༄༅།།སྡིག་གཅོད་ཤན་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 05-20


ཤན་པ་རྒྱལ་པོ་དེས་ལུས་ངག་གུས་པའི་རྣམ་འགྱུར་གྱིས་གླུ་འདི་ལྟར་བླངས་སོ།

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   སྐྱབས་བླ་མ་ཡི་དམ་མཁའ་འགྲོ་གསུམ། །

   ངས་དེ་རིང་ཕན་ཆད་བོས་མ་མྱོང་། །

   དུས་དེ་རིང་ཤན་པ་ང་ལ་གཟིགས། །

   ང་མཛོ་མོ་རུ་རྫོང་མཁར་ནང་ནས། །

   ཕོ་སྡིག་གཅོད་ཤན་པ་རྨེ་རུ་རྩེ། །

   བྱ་འདབ་ཆགས་རྒྱལ་པོ་མན་ཆད་ནས། །

   འབུ་སྲོག་ཆགས་གྲོག་མ་ཡན་ཆད་ཅིག །

   གསོན་ཐར་བར་མི་གཏོང་ཤན་པ་ཡིན། །

   མཐོ་ནམ་མཁའི་འཇའ་སྤྲིན་གོང་མ་ལ། །

   ཕ་བླ་མ་དགུང་གི་ཉི་ཟླ་བཞུགས། །

   གནས་ཁམས་གསུམ་འཁོར་བའི་ཕ་མ་ལགས། །

   གསུང་དམ་པའི་ཆོས་ཀྱི་བདག་པོ་ལགས། །

   ཚེ་འདི་ནས་སྐྱོབ་པའི་བྱིན་རླབས་ཅན། །

   ལམ་ཕྱི་མ་འདྲེན་པའི་ཐུགས་རྗེ་ཅན། །

   དབུ་གསེར་ཞུ་ཡག་ལ་མཁྱེན་རྒྱ་ཅན། །

   མ་འགྲོ་དྲུག་འདྲེན་པའི་བླ་མ་ལགས། །

   ལུས་ཆོས་གོས་ཡག་ལ་དཔལ་བེའུ་ཅན། །

   གཟན་དམར་པོ་ཡག་ལ་གཟི་མདངས་ཅན། །

   ང་ཤན་པ་དཔོན་ལ་ཐུགས་རྗེ་ཟུངས། །

   ངས་དེ་སྔ་ཞུས་ལེ་ཀུ་རེ་ཡིན། །

   དེ་ཀུ་རེ་རྩེད་མོ་གཉིས་ཀ་ཡིན། །

   ད་ལ་ཆེན་འདྲ་མ་བཤད་པ་ན། །

   ང་ཤན་པ་དད་པ་ཤེས་པར་དཀའ། །

   ཤེས་སོང་རྗེས་དད་པ་ལོག་རབ་མེད། །

   རྡོ་གོར་མོ་ཡི་གེ་བྲིས་དང་འདྲ། །

   ང་ཤན་པས་ཞེ་ས་ཤེས་པར་དཀའ། །

   ཤེས་སོང་རྗེས་ཞེ་ས་འགྱུར་རབ་མེད། །

   ལྕགས་ནག་པོའི་ཕུར་བ་བརྡབས་འདྲ་ཡིན། །

   ད་དེ་ནས་བླ་མ་གསེར་ཞུ་ཅན། །

   ངས་དགྱེ་དགྱེ་དགྱེ་ལ་ཕྱག་གསུམ་འཚལ། །

   ངའི་ལུས་ཀྱི་སྒྲིབ་པ་དག་པར་ཤོག །

   ངས་སྒུར་སྒུར་སྒུར་ལ་ཕྱག་གསུམ་འཚལ། །

   ངའི་ངག་གི་སྒྲིབ་པ་དག་པར་ཤོག །

   དགྱེ་མ་སྒུར་ལ་ཕྱག་གསུམ་འཚལ། །

   ངའི་ཡིད་ཀྱི་སྒྲིབ་པ་དག་པར་ཤོག །

   རྫས་མཆོད་པ་དེ་ལ་ལན་གསུམ་འབུལ། །

   ཚེ་སྔོན་མའི་སྒྲིབ་པ་དག་པར་ཤོག །

   ཕྱག་བརྒྱ་ཕྱག་དེ་ལ་ལན་གསུམ་འཚལ། །

   ཚེ་ཕྱི་མའི་སྒྲིབ་པ་དག་པར་ཤོག །

   ངག་གསོལ་བ་དེ་ལ་ལན་གསུམ་འདེབས། །

   བདག་ཐུགས་རྗེས་ལྕགས་ཀྱུས་གཟུང་དུ་གསོལ། །

   གཡས་བསྐོར་བ་དེ་ལ་ལན་གསུམ་བསྐོར། །

   ལས་ངན་པའི་སྒྲིབ་པ་དག་པར་ཤོག །

   གཡོན་བསྐོར་བ་དེ་ལ་ལན་གསུམ་བསྐོར། །

   རྐྱེན་ངན་པའི་བར་ཆད་ཞི་བར་ཤོག །

   དགུང་འཇའ་སྤྲིན་འཁྲིགས་པའི་གུར་ནང་ནས། །

   ཁོང་སྒར་དཔོན་བླ་མ་རིན་པོ་ཆེ། །

   ཚིག་འཁྲུལ་བར་སོང་ན་མཐོལ་ལོ་བཤགས། །

   ངག་འཁྲུལ་བར་སོང་ན་བཟོད་པར་གསོལ། །

   ང་སྡིག་ཅན་ཤན་པ་རྨེ་རུ་རྩེ། །

