གཅོད་པ་འདང་བ།གཅོད་པ་འདང་བ་ཞེས་པའི་སྒྲུང་གཏམ་འདི་ནི་རང་གི་ཕ་དྲིན་ཆེན་གྱིས་བཤད་མྱོང་བའི་གཏམ་རྒྱུད་ཅིག་གཞིར་བྱས་ནས་ཧྥ་རན་སིའི་རྩོམ་པ་པོ་མེ་སི་ཐེ་ལར་གྱིས་བརྩམས་པའི་མའེ་ཡ་ཨན་གྱི་འདྲེ་རྒོད་ཅེས་པར་ལད་འབྲི་བྱས་པ་ཡིན། ——རྩོམ་པ་པོའི་གསལ་བཤད་ཀྱི་གཏམ།

སྟོང་འཁོར་པད་མ་རྒྱལ་མཚན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


བསྟན་པས་རྟ་བཞོན་ནས་མཚེར་ལུང་འདབས་ཀྱི་ཕུག་པའི་ཉེ་འགྲམ་དུ་ཐོན་པ་ན་རྟ་འདྲོགས་ནས་གློ་བུར་དུ་ལམ་འོག་ཏུ་མཆོང་ནས་ལྔ་ལམ་དུ་བུད་སོང་།
དོན་རྐྱེན་དེ་བྱུང་བ་དང་མཉམ་དུ་སྡེ་བའི་ནང་དུ་གཏམ་ཡན་ཞིག་མཆེད་འགོ་བརྩམས། ཨ་མྱེས་ཁུ་བྱུག་གིས་བཤད་ན“རིག་གནས་གསར་བརྗེའི་སྐབས་སུ་བྲག་ཕུག་དེའི་ཉེ་འགྲམ་དུ་མི་མི་ཉུང་བ་ཞིག་ཤི་མྱོང་། ”ཁོ་ནི་སྡེ་བ་འདིའི་ལོ་ན་རྒས་ཤོས་དེ་ཡིན་ལ་ངོ་མཚར་བའི་གཏམ་སྣ་ཚོགས་བཤད་རྒྱུ་ཡོད་པས། ཨ་མྱེས་ཁུ་བྱུག་ཅེས་པའི་མིང་སྙན་མོ་དེ་ཐོགས་པ་རེད། འོན་ཏེ། ཁོས་ཡང“བོད་སོག་འཁྲུག་དུས་ཀྱང་དེ་རུ་མི་ཧ་ཅང་མང་པོ་བསད་མྱོང”ཞེས་བཤད་པ་ན། སྡེ་མི་དག་གིས་ཨ་མྱེས་ཁུ་བྱུག་གི་མིང་བརྗེས་ནས་ཨ་མྱེས་ཁྭ་ཏ་ཞེས་བོས་བྱུང་མོད། མཚེར་ལུང་འདབས་ཀྱི་ཕུག་པའི་ཉེ་འགྲམ་ནི་ས་མི་གཙང་བ་ཞིག་ཡིན་པ་སྡེ་མི་ཀུན་གྱིས་ངོས་འཛིན་བྱས་ཤིང་དོགས་ཟོན་ཡང་བྱེད་ཀྱིན་ཡོད།
ཉིན་འགའི་རྗེས་སུ་སྡེ་བས་མཚན་སྙན་ཅན་གྱི་གཅོད་པ་ཞིག་གདན་དྲངས་ནས་ས་བཅོས་བྱེད་པར་རེ་ཞུ་བྱས་མོད། སེམས་བསམ་པའི་ཟུར་དུའང་མ་དྲན་པ་ཞིག་ལ། ཕྱིར་ཉིན་གཅོད་པ་དེ་ཕུག་པའི་སྒོ་འགྲམ་ན་ཤི་འདུག ཡ་ང་བའི་དོན་དག་དེས་སྡེ་བའི་མི་རྒན་གཞོན་ཀུན་ལ་འཇིགས་སྣང་ཆེན་པོ་སྐུལ་བ་མ་ཟད། ཡུལ་ཕྱོགས་གཞན་དུའང་ཡ་མཚན་པའི་དོན་དེ་ཁྱབ་སོང་།
ཉིན་ཞིག་གི་ཕྱི་དྲོར། རས་གཟན་དཀར་པོ་ཅན་གྱི་གཅོད་པ་ཞིག་རྔམ་རྔམ་བརྗིད་བརྗིད་ཀྱིས་སྡེ་འདབས་སུ་སླེབས་བྱུང་། འདྲེ་རྒོད་ཀྱི་ཕུག་པ་དེ་གང་རེད། ངས་འདྲེ་རྒོད་དེ་དམ་ལ་འདོགས་རྒྱུ་ཡིན་ཞེས་སྐད་དྲག་པོ་བརྒྱབ་པས། སྡེ་མི་རྣམས་ཀྱིས་གུས་གུས་ཞུམ་ཞུམ་གྱིས་ཕུག་པའི་སྒོར་བསྐྱལ། ཕྱི་ཉིན་སྔར་བཞིན་སྡེ་མི་དག་གིས་འབུལ་བ་དང་ལྷ་རྫས་བཟུང་ནས་ཕུག་པའི་སྒོར་ཐོན་པ་ན། གཅོད་པ་དེའང་སྔར་ནས་བླ་འཁྱམས་ཟིན།
སྡེ་མི་དག་ལྷག་ཏུ་འཇིགས་ནས་དགོན་ཁག་སོ་སོ་གདན་དྲངས་ཤིང་རིམ་གྲོ་དང་ཆོ་ག་མང་དུ་བསྒྲུབས་ཀྱང་ཁོ་ཚོའི་འཇིགས་སྣང་དང་གཏམ་ཡན་དེར་ནུས་པ་གང་ཡང་མ་ཐོན་ལ། མི་རྣམས་ཀྱིས་སྔར་ལྟར་འདྲེ་རྒོད་དེའི་སྐོར་ཁོ་ན་གླེང་བྱུང་།
“འདྲེ་རྒོད་དེ་བསྟན་པ་ཡིན་པ་འདྲ། ”

