༄༅།། མོ་ནད་ཁྲག་ཚབས་དང་རླུང་ཚབས་ཀྱི་སྐོར་ལ་རགས་ཙམ་དཔྱད་པ།

ལེགས་དགའ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-13



ལེགས་དགའ། 


        རྒྱུད་ལས། དེ་ལ་སྔོན་ལས་ཟས་སྤྱོད་གདོན་རྐྱེན་གྱིས། །མངལ་ནད་ལྔ་དང་རྩ་ནད་བཅུ་དྲུག་དང་། །སྐྲན་ནད་དགུ་དང་སྲིན་བུའི་ནད་རིགས་གཉིས། །མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས་དང་། །ཕལ་པའི་ནད་བརྒྱད་བཞི་བཅུ་ཐམ་པར་འགྱུར། །སྐྱེ་བ་དམན་ཕྱིར་བུད་མེད་ལུས་ལ་ལྷག །ཅེས་གསུངས་པ་བཞིན་སྤྱིར་མོ་ནད་ལ་རིགས་དུ་མ་ཞིག་ཡོད་ནའང་ཕལ་ཆེ་བ་མོ་ནད་ཁྲག་ཚབས་དང་རླུང་ཚབས་གཉིས་སུ་འདུས་པ་ཡིན་ཞིང་། དེ་ལ་ཐོག་མར་རྒྱུ་རྐྱེན་དང་། ནད་རྟགས་དང་བཅོས་ཐབས་སོགས་གཞུང་ལུགས་གཞི་འཇོག་བྱས་ཏེ་རང་གི་མྱོང་གྲུབ་དང་སྦྲགས་ཏེ་གླེང་བར་བྱའོ། །


དང་པོ། རྒྱུ་རྐྱེན།


        རྒྱུད་ལས། དེ་རྒྱུ་དང་པོ་ཟླ་མཚན་ལས་བྱུང་ཕྱིར། །གསར་པའི་དུས་ན་ཁྲག་ཚབས་ཞེས་བྱ་སྟེ། །རྙིངས་ནས་རླུང་དང་བསྡོངས་བས་རླུང་ཚབས་སོ། །ཞེས་རྒྱུ་ཟླ་མཚན་ལ་ཟས་སྤྱོད་དང་ཉེས་པས་རྐྱེན་བྱས་ཏེ་སློང་པ་ཡིན་ཞིང་། དཔེར་ན། སེམས་ལས་ཆེ་བ་དང་ལུས་འཁྲུགས་ཆེ་བ། ཕྲུ་གུ་སྐྱེ་མང་བ། ཁྲག་ཤོར་བ། དལ་མོར་འདུག་དྲགས་པ་དང་འཁྲིག་སྤྱོད་བྱེད་ཆེ་བ་ལ་སོགས་པས་བསྐྱེད་པར་བྱེད།


