༄༅།། འབའ་ཆུའི་མགོ་ཁུངས་སུ་འདབ་ཆགས་ཇེ་མང་དུ་གྱུར་པ།

གནམ་འབྲུག་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༥ཚེས་༢༤ཉིན།



འཕྲིན་གཏོང་པ། གནམ་འབྲུག་རྒྱལ། 


         འབའ་ཆུ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་མངའ་ཁོངས་ཀྱི་ཆུ་བོ་ཞིག་ཡིན་ལ། འབའ་ཆུའི་མགོ་ཁུངས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དོན་ཁོ་གཞུང་ཡིན། ཤར་ནས་ནུབ་ཏུ་བཞུར་ཅིང་། འབའ་རྩེ་གུང་རྒྱལ་ནས་འབའ་ཐང་དང་འབའ་ལུང་བརྒྱུད་དེ་འབའ་མདོ་ནས་རྨ་ཆུར་འདྲེས། མཚོ་ངོས་ལས་མཐོ་ཚད་སྨི་སུམ་སྟོང་དགུ་བརྒྱའི་ཡུལ་ནས་བཞུར་བའི་ཆུ་བོ་འདིའི་ཆུ་ལག་གཙོ་བོར་ཉིན་སེར་ཆུ་དང་། གད་ཀོར་ཆུ། ཨུ་རྡི་བུ་ལག་ཆུ། སྐམ་ཆེན་ཆུ། འཕྱང་ཁུགས་ཆུ། སྟག་ལུང་ཆུ། ངང་ཚང་ཆུ། བྲག་སྒམ་ཆུ། ཚག་ཝ་ཝོལ་གྱི་ཆུ། ཉིན་ཤུག་ཆུ། ཁྲ་ལྡང་ཆུ། རྐ་ཆུང་ཆུ། རྐ་རྒན་ཆུ་སོགས་འབའ་ཆུའི་ཆུ་ལག་གཙོ་བོར་གྱུར་ནས་མཐར་རྨ་ཆུའི་ཁུགས་སོ་གཉིས་པ་ནས་རྨ་ཆུའི་ནང་འབབ་བཞིན་ཡོད།

        སྔོན་ཆད་འབའ་ཆུ་ནི་ཆུ་བོ་ཆེན་པོ་ཞིག་ཡིན་ནའང་། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པ་ནས་བཟུང་རང་བྱུང་གི་གནོད་འཚེ་དང་མི་རྣམས་ཀྱིས་གང་འདོད་དུ་ས་བརྐོས་རྡོ་སློག་སོགས་ཀྱི་ལས་བགྱིས་པའི་རྐྱེན་གྱིས་འབའ་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་ཕྱིན་ཏེ། འབའ་ཆུའི་ཆུ་མགོ་ཐག་ཅིང་འབའ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་རྣམས་ཆད། ཁྲ་ལྡང་ཆུ་ནི་འབའ་ཆུའི་ཆུ་མགོ་རུ་གྱུར་ནས་ཆུ་ཕྲན་ལྟ་བུ་ཞིག་ལས་བཞུར་རྒྱུ་མེད་པར་གྱུར། འབའ་ཆུའི་གནས་ཚུལ་ཤེས་འདོད་ཚེ། འབའ་ཆུའི་འགྲམ་གྱི་སྡེ་མི་རྣམས་ལ་གསལ་ཞིང་ཁོ་ཚོར་བཤད་མི་ཚར་བའི་གཏམ་རྒྱུད་མང་པོ་འདུག

        ཉེ་སྔོན་འབའ་ཆུའི་འགྲམ་རྒྱུད་ཀྱི་ཁྲ་ལྡང་ན་རུ་མཐོང་མ་མྱོང་བའི་བྱ་རིགས་སྐོར་ཞིག་འདུག་ཅེས་པའི་གཏམ་ཐོས་མ་ཐག ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ་ཡུལ་དངོས་སུ་སོང་བ་ན་གེ་སར་རྟ་རྫི་གཉིས་དང་ཁྲུང་ཁྲུང་ཁྱུ་གཅིག་འབའ་ཆུའི་འགྲམ་གྱི་ཁྲ་ལྡང་ན་རུ་བབས་འདུག ཁྲ་ལྡང་ན་ནི་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མགར་རྩེ་སྡེ་བའི་དབྱར་ས་ཡིན་ལ། འབའ་ཐང་དུ་གྱ་གྱུར་རྒྱུ་བའི་འབའ་ཆུའི་གཡས་གཡོན་ཐམས་ཅད་ན་ཆེན་པོ་ཞིག་ཡིན་པས་སྔོན་ཆད་འདབ་ཆགས་མང་པོའི་བསྟི་གནས་ཤིག་ཡིན་པར་ཐེ་ཚོམ་མི་དགོས་ནའང་། འདས་པའི་ལོ་མང་པོའི་རིང་ལ་ཁྲ་ལྡང་ནའི་འདབ་ཆགས་དང་ཉ་རིགས་ཇེ་ཉུང་དུ་སོང་ཡོད་པ་ཚང་མས་ཤེས་གསལ་ཡིན་པས། ཐེངས་འདིར་མཐོང་མ་མྱོང་བའི་བྱ་རིགས་ཤིག་མཐོང་ཐུབ་ཚེ་ང་ཚོ་ཚང་མ་ཡིད་སེམས་སྤྲོ་བས་ཁེངས།

        ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མགར་རྩེ་སྡེ་བའི་སྡེ་དཔོན་ཟུར་པ་ཕུར་བས་བཤད་རྒྱུར། “ང་ཆུང་དུས་ཁྲ་ལྡང་ན་ཡི་སྲམ་ཚང་ཞེས་པའི་ས་འདིའི་གོང་རོལ་ན་མཚོ་ཆུང་ཞིག་ཡོད། བྱ་རིགས་སྣ་ཚོགས་འཕུར་ནས་འབའ་ཆུའི་ཁར་གཡེང་བ་དང་རྩྭ་ཆུ་འཛོམས་ལ་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་ཡོད། སྤྱིར་འབའ་ཐང་ནི་སྔོན་ཆད་ནས་ལུག་འཚོ་ས་ཧ་ཅང་བཟང་པོ་ཞིག་ཡིན། ལུག་ཁྱུ་དང་དགོ་ཁྱུ་མཉམ་དུ་འདྲེས་ཡོད་ལ། ང་རང་ཆུང་དུས་འབའ་ཉིན་སྲིབ་གཉིས་སུ་དགོ་དམར་བཞི་བརྒྱ་ལྔ་བརྒྱ་ཁྱུ་དང་ཁྱུ་བྱས་ནས་འགྲོ་བ་མཐོང་རྒྱུ་འདུག རྗེས་ནས་ངས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་བའི་སྤྱི་ལོ1990ལོར་ས་འདིར་ཐན་པ་བྱུང་ནས་ཆར་ཆུ་ཧ་ཅང་དཀོན་པས་འབའ་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོ་ཚང་མ་སྐམ་སོང་། ལོ་དེར་ཨ་ཙག(འབུ་ཨ་ང་ཙི)མང་པོ་ཞིག་ཐོན་ནས་རྩྭ་སར་གནོད་སྐྱོན་ཆེན་པོ་བཟོས་པ་རེད”ཅེས་ཁོ་རང་ཆུང་དུས་དང་སྡེ་བའི་ལས་བྱེད་པའི་འགན་འཁུར་བའི་རིང་གི་ཡུལ་འདིའི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ཇི་འདྲ་ཡིན་པ་ང་ཚོར་གསལ་པོར་བཤད་བྱུང་། ཡང་ཁོས་ཧ་ཅང་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། “ད་ལྟ་ང་རང་ལོ་བདུན་ཅུ་ལྷག་ལ་བུད་ཡོད། ཏང་དང་སྲིད་གཞུང་གིས་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བརྒྱབ་པ་དང་བསྟུན་ནས། ས་ཕྱོགས་འདིའི་མི་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་འབའ་ཆུའི་བཞུར་རྒྱུད་ཀྱི་གད་སྙིགས་སྣ་ཚོགས་འཐུ་བ་སོགས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ཏེ་ཁྲ་ལྡང་ཆུ་མགོར་སྲུང་སྐྱོང་བྱས་སྟབས། ཉེ་བའི་ལོ་འགའི་སྔོན་དུ་ཁྲ་ལྡང་ཆུ་མགོ་ནས་ཆུ་ཐོན་པ་དང་སྔོན་ཆད་ཀྱི་འབའ་ཆུའི་ཆུ་ལག་གཙོ་བོ་དག་ནས་ཀྱང་ཆུ་ཐོན་པས། འབའ་ཆུའི་ཆུ་བོ་རྒྱས་ཤིང་བྱ་རིགས་སྣ་ཚོགས་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་གསར་འགོད་པར་བཤད།