“གཅོད་པ་དེ་དག་ཤི་སྟངས་ཁོ་ནའང་དེ་འདྲའི་འཇིགས་སུ་རུང་བ་ལ་ཨང”

“ཕུག་པའི་ཕྱོགས་སུ་མཚན་མོ་རེ་རེར་སྒྲ་ཡ་མཚན་རེ་གྲགས་ཀྱིན་འདུག”

“སྐབས་ལན་རེར་ཕུག་པའི་ཕྱོགས་ནས་མེ་ལྕེ་ཡང་འཕྱོ་བཞིན་འདུག”

སྡེ་མི་གཅིག་གིས་གཅིག་ལ་འཇིགས་སུ་རུང་བའི་དོན་དག་སྣ་ཚོགས་བཤད་པས་མཚན་མོ་ལྟ་ཞོག ཐ་ན་ཉིན་མོ་ལའང་ཁེར་རྐྱང་དུ་ཕུག་པའི་ཉེ་འགྲམ་དུ་གཅར་མ་ཕོད་པར་དུས་ཚོད་ངེས་ཅན་ཞིག་འདས།

ཕྱི་དྲོར་སྡེ་མི་དག་རྡོ་འབུམ་གྱི་ཉེ་འགྲམ་དུ་འདུས་ནས་སྔར་བཞིན་འདྲེ་རྒོད་དེའི་སྐོར་ནས་གཏམ་སྣ་ཚོགས་ལབ་གླེང་བྱེད་བཞིན་པའི་སྐབས་སུ་གཅོད་པ་འདང་བས་གདེང་ཚོད་ཡོད་པའི་སྒོ་ནས“དོན་ངོ་མར་ཕུག་པར་འདྲེ་གདོན་གང་ཞིག་གནས་ཡོད་དམ། ང་སོང་ནས་ཞག་མ་གཅིག་ལ་འདུག་ན་ཅི་འདྲ་རེད”ཅེས་བཤད་བྱུང་མོད་། ཡོད་ཚད་ཀྱིས་ཁོ་ལ་ཁྲེལ་དགོད་བྱེད་པ་ལས་བཀའ་དྲིན་ཞུ་མཁན་ཞིག་དང་རྒྱབ་སྐྱོར་བྱེད་མཁན་ཞིག་ཡེ་ནས་མ་རྙེད། གཅོད་པ་འདང་བ་ནི་ཡུལ་འདིའི་འཁོས་ཀ་ཞན་པའི་དུད་ཚང་ཞིག་ནས་ཡིན་པས་ཁོ་ལ་གུས་བཀུར་བྱེད་མཁན་ནི་རེ་གཉིས་ལས་མེད། གཅོད་པ་འདང་བ་ཞེས་པ་དེ་ནི་ཁོའི་མཚང་མིང་རེད། མཚང་མིང་དེ་ལྟར་ཐོགས་པར་ཡང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན་ཏེ། ཡོན་བདག་སུ་ཞིག་གིས་གདན་དྲངས་ཀྱང་ཁོ་ལ་གཅོད་པ་གཞན་དང་འདྲ་བའི་ཧཱུྃ་ཧཱུྃ་ཧོ་ཕཊ་ཕཊ་ཀྱི་སྒྲ་སྒྲོག་རྒྱུ་མེད་ལ། མི་རྐང་གི་གླིང་བུ་ནི་འབུད་རྒྱུ་མེད། མི་ལྤགས་སྦུབས་བཤུས་བྱས་པའི་གཡང་གཞིའི་གདན་ནི་དེ་ལས་ཀྱང་མེད། འོ་ན། དོན་ངོ་མར་ཁོས་ཅི་ཞིག་བྱེད་པ་རེད་ཅེ་ན། མ་ཎི་རེ་འདོན་བཞིན་འདང་རྒྱག་ནས་འདུག་པ་ལས་གཞན་ཅི་ཡང་བྱེད་མི་སྲིད།

