༄༅།། ཁྱེད་ཀྱིས་གླུ་དབྱངས་ཀྱི་བདག་དབང་ཟེར་བ་དེ་ཅི་འདྲ་ཞིག་ཡིན་པ་ཤེས་སམ།

གདུགས་དཀར་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁྲིམས་ལུགས་མགྱོགས་འཁོར་ལས་དྲངས། སྤེལ་དུས། 05-25



 ཅི་ཞིག་ནི་གླུ་དབྱངས་ཀྱི་བདག་དབང་ཡིན།

  ང་ཚོས་ད་ལྟའི་རོལ་དབྱངས་ལས་མང་ཆེ་བར་བདག་དབང་ཡོད་པ་ཤེས་ཡོད། གླུ་པ་དང་སྒྱུ་རྩལ་པ། མི་སྒེར་སུ་ཞིག་ཡིན་རུང་དེའི་བདག་དབང་ལ་གནོད་འཚེ་གཏོང་མི་རུང་། དེ་ལྟར་མ་བྱས་ན་བདག་དབང་ལ་གནོད་འཚེ་བྱས་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས།


 གཅིག །ཅི་ཞིག་ནི་གླུ་དབྱངས་ཀྱི་བདག་དབང་ཡིན།

  གླུ་དབྱངས་བདག་དབང་གི་ནང་དོན་ནི་གླུ་དབྱངས་བརྩམས་ཆོས་གསར་རྩོམ་མཁན་གྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་དབང་ཆ་ཡིན། དེའི་ནང་གཙོ་བོ་གླུ་དབྱངས་བརྩམས་ཆོས་ཀྱི་འཁྲབ་སྟོན་བྱེད་དབང་དང་འདྲ་བཟོ་བྱེད་དབང་། རྒྱང་བསྒྲགས་གཏོང་དབང་། དྲ་ཐོག་བརྒྱུད་གཏོང་བྱེད་དབང་སོགས་རྒྱུ་ནོར་གྱི་ཁེ་དབང་དང་མིང་འགོད་དབང་། བརྩམས་ཆོས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་དབང་སོགས་བསམ་པའི་ཁེ་དབང་ཚུད་ཡོད།

  གཞན་ཡང་མི་སྣ་གྲགས་ཅན་དང་། སྒྱུ་རྩལ་པ། མི་སྒེར་བཅས་ཀྱིས་མ་རྩོམ་གྱི་མོས་མཐུན་མ་ཐོབ་པར་གླུ་གཞས་ཆེད་ཚོགས་དང་བརྙན་འཕྲིན་ལེ་ཚན། དྲ་ཐོག་ཐད་གཏོང་། སྤྱི་པའི་ཚོགས་ར་སོགས་སུ་གླུ་གཞས་བསྐྱར་ལེན་གཏོང་བའམ་ཡང་ན་མ་རྩོམ་གླུ་གཞས་ངན་སྤེལ་དང་བཅོས་སྒྲིག་བྱ་མི་ཆོག །དེ་ལྟར་མ་བྱས་ན་མ་རྩོམ་སྤྱི་གཉེར་ཁང་གིས་བདག་དབང་ལ་གནོད་འཚེ་ཐེབས་པའི་སྐྱིན་གཡར་དངུལ་འབོར་ཆེན་སྐྱིན་ཚབ་སྤྲོད་དགོས་པའི་ཞུ་གཏུག་བྱ་སྲིད།

  མི་རྣམས་ཀྱིས་བཤད་པའི་བསྐྱར་ལེན་ཞེས་པ་ནི་དོན་དངོས་ཐོག་འགྲེམས་སྤེལ་བྱས་ཟིན་པ་མ་ཟད་མི་གཞན་གྱིས་འཁྲབ་སྟོན་བྱས་པའི་གླུ་གཞས་བསྐྱར་དུ་ལེན་པ་དང་། དེའི་ནང་རང་ཉིད་ཀྱི་ཉམས་འགྱུར་ལ་གཞིགས་ནས་བསྐྱར་དུ་འཁྲབ་སྟོན་བྱས་ཀྱང་མ་རྩོམ་ལ་འགྱུར་བ་མི་གཏོང་བའི་བྱ་སྤྱོད་ལ་ཟེར།

  APPཁ་ཤས་ཐོག་གླུ་ལ་ཉན་སྐབས་གླུ་དབྱངས་ཁ་ཤས་ལ་རིན་པ་བསྡུ་དགོས་པའི་རྒྱུ་མཚན་ནི་APPལ་བདག་དབང་འཐོབ་མེད་པས་ཉན་དགོས་ཚེ་དངུལ་སྤྲོད་དགོས་པ་རེད།


 གཉིས། གླུ་དབྱངས་ཀྱི་བདག་དབང་ཇི་ལྟར་རེ་ཞུ་བྱེད་དགོས།

  བདག་དབང་རང་འགུལ་གྱིས་བྱུང་བ་ལས་རེ་ཞུ་བྱེད་རྒྱུ་མེད་ལ་ཐོ་འགོད་ཀྱི་གོ་རིམ་ཡོད། ཐོ་འགོད་བརྒྱུད་རིམ་གཤམ་གསལ་ལྟར།