གཉིས་པ། ནད་རྟགས།

        རྒྱུད་ལས། དེ་རྟགས་ཁྲག་ཚབས་སྤྱི་ཡི་མཚན་ཉིད་ནི། །རྐེད་སོ་མན་ཆད་རུས་པ་འཁོལ་ཞིང་ན། །རྒྱུ་ཞབས་འཛག་གམ་འཁྱིལ་དང་རྣག་ཏུ་འགྱུར། །ཞེས་གསུངས་ཤིང་།  ཟླ་མཚན་མི་སྙོམས་པ། དྲི་ངན་ཅན་གྱི་གྲང་བ་འཛག་པ། སྐབས་འགར་སྣ་ཁྲག་འཛག་པ་དང་སྙིང་མི་བདེ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །རྒྱུད་ལས། རླུང་ཚབས་རུས་པ་འཁོལ་ཞིང་སྙིང་མི་བདེ། །མགོ་འཁོར་མགོ་ཡི་རུས་པ་གྲང་སིལ་བྱེད། །ལུས་ཀུན་གྲང་ཞིང་ཤ་མཐོང་བར་དུ་ན། ཤ་རྣམས་གཡོ་ཞིང་སྦོ་ལ་སྦྲིད་པ་དང་། །མིག་འགྲིབ་སྨྱོའམ་འབོག་གམ་བརྗེད་པ་ངས། །ཆུ་སོ་རྒྱུ་ཞབས་བསྡམ་ཞིང་ཟ་ཁུར་འབབ། །ཟླ་མཚན་མི་ཆོད་རྒྱུན་དུ་འབྱང་བར་བྱེད། །ཅེས་གསུངས་ཤིང་། གདོང་གི་མདངས་སྐྱ་བོ་ཆགས་པ་དང་། སྙིང་མི་བདེ་བ། གཉིད་ཡེར་བ་སོགས་མངོན་པར་ཡིན་ཞིང་། གཞན་ཡང་ནད་འདི་གཉིས་དོན་སྣོད་ལུས་ཟུངས་སོགས་གནས་གང་ཞིག་ཏུ་བབས་ན་གནས་དེ་ནས་ནད་འགྱུར་གྱི་མངོན་ཚུལ་བྱུང་བ་ཡིན། མ་གཞི་ཁྲག་ཚབས་ནི་ནད་གསར་པའི་དུས་ལ་ཟེར་ཞིང་། ལྟེ་བ་མན་ཆད་ལ་ན་བ་ཤས་ཆེ་བ་དང་། ནད་དེ་ཉིད་རྙིང་པ་རེད་པའི་སྐབས་སུ་ད་གཟོད་དེ་ལ་རླུང་ཚབས་ཟེར་བ་ཡིན་ཞིང་། དེ་ཡིས་ལྟེ་བ་ཡན་ཆད་ལ་ན་བར་ཤས་ཆེ་བ་ཡིན་ནོ། །


གསུམ་པ། བཅོས་ཐབས།


1.ཁྲག་ཚབས།

        རྒྱུད་ལས། དང་པོ་ཁྲུས་གཤེར་ཁྲུས་དང་སྣུམ་འཆོས་བྱ། དངོས་གཞི་ཧ་རི་ཏ་ཀ་ཞིམ་ཤིང་དང་། །དྭ་ཚ་སོ་སོར་བསྐོལ་ཏེ་གྲང་ནས་བསྲེ། །སྒེ་གཤེར་ཤིང་ཚ་འོལ་མོ་ཁྲོན་བུ་དང་། །རྒྱམ་ཚྭ་ཏྲི་བྱི་ཏ་རྣམས་ཁ་ཚར་གདབ། །སློང་དང་སྦྱོང་བྱེད་གཉིས་སུ་བཅད་ལ་བཏང་། །ལྟོ་གཤེར་ཆུང་ངུ་གརྦྷ་ཙཎྜ་ལི། །ཏྲི་བྱི་ཏ་དང་ཧ་རི་ཏ་ཀ་དང་། །ཤིང་ཚ་རྒྱམ་ཚྭ་སྒེ་གཤེར་ཆ་མཉམ་སྟེ། །ཞིབ་བཏགས་ཞིམ་ཤིང་བསྡུས་ཁུར་བཏབ་ལ་བཏང་། །ལྕག་དང་ལོག་གནོན་རྗེས་གཅོད་སྤྱི་དང་མཐུན། །ཟླ་མཚན་འཁྱིལ་དང་མངལ་སྐྲན་བུ་རོ་རྣག །ཁྲག་ཚབས་མ་ལུས་མངལ་སྐྱོན་སྦྱོང་བར་བྱེད། །ཅེས་གསུངས་ཞིང་། ཐོག་མར་ནད་དེ་ཉིད་བྱེ་བ་རྣམས་སྡུད་པའི་ཕྱིར་དུ་ནད་པ་ལ་སྨྱུག་རྩི་དྲུག་ཐང་དང་། སྟར་བུ་ལྔ་ཐང་། མཛོ་མོ་ལྔ་ཐང་། ཐང་ཆེན་ཉེར་ལྔ་ལ་སོགས་པ་ཐང་གི་སྦྱོར་བ་བསྟེན་ན་ལེགས་ཤིང་། དེ་ནས་རིམ་བཞིན་བསྡུས་ནས་བསད་པ་ལ་རྒྱ་རུ་བཅུ་བཞི་དང་། འོལ་སེ་ཉེར་ལྔ། སྨྱུག་རྩི་ཉེར་ལྔ། འོལ་མོ་ཉེར་ལྔ། སྟར་བུ་བཅུ་དགུ་ལ་སོགས་པ་ཤིན་ཏུ་བཟང་པར་སྣང་། དཔྱད་དུ། སྙིང་ཁམས་མི་བདེ་བ་དང་སྐབས་སུ་ལུས་ལ་ཚ་བ་རྒྱས་ནས་རྔུལ་ཆུ་ཐོན་པ་སོགས་ལ་རྣ་རྩའམ་ལྦ་རྩ་དང་རྒྱུ་རྩ། ལོང་རྩ་དང་རུ་ཐུང་སོགས་གཙོ་བོ་ནད་རྟགས་ལ་གཞིག་ཅིང་རྩ་གང་ཞིག་རྒྱས་ཆེ་བ་འདུག་ན་དེ་ལུགས་ཀྱིས་གཏར་བར་བྱའོ། །