ཁོ་ནི་འདང་རྒྱག་པར་ཧ་ཅང་དགའ་ཞིང་བྱ་བ་ཅི་ཞིག་ལ་ཕྲད་ཀྱང་ཡོད་ཚད་ལ་འདང་ཞིབ་པར་བརྒྱབ་ནས་ཐག་གཅོད་མཁན་ཞིག་ཡིན། ཁོ་ཕུག་པའི་ནང་དུ་མ་འཛུལ་བའི་སྔོན་དུ་ཕུག་པའི་ཕྱི་ཡི་ཆགས་ཚུལ་ལ་བརྟག་དཔྱད་ཞིབ་པར་བྱས་ཤིང་། ཕུག་པའི་ནང་དུའང་དེ་བཞིན་ཞིབ་པ་ཞིག་བརྟག་མཐར་ཕྱོགས་བཞིར་ཕུར་པ་རེ་བརྡབས་ཤིང་དེ་སྔོན་ཕུག་པར་ཤི་བའི་གཅོད་པ་གཉིས་ཀྱི་འུར་རྡོ་བླང་སྟེ་སྣེ་གཅིག་ཕུར་པར་བཏགས་པ་དང་སྣེ་གཅིག་ཁོ་རང་གི་སྐ་རགས་སུ་དམ་པོར་བསྡམས་རྗེས་མ་ཎི་འདོན་བཞིན་བསྡད།

མུན་རུབ་ནས་དུས་ཡུན་ངེས་ཅན་ཞིག་འདས་སོང་། ཟླ་འོད་མག་མོག་ཅིག་ཀྱང་ཤར་འདུག སྐབས་འདིར་སྡེ་མི་དག་གིས་གཅོད་པ་འདང་བ་དང་འདྲེ་རྒོད་གཉིས་གླེང་བཞིན་ནུབ་ཚ་འཐུང་གིན་ཡོད་ངེས། གཅོད་པ་འདང་བས་འདང་རྒྱག་ཞོར་མ་ཎི་འདོན་བཞིན་འདུག གློ་བུར་དུ་ཁོའི་ལྟག་རྒྱབ་ནས་དུག་སྦྲུལ་དཔུང་པ་ཙམ་ཞིག་གིས་ཁ་གདངས་ཤིང་ལྕེ་བརྐྱངས་བྱུང་བས་ཁོ་དངངས་སྐྲག་དང་བཅས་ཡར་ལངས་གྲབས་བྱེད་དུས་སྐ་རགས་ཕུར་པར་བཏགས་ཡོད་པས་ཡར་ལངས་མ་ཐུབ། སྐབས་དེར་ཁོས་འདང་ཞིག་རྒྱག་པ་ན། ཕུག་པའི་ནང་དུ་ཆུ་མིག་ཆུང་ཆུང་ཞིག་ཡོད་པ་དྲན་ལ། ཆུ་མིག་ཆུང་ཆུང་དེ་ཕུག་པའི་གཡས་ཕྱོགས་ནས་གྱ་གྱུའི་ངང་ཕུག་པའི་ཕྱིར་འགྲོ་བཞིན་ཡོད་པས། ཆུ་མིག་ཆུང་ཆུང་དེ་སྦྲུལ་ལ་འཁྲུལ་བ་འདོད་ནས་མགོ་བོ་ཕྱིར་འཁོར་ཏེ་བལྟས་པ་ན། ཏག་ཏག་ལ་ཆུ་མིག་དེ་གསལ་ལ་མི་གསལ་བ་ཞིག་ལས་གཞན་གང་ཡང་མཐོང་རྒྱུ་མ་བྱུང་བས་སླར་ཡང་སེམས་རྣལ་དུ་ཕབས་ནས་མ་ཎི་འདོན་བྱུང་།

