅོད་པ་མ་ཟད། ད་དུང་རང་ཉིད་ཀྱི་ཐབས་ལམ་ཐོག་ནས་ཞི་གྲོས་ལ་སྐུལ་མ་དང་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཡུག་རེན་ཉམས་ཉེན་གྱིས་ཡོ་རོབ་ཀྱི་བདེ་འཇགས་དེ་སླར་ཡང་འགག་རྩའི་ལམ་མདོ་ཁར་བསྐྱལ་ཡོད། ནུས་ཤུགས་ཡོད་རྒུས་གདོང་གཏུག་རྣོ་ངར་ཅན་དུ་མི་འགྲོ་བ་དང་རྒྱ་ཆེ་རུ་མི་འགྲོ་བ། མཇུག་འགྲིལ་ཐབས་མེད་པའི་གནས་སུ་མི་གྱར་བ་བཅས་བྱེད་དགོས། ཡོ་རོབ་ནས་ལོ་རྒྱུས་ཀྱི་འགན་སེམས་དང་ཆབ་སྲིད་ཀྱི་བློ་རིག་ལ་བརྟེན་ནས་ཡོ་རོབ་ཀྱི་ཡུན་རིང་བདེ་འཇགས་ལ་གཞིགས་པ་དང་འགན་འཁུར་བའི་རྣམ་པའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས། ཡོ་རོབ་ཀྱི་བདེ་འཇགས་ཀྱང་ཡོ་རོབ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས། ཀྲུང་གོས་ཡོ་རོབ་ནས་ཞི་གྲོས་ལ་སྐུལ་མ་གཏོང་བའི་འཕེལ་རིམ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་པ་དང་། མཐར་དོ་སྙོམས་དང་ནུས་མཐོ། རྒྱུན་མཐུད་རུང་བ་བཅས་ཀྱི་ཡོ་རོབ་བདེ་འཇགས་སྒྲོམ་གཞི་ཞིག་གྲུབ་རྒྱུར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་གྲོས་ལ་ཕན་ཐོགས་ཡོད་པའི་བྱ་ཐབས་བཟུང་རྒྱུ་དང་། འབྲེལ་ཡོད་ཕྱོགས་ཁག་གིས་ཨུ་རུ་སུ་དང་ཡུག་རེན་གཉིས་ནས་གྲོས་མོལ་བརྒྱུད་དེ་ཞི་བདེ་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་འདུག

ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་བརྙན་ལམ་གྲོས་མོལ་ནང་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1