        ལྷུང་ལྷུང་དུ་འབབ་པའི་འབའ་ཆུ་སྔོན་མོས་ཉིན་ནས་ཟླ་དང་ལོ་ནས་ལོ་མཐུད་དེ་དབྱར་དགུན་སྟོན་དཔྱིད་མེད་པར་ཡུལ་འདིའི་སྐྱེ་འགྲོ་ཀུན་ལ་ཚེ་སྲོག་གི་སྟོབས་ཤུགས་སྦྱིན་མྱོང་ཞིང་། ལོ་ངོ་ཇི་འདྲའི་མང་པོ་ཞིག་གི་རིང་ལ། འབའ་ཆུ་སྔོན་མོས་འབའ་ཡུལ་རྩྭ་ཐང་དུ་ངོ་མཚར་ཞིང་ཡིད་དུ་འོང་བའི་མིའི་རིགས་ཀྱི་གཏམ་རྒྱུད་ཇི་འདྲའི་མང་པོ་ཞིག་བསྐྲུན་མྱོང་ཨང་། ཡང་གཅིག་བཤད་ན། འབའ་ཆུ་ནི་འབའ་ཡུལ་གྱི་མ་ཡུམ་ཆུ་བོ་ཡིན་པས། འབའ་ཡུལ་གྱི་མི་སུ་ཞིག་ཡིན་ཡང་འབའ་ཆུ་ལ་གཞན་ལས་ལྷག་པའི་དུངས་པ་ཞིག་ཡོད་པའང་བརྗོད་མ་དགོས་པ་ཡིན།

