ཁྲམ་པ།

ཚེ་དབང་སྒྲོལ་མ། (པེ་ཅིན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


སྤྲིན་པ་རི་འདབས་སུ་ལྷུང་བའི་ཞོགས་པ་འདིར། ཉི་འོད་ཨ་མྱེས་རྫ་རྒན་གྱི་དབུ་རྩེར་འཕྲོས་པ་ན། རི་རྩེ་ན་ཡོད་པའི་ན་གཞོན་དེ་དག་གི་ལུས་ལའང་ཉི་འོད་འཕྲོས་པས། ཁོ་ཚོའི་དཀར་སེར་དམར་ལྗང་གི་དེང་རབས་གྱོན་ཆས་ཀྱི་ཁ་དོག་སྔར་ལས་ཇེ་གསལ་ལ་སོང་བ་དང་། ཁོ་ཚོའི་སྐམ་ཞིང་རིད་པའི་ངོ་གདོང་ལ་གཟི་འོད་རྒྱས་སོང་། ཁོ་ཚོ་ནི་ཚེ་རིང་དང་ཁོའི་སྤུན་ཟླ་འགའ་རེད། ཁོ་ཚོ་ནི་ལུང་བ་འདིའི་ལོ་ན་གཞོན་པའི་འབྲོག་པ་དག་རེད། དེ་རིང་ནི་དྲུག་པའི་ཚེས་བཅོ་ལྔའི་ཉིན་སྟེ་འཛམ་གླིང་སྤྱི་བསང་གི་ཉིན་མོ་ཡིན་པས། ཁོ་ཚོས་ཟླ་ཕྱེད་ཅིག་གི་སྔོན་ནས་རྫོང་ལ་སོང་སྟེ་དར་ལྕོག་དང་རླུང་རྟ་སོགས་ཉོས་ཡོད་ལ། བསང་རྩི་དང་ཤུག་པ་སོགས་གྲ་སྒྲིག་བྱས་ཤིང་། རྟ་ལ་ཡང་རྩྭ་ཆུའི་ནམ་ཚོད་བཟུང་ནས། ནངས་དགོང་ལ་རྒྱུགས་འདུར་སྤྲད་དེ་ཉིན་འདིར་གྲ་སྒྲིག་བྱས་ཡོད་པས། ད་ནངས་སྐྱ་རེངས་ཤར་དུས་ནས་རི་རྩེ་ལ་འགོས་ཤིང་། དར་ལྕོག་ཀྱང་བཏགས་ཚར་ནས་ཕྱོགས་བཞིའི་ཡུལ་ལྗོངས་ལ་རྒྱང་ལྟ་བྱེད་བཞིན། ཁོ་ཚོ་ནང་བཞིན་རི་བསང་གཏོང་དུ་ཡོང་བཞིན་པའི་མི་གཞན་དག་ལ་སྒུག ཐེངས་འདིར་རྟ་རྒྱུགས་བྱེད་ཐུབ་མིན་དེ་རྟ་ཡི་ཁ་གྲངས་ལ་རག་ལས་པས། ཁོ་ཚོ་ནང་བཞིན་རྟ་ཕོ་ཁྲིད་ཡོང་བའི་སྐྱ་མི་རེ་ལ་བསྒུགས་ནས། ལུང་གཞུང་ནས་རི་ཁུག་དང་། རི་ཁུག་ནས་རི་སྐེད་དུ་མིག་ཉུལ་བྱས་ཏེ་བསྡད། ཁོ་ཚོས་མཚམས་རེར་དུ་བ་རེ་འཐེན་ཞིང་། མཚམས་རེར་སྐད་ཆ་རེ་གཉིས་གློད་ཡོང་།

