སྔོན་བསྟན་པ་ཕྱི་དར་གྱི་འགོ་ཚུགས་ཙམ་གྱི་དུས་སུ་མངའ་རིས་ཆོས་རྒྱལ་བཀྲ་ཤིས་མགོན་གྱི་སྲས་ཆུང་བ་འཁོར་རེའམ(ཆེ་བ་སྲོང་ངེ་ཡིན་ཅིང༌། རྗེས་སུ་རབ་བྱུང་མཛད་པ་ལྷ་བླ་མ་ཡེ་ཤེས་འོད་ཞུ་བ་དེ་ཡིན)མཚན་དངོས་འཁོར་ལོ་ལྡེ་ཞེས་གྲགས་པ་དེས་སྐུ་ཚེའི་སྨད་ལ་དཀར་དུང་གི་ཆོས་རྗེ་འཛམ་གླིང་གྲགས་པ་བླ་མར་བསྟེན་ནས་ཆོས་མང་དུ་གསན་ཅིང་ཛམ་ཕུག་ཏུ་ཛམ་བྷ་ལའི་བསྙེན་བསྒྲུབ་ཏེ་ཞག་བདུན་སོང་བ་ན་གང་ནས་འོངས་ཆ་མེད་པའི་ཨཙརྱ་སྟོབས་ལྡན་བདུན་འོངས་ནས་དངུལ་མི་ཁུར་བདུན་ཕུལ་བ་དེས་རྒྱུ་བྱས་ཏེ་དཀར་དུང་དུ་གསེར་མཁར་གཙུག་ལག་ཁང་བཞེངས་པ་དེ་ཡིན། དེ་སྔོན་བོད་ས་གནས་ཀྱི་སྤུ་ཧྲེང་རྫོང་ནས་ལྷོ་ཕྱོགས་ཚ་ལམ་གཅིག་གི་སར་ཡོད། ལྷ་ཁང་འདིའི་མིང་ལ་ཁུར་ཆགས་ཞེས་འབོད་པ་དང༌། ཡང་འཁོར་ཆགས་ཞེས་འབོད་སྲོལ་མི་འདྲ་བ་གཉིས་ཡོད་པ་གཉིས་ཀར་རྒྱུ་མཚན་ཤོད་སྟངས་མི་འདྲ་བ་འདུག་པ་སྟེ།
༡.ཁུར་ཆགས་ཞེས་འབོད་པ་ནི། སྔོན་དུས་སྤུ་ཧྲེངས་ཀྱི་ས་གནས་ཤིག་ན་སྒོམ་ཆེན་ཞིག་བཞུགས་པའི་སར་ཨཙརྱ་མི་བདུན་འོངས་ནས་ཁུར་པོ་བདུན་བཅོལ་ཏེ་རྗེས་སུ་ལེན་པར་ཡོང་རྒྱུ་ཡིན་ཞེས་སྨྲས་ཏེ་རྒྱ་གར་ཕྱོགས་སུ་སོང་ཞིང༌། ལོ་མང་རིང་ཁུར་པོ་ལེན་པར་ཡོང་རྒྱུར་སྒུགས་ཀྱང་ཡོང་མཁན་མ་བྱུང༌། ཁུར་པོ་རྣམས་ཁ་ཕྱེ་ནས་བལྟས་པ་ན་རས་ཐུམ་ལྗིད་ཆེ་བ་ཤ་སྟག་ཡིན་པ་དང་ཚང་མར་ཡི་གེ་ཛམ་ཟེར་བ་ཡོད་ཅིང༌། ནང་དུ་དངུལ་ལྷད་མེད་ཤ་སྟག་ཡིན་པ་མཐོང་ནས་དངུལ་དེ་དག་གིས་རྒྱུ་བྱས་ནས་ཇོ་བོའི་སྐུ་བཞེངས་པ་ན་སྐུ་སྨད་བཞེངས་ཟིན་རྗེས་སྐུ་སྟོད་རང་བྱུང་དུ་བྱོན་པ་དེ་ལ་བརྟེན་ནས་ལྷ་ཁང་གི་མིང་ཁུར་ཆགས་ཞེས་ཐོགས་པ་ཡིན་ཟེར།
