ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ ཐེངས་བཅུ་གཅིག་པའི་སྤྱི་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-26


        

        ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་2022ལོའི་ཟླ་5པའི་ཚེས་25ཉིན་ཁྲེང་ཏུའུ་རུ་འཚོགས།  

         ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་80དང་། རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་4ཡོད། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།  

         ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་རེད།  

         ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་2022ལོའི་ཟླ་5པའི་ཚེས་27ཉིན་ནས་ཚེས་30ཉིན་བར་ཁྲེང་ཏུའུ་རུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།

         ཚང་འཛོམས་གྲོས་ཚོགས་ཐོག་སྐབས་བཅུ་གཅིག་པའི་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཕུལ་བའི་སྙན་ཞུ་དང་། སྐབས་བཅུ་གཅིག་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཕུལ་བའི་ལས་དོན་སྙན་ཞུ་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། སྙན་ཞུ་འདི་གཉིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞིབ་བཤེར་བྱ་བར་དབུལ་རྒྱུའི་གྲོས་ཐག་བཅད་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་འདེམས་ཤོག་འཕངས་ནས་སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་གདམ་བྱའི་འཐུས་མིའི་གྲ་སྒྲིག་འོས་མི་གཏན་འཁེལ་བྱས་པ་དང་། སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་བཅས་ཀྱི་གདམ་བྱའི་འཐུས་མིའི་གྲ་སྒྲིག་འོས་མིར་གྲོས་བསྡུར་བྱས་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་དབུལ་རྒྱུའི་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས་པ་རེད།

         ཚང་འཛོམས་གྲོས་ཚོགས་ཐོག་སྐབས་བཅུ་གཅིག་པའི་ཞིང་ཆེན་ཏང་ཨུའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད་དེ། གཅིག་མཐུན་གྱིས་ངོས་འཛིན་བྱས་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བར་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད། ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག །ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མངག་བཅོལ་བློ་ལ་བརྟན་པོར་བཅངས་ཤིང་། དྲིན་དྲན་ཡར་ཐོན་དང་འགག་སྒྲོལ་དཀའ་སེལ། འབད་བརྩོན་མདུན་སྐྱོད་བྱས་ཏེ། “དཀའ་བ་དང་འགྱུར་ལྡོག”ལ་ཁ་གཏད་ནུས་ལྡན་འཇལ་བར་བརྟེན་དཀའ་ངལ་ཁྱད་བསད་དང་། “དུས་དང་གནས་བབ”གནད་འཁེལ་ཞིབ་འཇུག་དང་བརྡར་ཤ་གཅོད་རིང་འགན་འཁྲི་འཁུར་ཕོད་པ། “བརྟན་བརླིང་དང་བདུན་སྐྱོད་གཉིས”དམ་འཛིན་བྱེད་རིང་གསར་གཏོད་གསར་སྐྲུན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་གཉིས་ལས་བརྒལ་བའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། དམངས་འཚོ་འགན་ལེན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། བསམ་བློ་རིག་གནས་དྲིལ་བསྒྲགས་ཐད་རྣམ་པ་གསར་པ་མངོན་པ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་འཕེལ་རྒྱས་གསར་པ་བྱུང་བ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་གཏིང་ཟབ་ཏུ་ཕྱིན་ཏེ། སི་ཁྲོན་གྱི་བྱ་གཞག་ཁག་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་རྒྱུར་ནུས་ལྡན་སྐུལ་འདེད་བཏང་བ་དང་། གྲུབ་འབྲས་དེ་དག་ཐོབ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ཞིང་། རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱུན་མཐུད་འབད་འཐབ་དང་ཁ་འབྲལ་ཐབས་མེད་ལ། སི་ཁྲོན་གྱི་བུ་དང་བུ་མོ་མི་ཁྲི་9100གིས་འབད་བརྩོན་བྱས་ནས་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་མེད། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་བཅས་ཀྱིས་འགན་འཁྲི་སེམས་ལ་བཅངས་ཤིང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་ལེན་བསྟར་བ་བཅས་བྱས་ནས་སི་ཁྲོན་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། བབ་བསྟུན་འཕྲལ་སྒྲུབ་དང་མུ་མཐུད་འབད་འཐབ་བྱས་ནས་དེ་བས་འབད་འབུངས་ཡར་བརྩོན་གྱི་སྒོ་ནས་སི་ཁྲོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། མིག་སྔར། སི་ཁྲོན་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ཏུ་གནས་ཡོད་པ་དང་མདུན་ལྗོངས་རྒྱ་ཆེ་ཞིང་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད། ད་ལོ་ནི“ལོ་ལྔ་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཡིན་པས། ད་ལོའི་ལས་དོན་ལེགས་པོར་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། བརྟན་བརླིང་དང་པོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ལ་དང་དོད། འཕེལ་རྒྱས་དམ་འཛིན། དམངས་འཚོར་ཕན་སྒྲུབ། བདེ་འཇགས་འགན་ལེན་བཅས་མཐའ་འཁྱོངས་བྱེད་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ཏན་ཏིག་ངང་བསྒྲུབ་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དམ་འཛིན་ཏན་ཏིག་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་བརྟན་འཕེལ་ཡོང་བར་བྱེད་པ། ཤུགས་ཆེན་པོས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་མཐུད་ཡོང་བར་བྱེད་པ། མཐའ་གཅིག་ཏུ་མ་ལག་རང་བཞིན་གྱི་ཉེན་ཁ་མི་ཡོང་བའི་མཚམས་ཐིག་བརྟན་སྲུང་བྱེད་པ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་དང་དཔལ་འབྱོར་བརྟན་འཕེལ། འཕེལ་རྒྱས་བདེ་འཇགས་བཅས་ཡོང་བར་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བཅས་བྱ་དགོས།

         ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་གྲ་སྒྲིག་ལས་ཀ་ཁག་ནན་ཏན་གྱིས་ལེགས་པོར་བསྒྲུབས་ཏེ། ཏང་གི་འཐུས་མིའི་ཚོགས་ཆེན་དེ་དར་ཆ་མཐོན་པོར་བསྒྲེང་བ་དང་། སྲོག་ཤིང་སྲུང་སྐྱོང་། སྔ་འཛིན་ཕྱི་གཏོད། དཔའ་ངར་ཆེར་བསྐྱེད་བཅས་ཀྱི་སྒོ་ནས་མདུན་དུ་སྐྱོད་པའི་ཚོགས་ཆེན་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱ་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”སྔར་བས་ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སི་ཁྲོན་གྱི་ལས་དོན་ལ་མཐའ་གཅིག་ཏུ་གཅིག་འདོམས་བྱ་དགོས། ཚན་རིག་དང་མཐུན་པར་འཆར་འགོད་བཟོ་བ་དང་། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པར་རྩེ་གཅིག་ཏུ་དམིགས་ཏེ། ཚོགས་ཆེན་གྱི་ཡིག་ཆ་གྲོས་བསྡུར་དང་གྲོས་ཞིབ་ནན་ཏན། བློ་གྲོས་གཅིག་བསྡུས་དང་ཇུས་ཤུགས་མཉམ་འདོན་བྱས་ཏེ་སི་ཁྲོན་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་ཡག་པོ་འགོད་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ཏེ“གཏན་འགོག་བཅུ”སོགས་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་འདེམས་བསྐོའི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱ་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་གླེང་ཕྱོགས་དྲིལ་བསྒྲགས་དམ་འཛིན་ཡག་པོ་བྱེད་པ་དང་རྣམ་པ་བཟང་པོ་བཏོད་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་བཅས་ལ་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་བསམ་པའི་ཉམས་འགྱུར་བཟང་པོ་ཞིག་བཏོད་དེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

         ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་གནང་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཐོག་མའི་སེམས་འདུན་མི་བརྗེད་ཅིང་། འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་རྒྱུན་མཐུད་འབད་བརྩོན་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་བླངས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1