མཁན་པོས་རྒྱལ་པོ་ལ། ཁྱོད་ཀྱི་བོད་ཡུལ་འདིར་མུ་སྟེགས་མི་འབྱུང་ཡང་། ཡར་ངོ་མར་ངོ་གཉིས་ལ་སོགས་རྟེན་འབྲེལ་འགའ་ཡི་རྒྱུས་ཆོས་ལུགས་དག་མ་དག་གཉིས་སུ་འགྲོ་བར་འགྱུར་ཏེ། དེ་ཡང་ཐོག་མར་ང་འདས་ནས་རྒྱ་ནག་དགེ་སློང་ཞེས་བྱ་བས། བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བས་རྣམ་པར་མི་རྟོག་པ་བསྒོམ་པས། སེམས་རྟོགས་པ་འབའ་ཞིག་གིས་འཚང་རྒྱ་བའི་ཆོས་སྟོན་པར་འགྱུར་རོ། །དེའི་ཚེ་ངའི་སློབ་མ་ཀཱ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་དེས་སུན་འབྱིན་པར་ནུས་སོ། །དེ་ནས་དད་ལྡན་རྣམས་ཀྱིས་སློབ་དཔོན་གྱི་ཆོས་ལུགས་བཞིན་དུ་ཉམས་སུ་ལོངས་ཤིག་གསུངས། དེ་བདག་ཅག་གིས་གདན་འདྲོང་བ་མི་སྲིད་པས། ཕྱག་ཡིག་ཅིག་བཞག་པར་ཞུ་ཞུས་པས། ཀཱ་མ་ལ་ཤཱི་ལ་ཁྱེད་ལ་མ་འོངས་པའི་དུས་སུ་བོད་ཀྱི་རྒྱལ་པོས་གདན་འདྲེན་པ་བྱུང་ན། ཅིས་ཀྱང་འབྱོན་དགོས་སོ། །གལ་ཏེ་མ་འོངས་ན་དཔོན་སློབ་ལ་དམ་ཚིག་མེད་དོ། །ཞེས་པའི་ཕྱག་ཡིག་བཞག་སྐད། དེའི་རྗེས་སུ་ལུང་བསྟན་པ་དེ་བཞིན་ཐོག་ཏུ་བབས་ཏེ། མཁན་པོ་གཤེགས་ནས། སྦ་ཡེ་ཤེས་དབང་པོ་རྒྱལ་ཚབ་ཏུ་བསྐོས་ཏེ་བསྟན་པ་འཛིན་པའི་ཚེ། ཉང་ཏིང་འཛིན་བཟང་པོ་དང་། ཉང་ཤ་མི་ལ་སོགས་པ་མི་གུས་པ་དང་སྐུར་པ་བཏབ་པས་ཐུགས་སྐྱོ་ནས་མཁར་ཆུར་བསྒོམ་དུ་བཞུད་དོ། །དེའི་ཚེ་རྒྱ་ནག་མཁན་པོ་བྱུང་ནས་ཁོ་རང་གི་ཆོས་ལུགས་བསྟན་པས། ཆོས་འདི་བྱ་སླ་ཞིང་ཕན་ཡོན་ཆེའོ། །ཞེས་ཟེར་ཞིང་། བོད་རིལ་གྱིས་ཁོའི་ཆོས་ལུགས་བྱེད། དཀོན་མཆོག་ལ་མཆོད་པ་དང་། སྡེ་སྣོད་ལ་ཐོས་བསམ་དང་། ལུས་ངག་གི་དགེ་སྦྱོར་འཕྲོ་གཅད་དོ། །དཔལ་དབྱངས་དང་། སྤ་རཏྣ་ལ་སོགས་པ་ཉུང་ཤས་ཤིག་མཁན་པོའི་ཆོས་ལུགས་བྱེད་དོ། །བཙན་པོས་རྒྱའི་སྟོན་པའི་ལུགས་འདི་ཆོས་རང་མིན་པ་འདྲ་གསུངས་པས། སྟོན་མིན་པར