དུས་ཡུན་ངེས་ཅན་ཞིག་འགོར་བ་ན་ཐག་རིང་ཞིག་ཏུ་འུར་སྒྲ་ཡ་མཚན་པ་ཞིག་གྲགས་པ་ཐོས་བྱུང་། ཀི་སྒྲ་དང་ངུ་སྐད་བཅས་དུས་གཅིག་ཏུ་ཁོའི་རྣ་ལམ་དུ་གྲགས་ལ། སྒྲ་དེ་ཇེ་ཉེ་ནས་ཇེ་ཉེར་གྱུར་ཅིང་མཐར་ཕུག་པའི་ཉེ་འགྲམ་ཙམ་ནས་གྲགས། ཁོས་ཅི་ཞིག་བྱུང་སོང་ངམ་སྙམ་སྟེ་ཡར་ལངས་གྲབས་བྱེད་དུས་སྔར་བཞིན་ལངས་མ་ཐུབ་པས་ཡང་བསྐྱར་འདང་ཞིག་རྒྱག་པ་ན། ཕུག་པའི་སྒོ་ཐོག་ཏུ་རྩྭ་འཇག་མ་མང་པོ་སྐྱེས་ཡོད་པ་དྲན་ཞིང་དེ་རླུང་གིས་བསྐྱོད་པས་སྒྲ་འཁྲུལ་སྣང་གིས་ཡ་མཚན་པར་གྱུར་པ་འདོད།

ཕལ་ཆེར་མཚན་གུང་ཡོལ་ཞིང་ནམ་ལངས་བར་ཐག་མི་རིང་བ་འདྲ། ཕུག་པའི་ཕྱི་ནང་གི་ས་རྡོ་དག་ཀྱང་སྐྱ་ཐོ་ཐོ་རེ་མཐོང་ཐུབ། ཕུག་པའི་སྒོར་འགྲམ་ན་ལུས་ལ་གོས་མེད་ཅིང་མགོ་ན་རྭ་སྐྱེས་ཡོད་པ། ལུས་ཡོངས་ཁྲག་གིས་སྦགས་པ། ཁ་ནས་མེ་འབར་ཞིང་སྣ་ནས་དུ་བ་འཕྱུར་བཞིན་པའི་མི་འཇིགས་སུ་རུང་བ་ཞིག་ཕུག་པའི་ནང་དུ་རྒྱུགས་བྱུང་། ཁོ་རང་སྐྲག་ཐག་ཆོད་པའི་ངང་ནས་མ་ཎི་ཤུགས་ཀྱིས་འདོན་བཞིན་ཡར་ལངས་པ་ན་སྔར་བཞིན་ཡར་ལངས་མ་ཐུབ་པས། མིག་གཉིས་བཙུམ་ནས་བསྐྱར་དུ་འདང་ཞིག་རྒྱག་པའི་ཚེ། སྒོ་འགྲམ་གྱི་ཚེར་ཕུང་དྲན་བྱུང་།

