༄༅།།གླིང་གསེར་པའི་ཉི་འབུམ་དར་ཡག་གི་རྫོང་ཤུལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 05-23


 

        ཡུལ་ཤུལ་གྲོང་ཁྱེར་ཟུར་མང་ཡུལ་ཚོ་ཤེར་ཤིང་གྲོང་ཚོ་འགོ་ཇོ་སྡེ་པའི་མར་ཟུར་དུ་རྫོང་འགོ་ཞིག་ཡོད་པ་དེར་འགོ་ཇོ་རྫོང་འགོ་ཟེར་ཞིང་། དེ་ནི་གླིང་གེ་འབྲུག་གི་དུས་སུ་གླིང་ལ་ཆེ་འབྲིང་ཆུང་གསུམ་ཡོད་པའི་ཡ་གྱལ་ཆེ་རྒྱུད་ཚང་གི་དཔོན་གསེར་པའི་ཉི་འབུམ་དར་ཡག་གི་མཁར་རྫོང་ཡིན་ཟེར་བ་དང་། སྤྱི་ཚོགས་གསར་པ་མ་བཙུགས་པའི་ཡར་སྔོན་དུ་མཁར་རྫོང་དེར་བུ་ཆེན་བེ་ཧུའི་འབྲོང་པ་དཔོན་གྱི་དགུན་གནས་ཀྱི་མཁར་ཡིན། རྫོང་ཤུལ་དེ་ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གི་ལྷོ་ཕྱོགས་སུ་བར་ཐག་སྤྱི་ལེ90དང་ལམ་ཐག་སྤྱི་ལེ165ཡི་མཚམས་སུ་ས་གོ་ལའི་ཤར་གྱི་གཞུང་ཚད9656′26″དང་། བྱང་གི་འཕྲེད་ཚད3210′53″ཐོག་ཏུ་ཡོད་ཅིང་ས་མགོ་མཐོ་ཚད་ལ་སྨི3656ཡོད། 

 

        རྫོང་དེ་ནི་བྲག་གདོང་ཞིག་ཏུ་ཡོད་ཅིང་དེར་འགྲོ་དགོས་ན་རྫོང་དེའི་མར་གཤམ་ནས་ཡར་ལ་འཛེག་དགོས་པ་ལས་ཕྱོགས་གསུམ་ནས་མཁར་རྫོང་དེར་འགྲོ་ལམ་མེད་པའི་རྫོང་བཙན་པོ་ཞིག་ཡིན། ངག་རྒྱུན་དུ་སོག་དམག་གིས་ཡུལ་ལུང་འདིར་དམག་དྲངས་སྐབས་ཡུལ་ལུང་འདིའི་དཔོན་གྱིས་མཁར་རྫོང་འདི་བཟུང་ནས་དམག་འཐབ་བྱས་པས། སོག་དམག་བཙན་ལ་མང་ཡང་མཁར་རྫོང་བཙན་པོ་དེ་གཏོར་མ་ཐུབ་པར་དམག་ཕྱིར་འཐེན་བྱས་པ་རེད་བཤད་སྲོལ་ཡོད་ཅིང་། ཡུལ་ལུང་འདིར་སོག་དམག་དང་འཐབ་པའི་ངག་རྒྱུན་མང་པོ་ཞིག་བཤད་རྒྱུ་ཡོད། རྫོང་འགོའི་མཁར་ཤུལ་དེར་མཐོ་ཚད་ལ་སྨི་༢ལྷག་དང་རིང་ཚད་ལ་སྨི་༦ལྷག་ཡོད་པའི་ས་སྐྱ་བོ་ཡིས་བརྡུངས་པའི་གྱང་རལ་ཞིག་ཡོད་པ་དང་། གྱང་རལ་དེའི་འོག་གི་མཐའ་སྐོར་དུ་རྡོ་ཡིས་རྩིག་པ་བརྩིགས་པའི་ཁང་ཤུལ་མང་པོ་ཡོད། རྫོང་ཐོག་རྩིག་འདབས་སུ་གནའ་སྔ་མོའི་མ་ཎི་པད་ཕུང་ཞིག་ཀྱང་ཡོད་པ་སོགས་ལ་བལྟས་ན། རྫོང་འགོ་དེར་མཁར་རྫོང་ཆེན་པོ་ཞིག་ཆགས་ཡོད་པ་མངོན་སུམ་མཐོང་ཆོས་སུ་གྲུབ་ཡོད། ཡུལ་མི་ཚོས་བཤད་པ་ལྟར་ན། ད་ལྟའི་འགོ་ཇོ་སྡེ་གསར་དུ་ཆགས་སྐབས་ཁང་པའི་རྩིག་རྡོ་མང་ཆེ་ཤོས་མཁར་རྫོང་དེ་ནས་དབོར་ཡོང་བ་རེད་ཟེར། ཡུལ་ལུང་འདི་ནི་གླིང་གེ་འབྲུག་གི་དུས་སུ་སྟོད་གླིང་གསེར་པ་ཆེ་བརྒྱད་ཀྱི་ཁོངས་གཏོགས་ཡིན་པ་བཤད་སྲོལ་འདུག 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1