་གྲགས་སོ། །དྲང་སྲོང་བཟོད་པས་མཆིམས་ཕུར་རང་གི་ལུས་ལ་མེ་སྦར་ཏེ། དཀོན་མཆོག་ལ་ཕུལ་བས། སེམས་ཅན་གྱི་དོན་དུ་རང་ལ་བརྩེ་བ་མེད་པ་འདི་ལྟ་བུའི་ཚོགས་བསགས་པ་གལ་ཆེ་བྱས་པས། བརྩེན་མིན་པར་གྲགས་སོ། །བཙན་པོས་ལྟ་སྤྱོད་འཛོམས་པའི་ཆོས་བརྩེན་མིན་པའི་ལྟར་བྱ་རྒྱུ་ཡིན་གསུངས་པས། སྟོན་མིན་པ་རྣམས་ཡི་ཆད་དེ། ཧྭ་ཤང་གིས་རང་གི་མགོ་ལ་མེ་སྦར་བས་རྒྱ་མེ་མགོ་བར་གྲགས་སོ། །དེ་ནས་རྒྱལ་པོ་ཐུགས་མ་བདེ་ནས། སྦ་ཡེ་ཤེས་དབང་པོ་སྤྱན་འདྲེན་པ་བཏང་བས་ཁུགས་ཏེ། བཙན་པོའི་སྤྱན་སྔར་མཇལ་ཞིང་གླེང་པས། མཁན་པོའི་ཞལ་ཆེམས་དཀོར་མཛོད་དུ་ཟངས་མའི་གླེགས་བུ་ལ་བྲིས་པ་བཏོན་ནས་ཕུལ་བས། ཀཱ་མ་ལ་ཤཱི་ལ་སྤྱན་འདྲེན་པ་བཏང་སྟེ། བསམ་ཡས་སུ་ཕེབས་ནས་བྱང་ཆུབ་གླིང་དུ་ཁྲི་བཤམས་ཏེ། བཙན་པོ་གུང་ལ་བཞུགས། ཧྭ་ཤང་གཡས་སུ་འཁོད། འཁོར་བན་དྷེ་ལན་ཀ་དང་། ཇོ་མོ་བྱང་ཆུབ་ལ་སོགས་པ་གྲལ་རིང་པོ་བྱུང་ངོ་། །སློབ་དཔོན་ཀཱ་མ་ལ་ཤཱི་ལ་གཡོན་དུ་འཁོད། འཁོར་བཻ་རོ་ཙ་ན་ལ་སོགས་པ་ཉུང་ཤས་ཤིག་བྱུང་།ལྷ་བཙན་པོས་མེ་ཏོག་དཀར་པོའི་ཕྲེང་བ་རེ་གཏད་ནས། གང་རྩོད་པ་རྒྱལ་བ་ལ་ཕམ་པ་དེས་མེ་ཏོག་ཕུལ་ཅིག །ངའི་མངའ་རིས་བོད་ཡུལ་འདིར་ནག་པོ་ལ་དགའ་བའི་དུས་སུ་ཟ་ཧོར་རྒྱལ་པོའི་སྲས་བོ་དྷི་ས་ཏྭ་སྤྱན་དྲངས་ནས། བོད་ཉུང་ཤས་ཤིག་དམ་པའི་ཆོས་ལ་བཀོད། དད་པ་ཅན་རབ་ཏུ་བྱུང་ཞིང་། དཀོན་མཆོག་གསུམ་གྱི་རྟེན་རྣམས་བཙུགས་ནས་མཆོད་པ་བྱེད་པའི་དུས་སུ། རྒྱ་ནག་ཧཱ་ཤང་མ་ཧཱ་ཡ་ན་བྱུང་སྟེ། བོད་ཀྱི་བཙུན་པ་ཕལ་ཆེར་ཡང་དེའི་སློབ་མར་གྱུར་ཏེ། བོ་དྷི་ས་ཏྭའི་སློབ་མ་ཉུང་ཤས་ཤིག་གིས། སློབ་ཏུ་མ་བཏུབ་པས་སྟོན་བརྩེན་གཉིས་སུ་ཆད་དེ་རྩོད་པར་གྱུར་ཏོ། །ཀཱ་མ་ལ་ཤཱི་ལ་བོ་དྷི་ས་ཏྭའི་ཆོས་ལུགས་སྐྱོང་བའི་སློབ་མ་ཡིན་པས། ཁྱེད་གཉིས་ང་རྒྱལ་མི་བྱ་བར་ཆོས་ལུགས་སུ་བཟང་བ་ལ་ངན་པ་དེས་གུས་པར་གྱིས་ཤིག །ཅེས་བཀའ་སྩལ་པ་དང་། ཧྭ་ཤང་ན་རེ། གཞི་ལ་ཡོད་པ་སྔ་བ་ཡིན་པས། དྲིའམ་ལན་གདབ་ཅེས་ཟེར་རོ། །སློབ་དཔོན་ཀཱ་མ་ལས། ཁྱེད་ཀྱི་དགོངས་པ་ལྟར་དུ་ཤགས་གསུངས་ཤིག །ཅེས་བྱས་པས་ཧཱ་ཤང་ན་རེ། ལས་དགེ་མི་དགེའི་དབང་གིས་མཐོ་རིས་དང་ངན་སོང་གི་འབྲས་བུ་མྱོང་ཞིང་འཁོར་བར་འཁོར་བ་ཐམས་ཅད། སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པ་ཡིན། གང་ཅི་ཡང་མི་སེམས་ཤིང་། ཅི་ཡང་མི་བྱེད་པ་དེ་འཁོར་བ་ལས་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་བསམ་པར་མི་བྱའོ། །སྦྱིན་པ་ལ་སོགས་དཀར་པོའི་ཆོས་སྤྱོད་པ་ནི། སྐྱེ་བོ་བློ་ཞན་པ་དཀར་པོའི་ལས་འཕྲོ་མེད་པའི་དབང་པོ་རྟུལ་པོ་རྣམས་ལ་བསྟན་པ་ཡིན་ཏེ། སྔོན་བློ་སྦྱངས་པའི་དབང་པོ་རྣོན་པོ་རྣམས་སྤྲིན་དཀར་ནག་གང་གིས་ཀྱང་ཉི་མ་བསྒྲིབས་པ་ལྟར་ལས་དགེ་སྡིག་གཉིས་ཀས་བསྒྲིབས་པས། ཅི་ཡང་མི་སེམས། ཅི་ཡང་མི་རྟོག །གང་ཡང་མི་སྤྱོད་པ་དེ་ནི་མ་དམིགས་པ་ཞེས་བྱ། དེ་ནི་ཅིག་ཅར་འཇུག་པའི་ལམ་ས་བཅུ་པ་དང་འདྲའོ། །དེས་ན་ཁྱེད་ཀྱི་ཆོས་ལུགས་ནི་སྤྲེའུ་ཤིང་རྩེར་འཛེགས་པ་དང་འདྲ་བས། རིམ་གྱིས་པ་ཞེས་བྱ། ངེད་ཀྱི་ཆོས་ལུགས་འདི་ཁྱུང་ནམ་མཁའ་ནས་ཤིང་རྩེར་བབས་པ་དང་འདྲ་བས། ཡས་འབབ་དང་ཅིག་ཅར་ཞེས་བྱའོ། །ཞེས་ཟེར་རོ། ། དེ་ལ་སློབ་དཔོན་གྱིས་དཔེ་དོན་ལ་དགག་པ་མཛད་དེ། དང་པོ་དཔེ་དགག་པ་ལ་ཁྱོད་ཀྱི་དཔེ་མི་འཐད་དེ། ཁྱུང་ནམ་མཁའ་ལས་གློ་བུར་དུ་འདབ་གཤོག་རྫོགས་པར་སྐྱེས་ནས་ཤིང་རྩེར་འབབ་བམ། འོན་ཏེ་བྲག་ལ་ཚང་བཅས་ནས་རིམ་གྱིས་འདབ་གཤོག་རྒྱས་ཏེ་ཤིང་རྩེར་འབབ། དང་པོ་མི་སྲིད་ལ། ཕྱི་མ་ལྟར་ན་རིམ་གྱིས་པའི་དཔེར་འགྱུར་གྱི། ཅིག་ཅར་པའི་དཔེར་མི་རུང་ངོ་། །དེར་མཁན་པོས་དཔེ་ལ་ལན་མ་ཐེབས་