སྐབས་དེར་མིག་གཉིས་ཕྱེ་ནས་ཕུག་པའི་སྒོར་བལྟས་པ་ན་ཞོགས་པའི་མཚམས་སྤྲིན་གྱི་མདངས་ཚེར་ཕུང་དུ་འཕྲོས་འདུག ཁོས་རང་ཉིད་འཁྲུལ་སྣང་གིས་བསླུས་ནས་སྒོ་འགྲམ་གྱི་ཚེར་ཕུང་འདྲེ་ལ་འཁྲུལ་སོང་བ་གཞི་ནས་ཤེས།

སྡེ་མི་དག་གིས་ནམ་རྒྱུན་དང་འདྲ་བར་ཕུག་པའི་ཕྱོགས་སུ་བལྟས་ནས“གཅོད་པ་འདང་བ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སྐྱེས་བར་ཤོག”ཅེས་མིག་གཉིས་བཙུམ་ཞིང་ལག་པས་ཐལ་མོ་སྦྱར། ལ་ལས“ཁོ་རང་གི་ཚེ་ཚད་ལ་ཐོན་པ་ཡིན་ངེས་རེད། ད་ནི་ཡང་གཅོད་པ་འདང་བའི་བེམ་པོ་ཁྱེར་དུ་འགྲོ་རན་སོང”ཟེར།

ཉི་འོད་འཇམ་པོ་ཞིག་ཤར་རིའི་རྩེ་ནས་འཕྲོས་བྱུང་། ཉི་འོད་འཇམ་པོ་དེ་དང་མཉམ་དུ་གཅོད་པ་འདང་བའང་སྡེ་བའི་ནང་དུ་བསླེབས་བྱུང་། སྤྲིན་པས་མ་བསྒྲིབས་པའི་ཉི་འོད་ཀྱིས་མིག་ལ་ན་ཟུག་གཏོང་བ་ཡིན་ནམ། ཡང་ན། སེམས་བསམ་པའི་ཟུར་ལ་ཡང་མ་འཁོར་བར་གཅོད་པ་འདང་བ་འཚམ་པོར་ཕྱིར་སླེབས་པ་དེས་སོ་སོའི་དཔྲལ་བའི་མིག་ལའང་ཡིད་མི་ཆེས་པ་ཡིན། སྡེ་མི་དག་གི་མིག་རྡེབ་སྟངས་ཀྱང་རྒྱུན་ལྡན་མིན་པར་གྱུར། གཅོད་པ་འདང་བས་རང་ཉིད་ཕུག་པ་ནས་དོན་དག་གང་དག་ལ་འཕྲད་ཚུལ་དང་དེ་དག་ཇི་ལྟར་བྱུང་བའི་རིམ་པ་ཞིབ་ཅིང་ཕྲ་བའི་སྒོ་ནས་བཤད་པ་མ་ཟད། མཚེར་ལུང་འདབས་ཀྱི་ཕུག་པ་རུ་འདྲེ་ཞིག་གཏན་ནས་མེད་པ་དང་། ཡོད་ཚད་གཞན་གྱིས་འཇིགས་སྐུལ་དང་རང་གི་འཁྲུལ་སྣང་ལས་བྱུང་བ་རེད་ཟེར། སྡེ་མི་དག་ཧ་ཅང་ཡ་མཚན་པའི་སྒོ་ནས་ཁོའི་མགོ་ལུས་ཡན་ལག་དང་བཅས་པར་ཞིབ་ལྟ་ཞིག་བྱས་མཐར་གདོང་ལ་ལྟ་ཙམ་བྱས་ནས་ཕྱིར་རང་ཁྱིམ་དུ་ལོག་སོང་།

དུས་དེ་ནས་བཟུང་མཚེར་ལུང་འདབས་སུ་ཉིན་མཚན་གང་རུང་དུ་འགྲོ་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ལ། ཉིན་མཚན་ནམ་ཞིག་ཏུ་སོང་རུང་། ཡ་མཚན་པའི་རྟགས་ཤིག་མཐོང་རྒྱུ་དང་ཐོས་རྒྱུ་མེད་ལ། སྡེ་མི་གཅིག་ལའང་བཀྲ་མི་ཤིས་པའི་ལྟས་ཤིག་གཏན་ནས་མ་བྱུང་ངོ་། །


རྩོམ་ཡིག་སྔོན་མ།
2022ལོའི་དེབ་དང་པོ།
རྩོམ་ཡིག་རྗེས་མ།
གློག་བརྡ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1