༄༅། །འགན་འཁྲི་དང་འོས་འགན་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-12


        སྤྱིར་སློབ་གྲྭ་ག་གེ་མོ་ཅི་འདྲ་ཞིག་ཡིན་རུང་དགེ་རྒན་དང་སློབ་མའི་དམིགས་བསལ་གྱི་དབྱེ་མཚམས་ནི་དགེ་རྒན་གྱིས་སློབ་པ་དང་སློབ་མས་སྦྱངས་པ། དགེ་རྒན་གྱིས་བཤད་པ་དང་སློབ་མས་ཉན་པ་སོགས་གང་ལ་གང་མཚམས་ཀྱི་རྒྱུན་གཏན་རང་བཞིན་གྱི་བྱ་བྱེད་དག་གཙོ་བོར་མ་ཡིན་པར་འདི་ནི་འགན་འཁྲི་དང་འོས་འགན་གཉིས་རེད། དབྱེ་བ་དེ་འདྲ་ཞིག་གི་དབང་གིས་བྱ་བའི་འཇུག་ཕྱོགས་ཀྱང་ཁྱོན་ནས་མི་འདྲའོ།
      དེ་ཡང་ཞིབ་པར་གླེང་ན། དང་པོ་དགེ་རྒན་གྱི་ངོས་ནས་འཆད་ན། དགེ་རྒན་ལ་རང་ཉིད་ལ་དགོས་པ་ཁྱད་ཆོས་སམ་འཁྱེར་དགོས་པའི་རྩ་དོན་ནི་འགན་འཁྲི་རེད། གང་ལགས་ཤེ་ན། དགེ་རྒན་ཞིག་ལ་དང་ཐོག་མར་དང་ཆེས་རྩ་བར་གྱུར་པའི་འགན་འཁྲིའི་བསམ་པ་ཞིག་མེད་ན་སློབ་གསོ་སློབ་ཁྲིད་ཟེར་བ་ཆུ་ནང་དུ་རྟུག་དྲི་བཏང་བ་དང་ཨ་ན་མ་ན་རེད། ང་ཚོ་ལ་འགན་འཁྲི་མེད་དུས་གྲུབ་འབྲས་བཟང་པོ་ཞིག་ལ་རེ་སྒུག་ཕར་ཞོག ང་ཚོ་མི་གཅིག་གིས་ང་ཚོའི་སློབ་ཚན་འཁྲིད་ཁོངས་ཀྱི་སློབ་མ་ཉུང་མཐར་དྲུག་ཅུ་ལྷག་ཙམ་མིག་གི་མཐོང་སར་འཕྲོ་བརླག་གཏོང་གི་ཡོད། ཟླ་རེའི་གླ་ཕོགས་འདི་ལའང་ངོ་ཚ་དགོས་པ་རེད།“ཆོས་སྐྱོང་རང་སྒོ་མ་ཐོན་པར། གཤིན་པོའི་རྣམ་ཤེས་ཡར་འདྲེན་”དཀའ་མོ་རེད། དགེ་རྒན་ཞེས་པའི་མིང་ཆེན་པོ་དེ་འཐོབ་སླ་ཡང་དེ་དང་མཐུན་པའི་མཚན་ཉིད་ཅིག་ང་ཚོ་ལ་ཡོད་དམ། མི་རིགས་ཀྱི་འཕེལ་རྒྱས་སློབ་གསོ་ལ་ཐུག་ཡོད། དེ་བས་སློབ་གསོའི་མདུང་རྩེ་དགེ་རྒན་ལ་རག་ལས་ཡོད་དུས་ང་ཚོས་མཛུབ་མོ་སོ་སོར་གཏད་ནས་ཚ་འདྲི་ཞིག་བྱེད་དང་། ང་ཚོ་འདི་འདྲ་ཞིག་ལས་མེད་དུས་སློབ་མ་ཚོར་ཡང་རེ་བ་འདི་དང་འདི་འདྲ་བ་དག་བཏོན་དུས་སེམས་ནང་ཚ་ཤུར་རྒྱག་གི་མིན་འདུག་གམ། ང་ཚོའི་སློབ་གསོ་སྐམ་པོ། སློབ་གསོ་རྐང་ཆག་དེས་འབྱུང་འགྱུར་གྱི་མི་རིགས་འཕེལ་རྒྱས། མི་རིགས་བརྟན་ཆགས་ལ་རྔོ་ཐོགས་སམ། ད་ངོ་མ་བསམ་བློ་བཏང་ན་བཏང་ཚོད་རེད། ག་དུས་ཡིན་རུང་“ཁོ་ཚོ་”ལས་ཡག་པ། “ཁོ་ཚོ་”ལས་ལྷག་པ་ཟེ་བསྡད་ན་འགྲིག་གམ། དེ་ཙམ་མ་ཟད་“རང་སྐྱོན་རྫ་མ་གང་བཞག་ནས། གཞན་སྐྱོན་ཟ་རུ་གང་སྟོན་རྒྱུར།”དགའ་བའི་ང་ཚོར་ཡང་སྙིང་ཅི་ཞིག་འཁྱེར་ནས་སློབ་མ་ཚོར་གདོང་ཐུག་བྱེད་རྒྱུ་ཡིན།
