ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-16



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་5པའི་ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ནོར་སྲིད་དངུལ་ལོར་སྲིད་ཇུས་ཀྱིས་ལས་ཞུགས་སྔོན་ལ་འཇོག་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་དཔལ་འབྱོར་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་། གསོག་འཇོག་རྒྱུ་ནོར་སྔར་བས་གང་འགབ་ཅི་སྤྱོད་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་མ་འཇོག་ཐབས་ལམ་རྒྱ་སྐྱེད་དང་ནུས་ལྡན་མ་འཇོག་རྒྱ་ཆེར་གཏོང་རྒྱུའི་བཀོད་སྒྲིག་བྱས་པ། དུས་རིམ་རང་བཞིན་གྱི་སྒོ་ནས་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་མི་དགོས་པ་བཟོ་བ་མ་ཟད་དངུལ་བུན་འཇལ་བའི་དུས་ཚོད་ནར་འགྱངས་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

        གྲོས་ཚོགས་ཐོག རེས་སྐོར་གསར་པའི་རིམས་ནད་དང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་འགྲོ་བའི་སྔོན་དཔག་ལས་བརྒལ་བའི་ཤུགས་རྐྱེན་ཐེབས་པས། སྤྱི་ཟླ་4པར་དཔལ་འབྱོར་ཆག་པའི་གནོན་ཤུགས་གསར་པ་སྔར་བས་ཆེ་རུ་ཕྱིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས། ཡིད་ཆེས་བརྟན་པོ་དང་། དཀའ་ངལ་ལ་གདོང་གཏད་པ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་གཏོང་བཅས་བྱས་ཏེ། ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་འདིང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། གཅིག་ནས་ནོར་སྲིད་དངུལ་ལོར་སྲིད་ཇུས་ཀྱིས་ལས་ཞུགས་སྔོན་ལ་འཇོག་རྒྱུ་ཁྲིད་ཕྱོགས་སུ་བྱས་ཏེ། ཁྲལ་སློག་དང་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུ་དང་། སྤྱི་ཚོགས་འགན་སྲུང་གྲོན་དངུལ་འཇལ་རྒྱུ་ཕྱིར་འགྱངས་བྱ་རྒྱུ། མ་རྩ་མཉམ་འདྲེས་ཀྱི་མ་གནས་གཅོག་རྒྱུ་སོགས་ཚང་མ་ཁྲོམ་རའི་གྲུབ་ཆ་གཙོ་བོ་བརྟན་པོ་དང་ལས་གནས་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུར་དམིགས་ཏེ། གཞི་རྩའི་དམངས་འཚོ་འགན་ལེན་དང་། འཕར་སྣོན་བརྟན་པོ་ཡོང་བ། འཛད་སྤྱོད་ལ་སྐུལ་སྤེལ་བཅས་བྱ་དགོས། སྲིད་ཇུས་ཀྱི་བྱ་ཐབས་སྣ་ཚོགས་སྔར་བས་བེད་སྤྱད་དེ། ས་གནས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་དང་ཆབས་ཅིག་འགན་འཁྲི་ཁག་བགོས་ཁ་གསལ་བཟོས་ནས་ལས་གནས་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་བ་བྱེད་དགོས། གཉིས་ནས་ཟོག་གོང་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། རང་རྒྱལ་གྱི་གཞི་རྩའི་དམངས་འཚོའི་དགོས་མཁོའི་ཐོན་རྫས་མཁོ་འདོན་འདང་ངེས་ཡོད་མོད། འོན་ཀྱང་སྣང་མེད་དང་ལྷོད་གཡེང་བྱེད་མི་རུང་། འབྲུ་རིགས་ཀྱི་ཐོན་ཚད་དང་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས་ཟོག་གོང་བརྟན་པོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་ཟོག་འགྲེམས་དང་ལྷག་པར་དུ་གཙོ་གནད་ས་ཁུལ་གྱི་ཟོག་འགྲེམས་སྔར་བས་ཤར་གཏོང་ཐུབ་པ་བྱས་ནས་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས། གསུམ་ནས་ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱ་དགོས། དུས་མཚམས་སྔོན་མའི་རྒྱབ་སྐྱོར་གྱི་རྨང་གཞིའི་ཐོག ཀྲུང་དབྱང་གི་གློག་འདོན་ཁེ་ལས་ལ་ཡང་བསྐྱར་སླར་སྐྱེས་ནུས་ཁུངས་ཀྱི་ཁ་གསབ་དངུལ་སྒོར་དུང་ཕྱུར་500སྤྲད་པ་དང་། གཞུང་ཁོངས་རྒྱུ་ནོར་གྱི་གཉེར་སྐྱོང་སྔོན་རྩིས་བརྒྱུད་དེ་མ་དངུལ་སྒོར་དུང་ཕྱུར་100བཏང་ནས་རྡོ་སོལ་དང་གློག་གི་ཁེ་ལས་ཀྱི་དཀའ་སེལ་དང་གློག་མང་འདོན་བྱེད་པར་རྒྱབ་སྐྱོར་བྱས་པ་རེད། སྲིད་ཇུས་ལེགས་སུ་བཏང་སྟེ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་སྔོན་ཐོན་གྱི་རྡོ་སོལ་ཐོན་ནུས་འདོན་དགོས། གློག་བཀག་པའི་གནས་ཚུལ་གཏན་ནས་ཐོན་དུ་འཇུག་མི་རུང་། བཞི་ནས་མིག་སྔའི་དཀའ་ངལ་ཡོད་པའི་ཁེ་ལས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས། ལོ་མཇུག་གོང་རེ་འདུན་ཞུས་ན་དངུལ་འཇལ་དུས་ཚོད་ནར་འགྱངས་བྱེད་ཆོག་པ་དང་། སྔོན་དཔག་བྱས་ན་ཁེ་ལས་ཀྱི་ཁུར་པོ་སྒོར་དུང་ཕྱུར་900ལྷག་ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད། ལས་བཟོ་པས་རྒྱུན་ལྡན་ལྟར་སྤྱི་གསོག་མ་དངུལ་གྱི་དངུལ་བུན་འཇལ་སྤྲོད་མ་བྱས་པར་དུས་ལས་ཡོལ་བའི་ཐག་གཅོད་མི་བྱ་རྒྱུ། ལྔ་ནས་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་རྒྱུ་ཕྱིར་འགྱངས་བྱེད་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་དུས་བཀག་རིང་དུ་གཏོང་བའི་བྱ་ཐབས་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ནས། ས་གནས་ཀྱིས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཆུ་དང་གློག་སོགས་ཀྱི་འགྲོ་གྲོན་ལ་ཁ་གསབ་སྤྲོད་རྒྱུར་མཛུབ་ཁྲིད་བྱེད་དགོས་ཞེས་བསྟན་ཡོད།