        གསར་འགོད་པས་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མགར་རྩེ་སྡེ་བའི་རྒན་པོ་གཡུང་དྲུང་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར“རང་ཉིད་ནི་འབའ་ཆུའི་འགྲམ་ནས་སྐྱེས་པའི་མི་ཞིག་ཡིན། གེ་སར་སྒྲུང་གི་ནང་ན།རྒན་མོས་དུང་ཙེ་བརྩེགས་འདྲ་བོ། །འབའ་ཡི་ཁྲ་ལྡང་ཆུ་མགོ་ཡིན། །རྟ་ར་ར་སྲུང་རྟགས་བཏགས་འདྲ་བོ། །འབའ་ཡི་གད་པ་གཡང་ར་ཡིན། །ལུག་སྟོང་ལུག་ཤོད་ལ་བསྐྱིལ་འདྲ་བོ། །འབའ་ཡི་རྩི་ཐོ་དཀར་ལྡང་ཡིན། །ཆོས་བཀའ་འགྱུར་བསྟན་འགྱུར་བརྩིགས་འདྲ་བོ། །འབའ་ཡི་བྲག་དཀར་ཆོས་བརྩིགས་ཡིན། །སྒྲོག་སུམ་རྩ་ཐང་ལ་ལྷུང་འདྲ་བོ། །འབའ་ཡི་གད་པ་སུམ་མདོ་ཡིན་ཞེས་འཁོད་འདུག་ལ། ཧོར་གླིང་འཁྲུག་པའི་དུས་ལ། གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་འབའ་གད་པ་གཡང་ར་ནས་ཧོར་ཤན་པས་བགྲོངས་པའི་ངག་རྒྱུན་ཡོད་པ་རེད། ང་རང་ཆུང་དུས། ས་ཆ་འདི་ན་བྱ་ཁྲུང་ཁྲུང་དང་། བྱ་གོང་མོ། སྲེག་པ་སོགས་བྱ་རིགས་མང་པོ་འདུག རྗེས་ནས་ས་འདིར་ཆར་ཆུ་དུས་སུ་མ་བབས་པ་དང་། ཨ་ཙག(འབུ་ཨ་ང་ཙི)ཐོན་པ་སོགས་ཀྱི་རྐྱེན་གྱིས་ས་ཆ་འདི་ལ་ཐན་སྐྱོན་བྱུང་། ད་ལྟ་སྐྱེ་ཁམས་སླར་གསོ་བྱུང་ནས་བྱ་བྱེའུ་མང་པོ་མཐོང་རྒྱུ་འདུག ཐ་ན་བྱ་ཁྲུང་ཁྲུང་ཡང་མཐོང་རྒྱུ་འདུག ཁྲ་ལྡང་ན་འདིར་མཚོན་ན་ས་ཧ་ཅང་སྐྱིད་ས་ཞིག་ཡིན། རྩྭ་ཆུ་འཛོམས་ས་ཆུ་བོ་དྭངས་ས་ཞིག་ཡིན”ཞེས་བཤད་པ་ནི་གནས་ལུགས་དང་མཐུན་པ་ཞིག་རེད་དེ། ད་ལྟ་འབའ་ཆུའི་འགྲམ་རྒྱུད་དུ་ངང་པ་དང་ཆུ་གག ཁྲུང་ཁྲུང་སོགས་བྱ་རིགས་སྣ་ཚོགས་ཡོད་པ་འདིས་སྐྱེ་ཁམས་སྲུང་སྐྱོང་གི་བྱ་བར་གྲུབ་འབྲས་བླངས་ཡོད་པའང་ངང་གིས་ཤེས་ཐུབ།

        མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན། རྨོ་བསྐྱུར་རྩྭ་འདེབས། “བྱང་གསུམ”འགོག་རགས་ནགས་ཀྱི་དུས་སྐབས་བཞི་པ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་ཀྱི་ནགས་ལས་གཙོ་གནད་བཟོ་འགོད་འཛུགས་སྐྲུན་ལས་གཞི་དག་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། མཐོ་སྒང་གི་ལྗང་མདོག་ཁྱིམ་གཞི་གསར་པ་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་དུ་གནས་པའི་ཐུན་ཏེའི་རང་བྱུང་ནགས་ཚལ་སྲུང་སྐྱོང་མངའ་ཁོངས་ཀྱི་འཇང་ཆུང་དང་རྨ་བྱང་། ཞོལ་མ་བཅས་རང་བྱུང་ནགས་ཁུལ་ཆེན་མོ་གསུམ་ལ་སྲུང་སྐྱོང་ལེགས་པོ་བྱེད་བཞིན་ཡོད་པར་མ་ཟད། འབའ་ཆུ་སོགས་རྨ་ཆུའི་ཆུ་ལག་གཙོ་བོ་དག་ལ་བཅོས་སྐྱོང་གང་ལེགས་བྱས་ཏེ། ཆུ་རགས་བསྐྲུན་པ་དང་། ཆུའི་ཁོར་ཡུག་ལེགས་བཅོས་དང་གད་སྙིགས་གཅིག་ཀྱང་མེད་པར་བྱེད་པ་སོགས་ཀྱི་ལས་འགན་ལག་བསྟར་དོན་འཁྱོལ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་བཟང་པོ་བླངས་དང་ལེན་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1