༢.འཁོར་ཆགས་ཞེས་ཀྱང་བརྗོད་སྲོལ་ཡོད་པ་ནི་ཆོས་རྒྱལ་འཁོར་རེས་རྟེན་གཙོ་ཇོ་བོ་འཇམ་དཔལ་རྡོ་རྗེ་བཞེངས་གྲུབ་ནས་དཀར་དུང་གཙུག་ལག་ཁང་དུ་གདན་དྲངས་སྐབས་ཤིང་རྟ་འཁོར་ལོ་ཐང་དཀྱིལ་དེར་ཡོད་པའི་རྡོ་ཆེན་པོ་ཞིག་ལ་ཐོགས་ནས་འཁོར་ལོ་ཁ་འགག་པ་དང༌། ཇོ་བོས་གསུངས་བྱོན་ནས་ང་འདིར་འཁོར་ཞིང་ཆགས་སོ་ཞེས་གསུང་བྱོན་པར་བརྟེན་ཇོ་བོའི་སྐུ་བརྙན་འདི་ལ་འཁོར་ཆགས་ཇོ་བོ་ཞེས་མཚན་འབོད་པ་ཡིན་བྱུང་ཞེས་ཤོད་ཚུལ་ཡང་འདུག ལྷ་ཁང་འདིའི་རྟེན་གཙོ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཞེངས་སྐུ་བཞུགས་ཁྲི་རྒྱབ་ཡོལ་པ་ཏྲ་དང་བཅས་པ་ཐོག་མར་བཞེངས་ཤིང༌། སྐབས་དེར་སྐུའི་གཡས་གཡོན་གཉིས་སུ་པད་གདན་སྟོང་པ་རེ་ཡོད། མངའ་བདག་འཁོར་རེའི་རྗེས་ནས་མི་རབས་ཁ་ཤས་ཕྱིན་རྗེས། མངའ་བདག་གནམ་མགོན་ལྡེས་རྟེན་གཙོ་ཇོ་བོའི་གཡས་སུ་སྐུ་རྒྱུ་དངུལ་ལས་གྲུབ་པའི་འཕགས་པ་སྤྱན་རས་གཟིགས་དང་གཡོན་དུ་སྐུ་རྒྱུ་གོང་མཚུངས་ཀྱི་ཕྱག་ན་རྡོ་རྗེ་གཉིས་སྔར་ཡོད་པད་གདན་སྟོང་པའི་སྟེང་དུ་བཞུགས་པ་བཞེངས། དེ་ནས་བོད་ས་གནས་ཀྱི་སྲིད་གཞུང་རིམ་པས་གཙུག་ལག་ཁང་དེར་ཉམས་གསོ་རིམ་པར་བྱས་པའི་ལོ་རྒྱུས་ཡོད་ཅིང༌། རིག་གནས་གསར་བརྗེའི་སྐབས་གཡས་གཡོན་གྱི་དངུལ་སྐུ་གཉིས་རྩ་མེད་སོང་བ་དང༌། སྐུ་སྟོད་ཤིན་ཅང་དུ་དབོར་འདྲེན་བྱས་པ། རིག་གསར་མཇུག་སྒྲིལ་རྗེས་སླར་ཡང་རང་གནས་སུ་གདན་དྲངས་ཐོག་སྐུ་སྨད་གསར་བཞེངས་བྱས་ཏེ་དེང་སང་འཁོར་ཆགས་ལྷ་ཁང་ནང་བཞུགས་ཡོད། ཞིབ་པར་འཁོར་ཆགས་ལྷ་ཁང་གི་གནས་ཡིག་ཁ་བྱང་དུ《ལྷར་བཅས་འགྲོ་བའི་མཆོད་སྡོང་ཇོ་བོ་དངུལ་སྐུ་མཆེད་གསུམ་སྔོན་བྱུང་གི་གཏམ་རབས་བརྗོད་པ་རིན་ཆེན་བཻཌཱུརྱ་སྔོན་པོའི་པི་ཝང》ཞེས་འཁོད་པ། ངོར་ཨེ་ཝམ་གྱི་གདན་རབས་ང་བཞི་པ་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་༡༨༨༠
ལོར་བརྩམས་གནང་མཛད་པ། ༡༩༨༨ལོར་ཕྱི་རྒྱལ་ནས་དཔར་སྐྲུན་བྱས་པ་ཞིག་འདུག་པ་དེར་གཟིགས། །