   ཧོར་ཕོ་བརྒྱའི་ནང་གི་ལག་དམར་ང་། །

   ཤི་དམྱར་བར་མ་གཏོང་རིན་པོ་ཆེ། །

   ཉིན་དཀར་མོའི་ནང་ནས་ཆོས་སྐལ་ཆད། །

   གྲལ་འདྲ་འདྲའི་ནང་གི་ཇ་སྐལ་ཆད། །

   ཧོར་མི་མང་ནང་ནས་མཇལ་སྐལ་ཆད། །

   སྡུག་ཐག་ཆོད་སྐལ་ཆད་དེ་འདྲ་བྱས། །

   ཁྱེད་བླ་མ་ཀུན་གྱི་བླ་མ་རེད། །

   དད་འདུན་པ་རང་རང་ལག་ན་ཡོད། །

   ཉེ་རིང་ཐུང་མ་མཛད་ཐུགས་རྗེས་ཟུངས། །

   ངོ་ཆེ་ཆུང་མ་མཛད་ཐུགས་རྗེས་ཟུངས། །

   དགུང་ཉི་མ་ཀུན་གྱི་ཉི་མ་རེད། །

   འདི་ཤེས་མི་ཡོད་མེད་རང་རང་རེད། །

   ཧོར་མི་མང་ནང་ནས་འདི་སྐལ་ཆད། །

   དྲོད་ཆེ་ཆུང་མ་མཛད་ཐུགས་རྗེས་ཟུངས། །

   ངས་དེ་སྔ་ཞུས་ཞུས་སྟོང་གཏམ་ཡིན། །

   གཏམ་དེ་ལ་ཆ་འཛིན་ཡོད་ལེ་མིན། །

   ཞེ་གཏིང་ནས་ཞུ་ཕོད་བྱས་ལེ་མིན། །

   ཁྱེད་ཁམས་གསུམ་འདྲེན་པའི་བླ་མ་རེད། །

   ང་ཤན་པ་འདྲེན་སྐལ་ཅི་ལ་མེད། །

   ཁྱོད་རིགས་དྲུག་སྐྱོབ་པའི་བླ་མ་ལ། །

   ང་ཤན་པ་སྐྱོབ་སྐལ་ཅི་ལ་མེད། །

   ལ་སེར་པོ་ཧོར་ཡུལ་སྟོད་པ་ལ། །

   དབང་ཅི་བསྐུར་ང་ལ་བསྐུར་རོགས་མཛོད། །

   ཆོས་ཅི་གསུངས་ང་ལ་གསུང་རོགས་མཛོད། །

   སྒོམ་ཅི་ཁྲིད་ང་ལ་ཁྲིད་རོགས་མཛོད། །

   ང་ཕོ་ལོ་ལྔ་བཅུ་ང་དགུ་ཡིན། །

   ལོ་འདི་ངོ་རྩིས་ན་དྲུག་ཅུ་ཡིན། །

   ངས་དེ་སྔ་སྡིག་ལ་སྦྱངས་སྦྱངས་ནས། །

   ཆོས་ཟབ་མོ་དམ་པའི་ལྷ་ཆོས་དེ། །

   གོ་མ་མྱོང་སྐྱོན་གཅིག་ཡོད་རེ་ཆེ། །

   དུས་ད་རེས་ཆོས་གཅིག་མ་ཞུས་ན། །

   ང་རྒན་པོའི་ཁ་ཕོ་སོར་གསུམ་བསྡོམས། །

   མགོ་རལ་བ་དུང་ལས་དཀར་ཞན་འདྲ། །

   རྒས་རྙིང་རུས་ཅན་དེ་གཞན་ལས་དྲངས། །

   སོ་སེན་མོ་མིན་པ་མི་ལུས་པའི། །

   ང་ཤན་པས་འཇའ་ལུས་མ་འགྲུབ་ན། །

   ཕོ་རྨེ་རུ་མིན་པའི་རྟགས་ལ་ཞོག །

   ཧོར་སྡེ་ཤོག་ཉི་ཤུ་རྩ་ལྔ་བོ། །

   ཀུན་ཉིན་གཅིག་ཆོས་ལ་འགྱུར་ས་ལ། །

   ང་ཤན་པ་བསྒྱུར་ལ་དཀའ་ལས་མེད། །

   ཆོས་བདག་མེད་སྙིང་རུས་སུ་ཆེ་ཡིན། །

   ངས་ཨེ་རུས་མི་རུས་བྱེད་ངེས་ཡིན། །

   མགོན་བླ་མ་གསེར་ཞུ་ཐུགས་རྗེ་ཅན། །

   ཁྱེད་ཡར་ཡར་མ་འབྱོན་རིན་པོ་ཆེ། །

   མཐོ་སྤྲིན་ལོང་ཕྱུག་མོའི་ཡང་སྟེང་ན། །

   རླུང་སྐྱི་སེར་སྤུ་གྲིའི་རེག་གཅོད་ཡོད། །

   དབུ་གསེར་ཞུ་གྲི་ཡིས་གཤགས་དོགས་ཡོད། །

   ཁྱེད་ཡར་ཡར་མ་འབྱོན་རིན་པོ་ཆེ། །

   མཐོ་ནམ་མཁའི་བྱ་ལམ་གོང་མ་ན། །

   ཐོག་གནམ་ལྕགས་རྡོ་རྗེའི་ཟི་ར་ཡོད། །

   རྒྱབ་ཆོས་གོས་ཐོག་གིས་གཏོར་དོགས་ཡོད། །

   ངས་བསམ་པ་བཟང་པོའི་ཞུ་འབུལ་ཡིན། །

   བུ་ང་ལ་དབང་བསྐུར་མཛད་རོགས་གྱིས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1