      གཉིས་པ་སློབ་མའི་ངོས་ནས་འཆད་ན། སློབ་མས་སློབ་སྦྱོང་བྱེད་པ་དེ་གཡོལ་ཐབས་མེད་པའི་འོས་འགན་ཞིག་རེད། ཁྱོད་ཚོར་སློབ་སྦྱོང་བྱེད་པ་དེ་འགན་འཁྲི་ཞེས་མིང་ཆེན་པོ། མིང་སྐམ་པོ་དེ་འབོད་སྒྲོག་བྱས་ན་རྔོ་མི་ཐོགས། གལ་སྲིད་དེ་ལྟར་བརྗོད་པའི་དབང་དུ་བཏང་ན་ཁྱོད་ཚོར་སེམས་ཚེགས་དང་ཁུར་པོ་སྣ་ཚོགས་བཟོས་སྲིད་ངེས། རྒྱུ་མཚན་ཡོད་དེ། དགེ་རྒན་ཁག་ཅིག་གི་སློབ་གསོ་རྒྱག་ཕྱོགས་རྗེས་ལུས་སམ་སྐྱོན་ཅན་དེས་ག་དུས་ཡིན་རུང་སློབ་མའི་ཚོགས་ལ་འཇིགས་སྐུལ་དང་ཉེས་བརྡུང་རང་རེད། དེ་ལ་སློབ་གསོ་ཟེར་ན་ཐང་ངམ། དེ་ལ་“སློབ་གསོད་”ཟེར་ན་མི་འགྲིག་པ་མིན་འདུག སློབ་གསོ་ཟེར་ན་འདི་འདྲ་ཞིག་ག་ནས་ཡིན། དེས་ན་སློབ་གསོར་ཡང་དག་ཁུངས་བཙན་གྱི་མཚན་ཉིད་དམ་འགྲེལ་པ་ཞིག་ཡོད་དེ། 《དག་ཡིག་གསར་སྒྲིག་》ནང་སློབ་གསོ་ཟེར་བ་ནི་“སློབ་སྟོན་དང་གསོ་སྐྱོང་བྱེད་པར་གོ་ཞིང་། ད་དུང་《བོད་རྒྱ་མིང་མཛོད་》ནང་དུའང་སློབ་གསོ་ཟེར་ན་རྒྱ་སྐད་ལ་“教育”ཟེར་འཁོད་འདུག ང་ཚོས་ཀྱང་“教”དེ་སློབ་པ་ལ་གོ་བ་དང་“育”དེ་གསོ་སྐྱོང་ཞེས་གོ་བ་ལེན་ཆོག བྱས་ཙང་དགེ་རྒན་གྱིས་སློབ་གསོར་གོ་བ་དང་བེད་སྤྱོད་ཡང་དག་པའི་རྨང་གཞིའི་ཐོག་སློབ་མས་ད་གཟོད་སློབ་སྦྱོང་བྱེད་པ་དེ་འོས་འགན་ལ་བརྩིས་དགོས། སློབ་མས་སློབ་སྦྱོང་བྱེད་པ་འདི་འོས་འགན་དུ་འདོད་ན་ཧ་ཅང་ལེགས་པར་མཐོང་། རྒྱུ་མཚན་ནི་ཁོ་ཚོས་ལས་དེ་འོས་འགན་ཞིག་ལ་མངོན་དུས་ལས་ཀ་དེ་བྱེད་དགོས་ངེས་ཞིག་དང་མ་བྱས་རང་བྱས་ཞིག་དུ་འདོད་སྲིད།
      གསུམ་པ་དགེ་རྒན་དང་སློབ་མ་ཟུང་དུ་འབྲེལ་ནས་གླེང་ན། འགན་འཁྲི་དང་འོས་འགན་གཉིས་གཅིག་མཚུངས་ཡིན་མི་སྲིད་པ་ནི་ཁོ་གཉིས་དབར་ལ་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་དང་ཕན་ཚུན་བལྟོས་བཅས་ཀྱི་སྒྲུབ་པའི་རྟགས་ཡོད་པའི་ཕྱིར། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ཀྱང་“མཁས་པས་རྟེན་འབྱུང་ཆོས་རྣམས་ཡོངས་ཤེས་ནས།། མཐར་ལྟ་བ་ལ་བརྟེན་པར་ཡང་མི་བྱེད་།། རྒྱུ་དང་བཅས་ཤིང་རྐྱེན་བཅས་ཆོས་ཤེས་ཀྱི།། རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན།།”ཞེས་གསུངས་པ་ལྟར་ཡིན། དེ་ལྟར་དགེ་རྒན་གྱིས་འགན་འཁྲིའི་བསམ་པ་ཡང་དག་ཅིག་འཁྱེར་འོས་ལ་དོན་ལ་འཁྱོལ་བ་ནི་དེ་བས་ཀྱང་གལ། དེ་བཞིན་སློབ་མས་འོས་འགན་དེ་རང་གི་ཕྲག་སྟེང་ནས་དོར་དུ་མི་རུང་བའི་ལས་ཞིག་ཡིན་པའི་ཆ་ནས་ལག་ལེན་དངོས་ལ་བསྟར་ཐུབ་པ་ཅི་ནས་དགོས། ང་རང་གི་འདི་ལྟར་འདོད་ཀྱི་ཡོད་དེ། འགན་འཁྲི་མེད་པའི་དགེ་རྒན་ཞིག་གིས་སློབ་མ་བསྐྱངས་བ་ནི་གོམ་པ་མི་ཤེས་པར་རྒྱུགས་ཤར་གློད་སྟངས་བྱེད་མཁན་གྱི་བྱིས་རློན་ཞིག་དང་། འོས་འགན་མེད་པའི་སློབ་མ་ཞིག་གིས་དགེ་རྒན་བརྟེན་པ་ནི་ཁ་ནང་དུ་བཟས་གང་ཞིམ་གང་ལེགས་སྐྱེལ་ཡང་བཟའ་མི་ཐུབ་པའི་ནད་པ་ཞིག་དང་མཚུངས་པར་སྙམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1