 1.རྒྱུ་ཆ་འབུལ་དགོས་པ།

 (1)བརྩམས་ཆོས་ཐོ་འགོད་ཞུ་ཡིག །

 (2)རྩོམ་པ་པོའམ་ཡང་ན་རྩོམ་གྱི་བདག་དབང་ཡོད་མཁན་གཞན་དག་གི་ཐོབ་ཐང་བདེན་དཔང་ཡིག་ཆ།

 (3)བརྩམས་ཆོས་ཀྱི་བདག་དབང་ཐོབ་ཡོད་པའི་བདེན་དཔང་ར་སྤྲོད་ཡིག་ཆ།

 (4)བརྩམས་ཆོས་ཀྱི་གསལ་བཤད་ཡི་གེ །


 2.བརྩམས་ཆོས་ཐོ་འགོད་རེའུ་མིག་དང་ཁེ་དབང་ཁག་ཐེག་ཡི་གེ་འབྲི་དགོས།

 3.འགྲོ་གྲོན་སྤྲོད་པ།

 4.བརྩམས་ཆོས་ཐོ་འགོད་ལས་ཁུངས་ཀྱིས་རྩོམ་རིགས་ཐོ་འགོད་ཞུ་ཡིག་འབྱོར་རྗེས་གཏན་འབེབས་ལྟར་ཞིབ་བཤེར་བྱ་རྒྱུ་དང་། ཞིབ་བཤེར་བྱེད་ཡུན་ཟླ་བ་གཅིག་ཡིན།

 5.ཞིབ་བཤེར་བྱས་པ་བརྒྱུད་རྩོམ་རིགས་རང་མོས་ཀྱིས་ཐོ་འགོད་བྱེད་པའི་ཆ་རྐྱེན་དང་མཐུན་པའི་བརྩམས་ཆོས་ཁག་ལ་བརྩམས་ཆོས་ཐོ་འགོད་ལས་ཁུངས་ཀྱིས་བརྩམས་ཆོས་ཐོ་འགོད་ལག་ཁྱེར་སྤྲོད་རྒྱུ་མ་ཟད་སྤྱི་བསྒྲགས་བྱ་རྒྱུ།


 གསུམ། གླུ་དབྱངས་བརྩམས་ཆོས་ཀྱི་བདག་དབང་སྲུང་སྐྱོང་དུས་ཡུན་ག་ཚོད་ཡིན།

 1.གླུ་དབྱངས་བརྩམས་ཆོས་ཀྱི་རྩོམ་པ་པོའི་མིང་འགོད་དབང་དང་། བཟོ་བཅོས་བྱེད་དབང་། བརྩམས་ཆོས་ཆ་ཚང་སྲུང་སྐྱོང་བྱེད་དབང་བཅས་སྲུང་སྐྱོང་བྱེད་པའི་དུས་ཡུན་ལ་ཚད་བཀག་མེད།

 2.སྤྱི་དམངས་ཀྱི་རོལ་དབྱངས་བརྩམས་ཆོས་ཀྱི་འགྲེམ་སྤེལ་དབང་ཆ་དང་། 《 བརྩམས་ཆོས་གྱི་བདག་དབང་བཅའ་ཁྲིམས། 》 ཀྱི་དོན་ཚན་བཅུ་པའི་ཚན་པ་དང་པོའི་ཚན་ཆུང་ལྔ་པ་ནས་ཚན་ཆུང་བཅུ་བདུན་པའི་བར་དུ་གཏན་འབེབས་བྱས་པའི་དབང་ཆའི་སྲུང་སྐྱོབ་དུས་ཡུན་ནི་རྩོམ་པ་པོའི་མི་ཚེ་གང་པོར་དང་ཤི་རྗེས་ཀྱི་ལོ་ལྔ་བཅུ་བར་ཡིན་པ་དང་། རྩོམ་པ་པོ་ཤི་རྗེས་ཀྱི་ལོ་ལྔ་བཅུ་པའི་ཟླ་12པའི་ཚེས་31ཉིན་མཚམས་འཇོག་རྒྱུ། གལ་ཏེ་མཉམ་འབྲེལ་བརྩམས་ཆོས་ཡིན་ན། ཆེས་མཇུག་མཐར་ཤི་བའི་རྩོམ་པ་པོ་ཤི་རྗེས་ལོ་ལྔ་བཅུ་པའི་ཟླ་12པའི་ཚེས་31ཉིན་མཚམས་འཇོག་རྒྱུ།

 3.ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གི་རོལ་དབྱངས་བརྩམས་ཆོས་དང་། རྩོམ་གྱི་བདག་དབང་(མིང་འགོད་དབང་ཕུད)ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་ལོངས་སུ་སྤྱོད་པའི་ལས་ཐོག་བརྩམས་ཆོས་དེའི་འགྲེམས་སྤེལ་བྱེད་དབང་དེ་《རྩོམ་གྱི་བདག་དབང་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་པའི་ཚན་པ་དང་པོའི་ཚན་ཆུང་ལྔ་པ་ནས་ཚན་ཆུང་བཅུ་བདུན་པའི་བར་དུ་གཏན་འབེབས་བྱས་པའི་དབང་ཆའི་སྲུང་སྐྱོབ་དུས་ཡུན་ནི་ལོ་ལྔ་བཅུ་ཡིན་པ་དང་། བརྩམས་ཆོས་ཐོག་མར་འགྲེམས་སྤེལ་བྱས་རྗེས་ཀྱི་ལོ་ལྔ་བཅུ་པའི་ཟླ་12ཚེས་31ཉིན་སྲུང་མཚམས་འཇོག་རྒྱུ།

  གོང་དུ་བཤད་པ་ལྟར་ན་ང་ཚོས་རོལ་དབྱངས་བརྩམས་ཆོས་ཚང་མར་འབྲེལ་ཡོད་བདག་དབང་ཡོད་པ་ཤེས་ཤིང་། དེར་མི་སུ་ཞིག་གིས་ཀྱང་གནོད་འཚེ་གཏོང་མི་རུང་། དེ་ལྟར་མ་བྱས་ན་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1