ཚེ་རིང་གིས་ནག་རྡང་ལུང་མདོ་ཡི་རྟ་ཁྱུ་དེ་མཐོང་བྱུང་། རྔོག་དཀར། རྐྱང་རྒོད། གཡུ་བྱ་སོགས། ཁོས་རང་དབང་མེད་པར་རྟ་ཁྱུ་ནས་ཁོ་རང་དགའ་བའི་རྟ་མཆོག་དེ་དག་བཙལ་ཞིང་། དུས་རྒྱུན་ལྟར་མིག་ཉུལ་ཐེངས་གཅིག་གིས་རྟ་མཆོག་དེ་དག་མཐོང་བྱུང་། ཁོ་རང་གློ་རྡེག་ལ་སེམས་ཁུར་དུ་ལྷུང་། ཁོ་རང་རྒྱུས་ཡོད་ཀྱི་སེམས་ཁུར་དེ་རུ་ལྷུང་། ཁོས་རྟ་མཆོག་དེ་དག་གི་བང་རྩལ་དང་གཟུགས་གཞི་ལ་བརྟགས་ན། མི་འགྱངས་བར་རྟ་རྒྱུགས་གང་རུང་ཞིག་གི་ཁྲོད་ནས་དཔའ་དར་ལེན་ཞིང་། དེ་ནས་ཁོའི་བློ་ཡིད་ལས་འདའ་བའི་རིན་གོང་མཐོན་པོ་ཞིག་ཏུ་གྱུར་ཏེ། རྒྱུ་ཆེན་ཞིག་གིས་ཉོས་ནས་རྟག་ཏུ་ཁོའི་མཐོང་ལམ་ནས་ཡལ་སྲིད། ཁོས་འདོ་བ་རླུང་གཤོག་དྲན་བྱུང་།

ཨ་ཁུ་གཡང་སྐྱབས་ཀྱི་བུ་གཉིས་སློབ་གྲྭར་འགྲིམས་དུས། ཨ་ཁུ་གཡང་སྐྱབས་རྫོང་མཁར་དུ་ལས་ཀར་འགྲོ་དགོས་བྱུང་བས། རྟ་ཁྱུ་ཁོ་ལ་བཅོལ་ནས་རྫི་གླ་ཡང་བྱིན་ཡོད། ཨ་ཁུ་གཡང་སྐྱབས་ཀྱང་རྟ་ལ་དགའ་བས། དུས་རྒྱུན་ལས་ཀའི་ཞོར་དུ་ཕྱིར་རྟ་ཁྱུ་ལ་སྐོར་རྒྱག་ཏུ་ཡོང་ཞིང་། ཉིན་ཞིག་ཚེ་རིང་དང་ཁོའི་སྤུན་ཟླ་རྣམས་ལ་རང་རང་དགའ་བའི་རྟ་རེ་འདེམས་སུ་བཅུག་ནས་སྦྱོང་བརྡར་ཚགས་གིས་ནོན་ན་རྫོང་སྟོན་གྱི་རྟ་རྒྱུགས་སུ་ཞུགས་རྒྱུའི་གྲོས་བྱས་པས། ཚེ་རིང་གིས་འདོ་ཆེན་ཆུ་རྩེད་བདམས། འདོ་ཆེན་ཆུ་རྩེད་ནི་མགོ་དཔང་མཐོ་ཞིང་སྐེ་རྩ་རིང་ལ་འདྲོགས་རྒོད་ཆེ་བས། ཁོ་རང་རྣམ་རིག་རྒོད་ཅིང་སྣང་བ་མཐོ་ལ། འཚེར་སྣང་སྟབས་སྟབས་ཡོད་པའི་རྟ་མཆོག་དེར་སེམས་པ་འཁྲེང་བར་གྱུར། ཁོས་རྟ་མཆོག་དེ་གཞི་ནས་ཉོ་འདོད་བྱུང་སོང་། ཡིན་ཡང་ཁོས་སུ་ལ་ཡང་བཤད་མྱོང་མེད། རྟ་རྒྱུགས་ཀྱི་ཉིན་དེར་ཁོའི་ཚོད་དཔག་ནང་བཞིན་ཁོ་རང་འདོ་ཆེན་ཆུ་རྩེད་ལ་བཞོན་ཏེ་ཨང་དང་པོ་བླངས་སོང་། ཡིན་ཡང་ཨང་དང་པོ་བླངས་རྗེས་རྟ་མཆོག་དེ་ལ་ཉོ་བདག་ལྔ་དྲུག་ཙམ་བྱུང་ཞིང་། ཨ་ཁུ་གཡང་སྐྱབས་ཀྱང་ལོ་ན་རྒས་པས་རྟ་ཁྱུ་འདི་ཇེ་ཉུང་ནས་མེད་པར་གཏོང་དགོས་ཡོད་རྐྱེན། མཇུག་མཐར་གོང་ཚོད་ཆེས་མཐོན་པོ་དེ་བླངས་ནས་བཙོང་སོང་།