པ་དང་དོན་བཀག་སྟེ། ཁྱེད་ཀྱི་དཔེ་ནོར་བར་མ་ཟད་དོན་ཡང་འཁྲུལ་ཏེ། རྣམ་པར་མི་རྟོག་པ་བསྒོམ་པ་དེ་ནི་རྣམ་རྟོག་ཕྱོགས་གཅིག་བཀག་པ་ཙམ་ཡིན་ནམ། མཐའ་དག་བཀག་པ་ཡིན། དང་པོ་ལྟར་ན། གཉིད་དང་བརྒྱལ་བ་ལ་སོགས་པའང་མི་རྟོག་པ་བསྒོམ་པ་ཡིན་པར་ཐལ། རྟོག་པ་ཕྱོགས་གཅིག་བཀག་པ་ཙམ་ཡིན་པའི་ཕྱིར། རྣམ་རྟོག་མཐའ་དག་དགག་དགོས་ན། ཁྱོད་མི་རྟོག་པ་བསྒོམ་པའི་ཚེ་མི་རྟོག་པ་བསྒོམ་སྙམ་པའི་བློ་སྔོན་དུ་བཏང་དགོས་སམ་མི་དགོས། དགོས་ན་དེ་ཉིད་རྟོག་པ་ཡིན་པས་མི་རྟོག་པ་བསྒོམ་པའི་དམ་བཅའ་ཉམས་སོ། །མི་དགོས་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བསྒོམ་སྐྱེ་བར་ཐལ། བསྒོམ་སྙམ་པའི་རྟོག་པ་སྔོན་དུ་མ་བཏང་ཡང་སྐྱེ་བའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ལུང་དང་རིགས་པས་སུན་ཕྱུང་བས། རྒྱ་ནག་མཁན་པོ་སྤོབས་པ་མེད་པར་གྱུར་ཏོ། །རྒྱལ་པོས་སྨྲས་པ་ལན་ཡོད་ན་ད་ལྟ་གསུངས་ཤིག །མཁན་པོས་སྨྲས་པ་མགོར་ཐོག་རྒྱབ་པ་ལྟར་ལན་མི་ཤེས་སོ། །དེ་ནས་རྒྱལ་པོས་དེ་ལྟར་ན་སློབ་དཔོན་ལ་མེ་ཏོག་ཕུལ། བཟོད་པར་གསོལ་ལ་ལུང་རིགས་དང་མི་འགལ་བར་རྒྱ་གར་གྱི་ཆོས་ལུགས་བཞིན་གྱིས་ཤིག །རྒྱ་ནག་མཁན་པོའི་ལུགས་བྱེད་ན་ཆད་པས་གཅད་དོ། །ཞེས་བཀའ་ནན་དྲག་ཏུ་མཛད་ནས་བཀའ་ཡིག་གསུམ་མཛད་ཅིང་། མདོ་ཁམས་དང་། བོད་དང་། དཀོར་མཛོད་དུ་བཞག་གོ །རྒྱ་ནག་ཧྭ་ཤང་གིས་ཐོག་མར་པཎྜི་ཏ་སྤྱན་འདྲེན་བཏང་བ་ཐོས་ནས། སློབ་མ་བསྡུས་ཏེ། ཤགས་འདེབས་པ་བསླབ་པའི་ཚེ། ཅི་ཡང་ཡིད་ལ་མི་སེམས་པར་ཉལ་བས་ཆོག་གོ །ཞེས་པའི་བསྒོམ་ཡིག་བསམ་གཏན་ཉལ་ཆོག་གི་འཁོར་ལོ། དེའི་གནད་སྟོན་པ་ལ་བསམ་གཏན་གྱི་ལོན། གེགས་སེལ་བ་ལ་བསམ་གཏན་གྱི་ཡང་ལོན། རིགས་པས་བསྒྲུབ་པ་ལ་ལྟ་བའི་རྒྱབ་ཤ། ལུང་གིས་སྒྲུབ་པ་ལ་མདོ་སྡེ་བརྒྱད་བཅུའི་ཁུངས་ཞེས་བྱ་བའི་གཞུང་ལྔ་བརྩམས་སོ། །དེ་རྣམས་གཏེར་དུ་སྦས་པ་རིམ་གྱིས་མཆེད་པར་གྱུར་ཏེ། བོད་ཀྱི་མན་ངག་ཆོས་རྒྱུས་ཆུང་བས་རང་བཟོར་བྱས་པ་རྣམས་ལ་འདྲེས་པ་ཡིན་ནོ། །རྒྱ་ནག་མཁན་པོའི་ལྷམ་རྩོད་པའི་གྲྭར་ལུས་པས། བོད་ཀྱི་བསྟན་པའི་མཇུག་ཏུ་ངའི་ཆོས་ལུགས་འབྱུང་ངོ་ཞེས་པ་དང་། རྒྱ་ནག་ཏུ་འགྲོ་བའི་ཚེ་ལྷམ་ལུས་པ་དང་། ད་རུང་བོད་ཡུལ་དུ་ངའི་ཆོས་ལུགས་འབྱུང་ཞེས་ཟེར་རོ། །ལྷ་བཙན་པོས་སློབ་དཔོན་ལ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ཆོས་དེའི་གནས་ལུགས་ཇི་ལྟར་ཡིན་པའི་བསྟན་བཅོས་མཛད་པར་ཞུས་པས། བསྒོམ་རིམ་དང་པོ་བརྩམས། སྟན་ཐོག་གཅིག་ཏུ་བསྒོམ་ཚུལ་ཞུས་པས། བསྒོམ་རིམ་བར་པ་མཛད། དེ་ལས་འབྲས་བུ་གང་འབྱུང་ཞུས་པས། བསྒོམ་རིམ་ཐ་མ་བརྩམས། དེ་ལ་རྒོལ་བ་བཟློག་པའི་ཕྱིར། ལུང་དང་རིགས་པས་སྒྲུབ་པའི་དབུ་མ་སྣང་བ་བརྩམས་ཏེ་གནང་ངོ་། །དེ་ལྟར་རྒྱ་གར་གྱི་ལུགས་ཀྱི་རིམ་གྱིས་པའི་ཆོས་ལུགས་དར་བའི་ཚེ། རྒྱལ་པོ་གླང་དར་མ་བློན་པོ་ངན་པ་དང་གྲོས་ངན་བཤམས་ཏེ། མངའ་བདག་རལ་པ་ཅན་བཀྲོངས་ནས་བོད་ཡུལ་གྱི་ཆོས་ཁྲིམས་དང་། རྒྱལ་ཁྲིམས་གཉིས་ཀ་བཤིག །གླང་དར་མའང་ལྷ་ལུང་དཔལ་གྱི་རྡོ་རྗེས་བསད། དེ་རྗེས་སུ་ཡུམ་བརྟན་དང་། འོད་སྲུང་འཁྲུགས་ནས་བོད་ཡུལ་ཕུང་བར་གྱུར་པའི་ཚེ། ཧྭ་ཤང་གི་ཆོས་ལུགས་ཡི་གེར་བཀོད་པ་གཏེར་ནས་འཐོན་པ་ལ་བརྟེན་ནས། བླུན་པོ་ཆོས་དད་ཅན་གདམས་ངག་འབོགས་པ་ལ་སྤྲོ་བས། ཡས་འབབ་དང་ཅིག་ཅར་བའི་མིང་འདོགས་གསང་ནས། ཕྱག་རྒྱ་ཆེན་པོར་མིང་བཏགས་ཏེ་བཤད་དོ། །དེ་ལ་ཡང་ཆོས་ཐམས་ཅད་སེམས་སུ་ངོ་སྤྲོད། སེམས་ནམ་མཁར་ངོ་སྤྲོད། ནམ་མཁའ་ཅི་ཡང་མེད་པའི་སྟོང་ཉིད་དུ་ངོ་སྤྲོད་པའི་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་གསུམ་པར་གྲགས་པ་དང་། ཡང་སེམས་བདེ་བ་དང་། གསལ་བ་དང་། མི་རྟོག་པར་ཞེན་པའི་གོལ་ས་གསུམ་བཅད་དེ། གཤིས་ལ་ཤོར་བ་དང་། སྒོམ་དུ་ཤོར་བ་དང་། ལམ་དུ་ ཤོར་བ་དང་། རྒྱས་འདེབས་སུ་ཤོར་བ་སྟེ། ཤོར་ས་བཞི་སྤངས་ནས། སོ་མ། མ་བཅོས་པ། ལྷུག་པ། འབོལ་ལེ། ཤིག་གེར་འཇོག་པ་ཉམས་སུ་ལེན་པ་སྟེ། འཇུར་པོས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེ་སྐུད་པ་འཁལ་བ་ལྟར། །སོ་མ་མ་བཅོས་ལྷུག་པར་ཞོག །ཅེས་བྲམ་ཟེ་ཆེན་པོས་གསུངས་སོ། །ཞེས་ཟེར་བའི་དེང་སང་གི་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང་། རྒྱ་ནག་གི་ལུགས་ཀྱི་རྫོགས་ཆེན་ལས་མ་འདས་སོ། །གཞུང་དེའི་ཚིག་རྐང་དང་པོ་གཉིས་བྲམ་ཟེའི་གསུངས་ཡིན་ཀྱང་། ཕྱི་མ་གཉིས་ནི་བརྫུས་མ་ཁོ་ནའོ། །འདི་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཕྲིན་ཡིག་ལས། ཁ་ཅིག་དཀར་པོ་ཆིག་ཐུབ་ལ། །ཕྱག་རྒྱ་ཆེན་པོ་ངོ་སྤྲོད་བྱེད། །ཤོར་ས་བཞི་དང་གོལ་ས་གསུམ། །སྤོངས་ལ་གཉུག་མར་བསྒོམ་པར་བྱ། །བྲམ་ཟེ་སྐུད་པ་འཁལ་བ་ལྟར། །སོ་མ་མ་བཅོས་ལྷུག་པར་བཞག །འདི་ལ་ཕྱག་རྒྱ་ཆེན་པོ་ཟེར། །འདི་དོན་བརྟགས་ན་འདི་ལྟར་མཐོང་། །སོ་མར་བཞག་ན་བལ་ཉིད་ཡིན། །སྐུད་པར་བྱས་ན་བཅོས་པར་གྱུར། །དེ་ཕྱིར་འདི་ལ་དཔེ་སྐྱོན་ཡོད། །དོན་གྱི་སྐྱོན་ཡང་འདི་ལྟར་མཐོང་། །གོལ་ས་གསུམ་པོ་གཅད་ཙམ་གྱིས། །ཕྱག་རྒྱ་ཆེན་པོར་འགྱུར་ན་ནི། །ཉན་ཐོས་འགོག་པའང་དེར་འགྱུར་རོ། །ཤོར་ས་བཞི་པོ་སྤང་སྙམ་པའི། །རྣམ་རྟོག་ཕྱག་རྒྱ་ཆེན་པོ་མིན། །རྟོག་པ་མེད་ན་སྤོང་མི་ནུས། །རྟོག་པ་མེད་ཀྱང་སྤོང་ནུས་ན། །སེམས་ཅན་ཀུན་ལ་འབད་མེད་པར། །ཕྱག་རྒྱ་ཆེན་པོ་ཅིས་མི་སྐྱེ། །དེས་ན་ཕྱག་རྒྱ་ཆེན་པོ་ཉིད། །ཡིན་ན་ཤོར་ས་གོལ་ས་མེད། །ཡོད་ན་ཕྱག་རྒྱ་ཆེན་པོ་མིན། །ཞེས་སོགས་ཀྱི་སྒོ་ནས་རྒྱས་པར་བཀག་གོ །