2.རླུང་ཚབས།

        རྒྱུད་ལས། གཉིས་པ་རླུང་ཚབས་བཅུད་གཤེར་དག་གིས་བཅོས། །ཞེས་གསུངས་ཤིང་། འདི་ལའང་གོང་ལྟར་བྱེ་བ་རྣམས་བསྡུ་ཞིང་གབ་པ་རྣམས་སློང་པའི་ཕྱིར་དུ་ནད་པ་ལ་བ་སྤྲུ་གསུམ་ཐང་དང་། ལྕུམ་རྩ་ལྔ་ཐང་ལ་སོགས་པ་ཟབ་ཅིང་། དེ་ནས་རིམ་བཞིན་སྲོག་འཛིན་བཅུ་གཅིག། ཨ་གར་བརྒྱད་པ། ཨ་གར་ཉི་ཤུ། བརྒྱད་ལྔ། གུར་གུམ་བརྒྱད་པ། འབྲོང་རྩེ་ཨར་བརྒྱད། རྒྱ་རུ་བཅུ་བཞིའི་སྟེང་དུ་ཨར་བརྒྱད་གང་རུང་གི་ཁ་ཚར་ཅན། གཡུ་ཁྱུང་། ཏང་ཀུན་བཅུ་པ། འོལ་མོ་ཉེར་ལྔ། སྙིང་མི་བདེ་བ་དང་རོ་སྟོད་མདུན་རྒྱབ་སྦྲགས་ནས་ན་ཞིང་དབུགས་ལེན་དཀའ་བ་དག་ལ་བདུད་རྩི་བཅུ་གཅིག་དང་ཨ་ཙན་ལ་སོགས་པ་ཤིན་ཏུ་ཟབ་ཅིང་། གཞན་ཡང་གནས་གང་དུ་བབས་ན་དེ་བཞིན་དུ་མདེའུ་ཁ་བསྒྱུར་བ་གལ་ཆེ་བ་ཡིན། དཔྱད་དུ། རླུང་གསང་དག་ལ་མེ་བཙའ་འཇོག་པ་དང་ཚྭ་དུགས་བྱེད་པ། ཧོར་གྱི་མེ་བཙའ་དང་ལུས་ལ་སྣུམ་བྱུགས་ནས་འཕུར་མཉེ་བྱེད་པ། མགོ་བོ་ན་རྒྱུ་ཤས་ཆེ་བ་ལ་མགོ་ཁྲོལ་གྱི་སྦྱོར་བ་སོགས་བསྟེན་ན་ཕན་བསྐྱེད་ཆེན་པོ་ཡོད་པར་གདོན་མི་ཟའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1