ཆོས་དབྱིངས་སྐྱིད་ཀྱིས་གཟའ་འཁོར་ལྔའི་ནང་ཨང་དང་པོ་གསུམ་བླངས་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 05-31



     ཚེས་29ཉིན། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་གྱི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འགྲོ་རྩལ་འགྲན་བསྡུར་གྱི་སྐོར་སྐྱོད་འགྲན་བསྡུར་ལས་སི་ཕན་གྱི་ལ་ཁོ་ལུའུ་ཉི་ཡ་ས་ཚིགས་ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་འགྲོ་རྩལ་འགྲན་བསྡུར་བ་གྲགས་ཅན་ཆོས་དབྱིངས་སྐྱིད་ཀྱིས་ལས་སླ་པོའི་སྒོ་ནས་བུད་མེད་ཀྱི་སྤྱི་ལེ་20ཡི་རྣམ་གྲངས་ཀྱི་ཨང་དང་པོ་བླངས་ཡོད་ཅིང་། དེ་ནི་གཟའ་འཁོར་ལྔའི་ནང་ཁོང་མོས་ཨང་དང་པོ་ལེན་ཐེངས་གསུམ་པ་དེ་ཡིན། 

  

     ཉིན་དེའི་འགྲན་བསྡུར་ནང་། ཆོས་དབྱིངས་སྐྱིད་ལུས་པོའི་གནས་ཚུལ་ཧ་ཅང་ཡག་པོ་ཡོད་པ་དང་། ཁོང་མོས་སྤྱི་ལེ་བརྒྱད་ཀྱི་མཚམས་ནས་ཨང་དང་པོར་བསྐྱོད་ཡོད་ཅིང་། འགྲན་ཡ་གཞན་དག་གིས་ཁོང་མོའི་རྗེས་ཟིན་མེད་ལ། མཐར་ཆུ་ཚོད་1དང་སྐར་མ་27 སྐར་ཆ་50ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་རེད། 

     ཕེ་རུའི་བདམས་ཐོན་པ་ཅ་ཞི་ཡས་ཆུ་ཚོད་1དང་སྐར་མ་28དང་སྐར་ཆ་38ཀྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་བླངས་པ་དང་། སི་ཕན་གྱི་བདམས་ཐོན་པ་ཕེ་ལུའེ་སིས་ཆུ་ཚོད་1དང་སྐར་མ་29སྐར་ཆ་33བཅས་ཀྱི་ཐོག་ནས་ཨང་གསུམ་པ་བླངས་ཡོད། གཞན་ཡང་ཀྲུང་གོའི་བདམས་ཐོན་པ་ཀླུ་མོ་མཚོ་དང་ཅི་ཧའེ་དབྱིན་གཉིས་ཀྱིས་སོ་སོར་ཨང་ལྔ་པ་དང་དྲུག་པ་བླངས་པ་རེད།  

     སྐྱེས་པའི་སྤྱི་ལེ་20ཡི་རྣམ་གྲངས་ཀྱི་ཨང་དང་པོ་དེ་སི་ཕན་གྱི་བདམས་ཐོན་པ་ཨའར་ཝ་ལུའོ·མ་ཏིང་ལ་ཐོབ་པ་དང་གྲུབ་འབྲས་ནི་ཆུ་ཚོད་1དང་སྐར་མ་19དང་སྐར་ཆ་58ཡིན་པ་རེད། 

     ད་ཐེངས་ཀྱི་འགྲན་བསྡུར་ནང་། ལོ་31ལ་སླེབས་པའི་ཆོས་དབྱིངས་སྐྱིད་ཀྱིས་གཟའ་འཁོར་ལྔའི་ནང་ཨང་དང་པོ་གསུམ་བླངས་པ་མ་ཟད། དེ་དག་བར་ཐག་མི་འདྲ་བའི་རྣམ་གྲངས་གསུམ་ལས་བླངས་པ་ཡིན། ཟླ་4ཚེས་23ཉིན་ཁོང་མོས་འགྲོ་རྩལ་འགྲན་བསྡུར་གྱི་སི་ལོ་ཝ་ཁེ་ཏུའུ་ཏིང་ནུབ་མར་འགྲན་བསྡུར་བྱེད་སྐབས་བུད་མེད་ཀྱི་སྤྱི་ལེ་35ཡི་གསེར་གྱི་རྟགས་མ་བླངས་པ་དང་། ཟླ་5ཚེས་16ཉིན་མ་ཏེ་ལིར་སླར་ཡང་སྤྱི་ལེ་10ཡི་རྣམ་གྲངས་ཀྱི་ཨང་དང་པོ་བླངས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1