        ཚོགས་འདུའི་ཐོག ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་གཞིར་བཟུང་། གཏན་འཇགས་རྒྱུ་ནོར་མ་འཇོག་གི་ཡིད་རྟོན་མངགས་བཅོལ་ཐེབས་རྩ་འགྲེམས་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད། རྨང་གཞིའི་སྒྲིག་བཀོད་སོགས་བསགས་འབོར་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱས་ཏེ། སྤྱི་ཚོགས་ཀྱི་མ་འཇོག་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ། སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཆུང་དུ་གཏོང་བ་བཅས་བྱེད་དགོས། ས་གནས་ཀྱིས་ཡིད་དབང་འགུག་ནུས་ལྡན་པའི་རྣམ་གྲངས་འདོན་རྒྱུར་ཁྲིད་སྟོན་བྱས་ནས། མ་འཇོག་ནང་ཞུགས་མཁན་གྱི་ཁྲོམ་རའི་གཙོ་གཟུགས་སྣ་ཚོགས་ལ་ཕྱོགས་རིས་མེད་པ་བྱེད་དགོས་ཞེས་བསྟན་ཡོད།

        ཚོགས་འདུའི་ཐོག་ད་དུང་། འདི་ལོ་མཐོ་སློབ་སློབ་ཐོན་སློབ་མའི་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཐོན་སློབ་མའི་ཁུར་པོ་ཡང་དུ་གཏོང་བ་དང་ལས་ཞུགས་ལ་རོགས་སྐྱོར་བྱ་ཆེད། འདི་ལོ་དང་དེ་སྔའི་ལོ་འཁོར་གྱི་སློབ་ཐོན་སློབ་མས་འདི་ལོ་འཇལ་དགོས་པའི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས་པ་དང་། སྐྱེད་ཀ་མི་དགོས་པའི་མ་དངུལ་ནོར་སྲིད་ནས་སྤྲོད་རྒྱུ། མ་དངུལ་ལོ་གཅིག་དུས་འགྱངས་བྱས་ནས་འཇལ་ཆོག་ཅེས་བསྟན་ཡོད། སྲིད་ཇུས་དེས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ཁྲི་400ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1