དེའི་རྗེས་ནས་བཟུང་ཁོས་རྟ་ཞིག་ཉོ་འདོད་པ་དེ་ནང་སེམས་ཀྱི་གསང་བ་ཞིག་ཏུ་གྱུར་སོང་།

ཕུ་བོ་དུས་རྒྱུན་ཞོར་ལས་འཚོལ་དུ་འགྲོ་ཞིང་། གཟབ་ནན་གྱི་ངོ་གདོང་དེ་བསམ་གྱིན་བསམ་གྱིན། ཁོས་སྐད་ཆ་དེ་སུ་ལ་ཡང་བཤད་མི་འོས་པར་སྙམ་ལ། ཐ་ན་ཨ་ཁུ་གཡང་སྐྱབས་དང་ཁོའི་སྤུན་ཟླ་དག་ལ་ཡང་ཁོའི་རེ་འདོད་དེ་སྦ་ཅི་ཐུབ་བྱས།

རང་ཁྱིམ་དུ་ཁོ་རང་གཅིག་པུ་ཕ་རྒན་དང་ལྷན་དུ་ལུས་ཐེངས་རེར། ཁོས་ཨ་ཁུ་གཡང་སྐྱབས་ཀྱི་རྟ་ཁྱུ་ལས་རྟ་ཞིག་ཉོ་འདོད་པའི་སྐད་ཆ་དེ་ཡང་ཡང་མིད་པར་འཚང་ཡོང་ཞིང་། རྐང་པ་འཐེང་ནས་ལུས་པོ་གཡོན་ཙམ་གཡོན་ཙམ་ཡར་འགྲོ་མར་འགྲོ་བྱེད་ལ། ཁོ་ལ་སྡིག་དམོད་ཐེངས་གཅིག་ཀྱང་བྱས་མྱོང་མེད་པ་མ་ཟད། དུས་རྒྱུན་ཁོ་ལ་ཀུ་རེ་རྩེད་ནས་རྒས་འཁོག་གི་མིག་ཟུང་ལས་བརྩེ་བ་ཡི་འོད་མདངས་ཟེགས་ཡོང་པའི་བརྩེ་བའི་ཕ་རྒན་དེའི་མདུན་དུ། སྐད་ཆ་དེ་ཁོའི་ངག་སྒོར་ཕུད་ཐབས་མ་བྱུང་།

ཁོས་ནམ་རྒྱུན་ཕ་རྒན་གྱི་ཉམས་ཞན་དེ་རང་ལ་འབྲེལ་བ་ཡོད་པར་སྣང་ཡོང་། ཁོ་རང་ལོ་བདུན་ཡིན་དུས་ཙམ་ལ། རུ་བ་སྤོར་བའི་ཉིན་ཞིག ཕ་རྒན་གྱིས་ལག་སྐྱོར་འཕྲུལ་འཁོར་ཞིག་བསྐོར་ནས་སྐྱས་སྤོ་དུས། སྟབས་མ་ལེགས་པར་རི་བོའི་སྐེད་ལམ་དེ་ནས་འཕྲུལ་འཁོར་དང་མཉམ་དུ་མར་དྲིལ། ཁོ་དང་ཨ་མ་གཉིས་མིག་ཆུ་ཤུམ་ཤུམ་སླེབས་དུས། ཕ་རྒན་ལ་སྐད་ཆ་བཤད་པའི་ཤེད་ཤུགས་ཙམ་ཡང་མེད་ཅིང་། འཕག་འཚག་ཐེངས་འགའ་བྱས་ཀྱང་ཐང་ནས་ཡར་དགྱེ་མི་ཐུབ་པར་གྱུར། ཁོས་ཐོག་དང་པོར་དེ་འདྲའི་ཉམས་ཐག་གི་ཕ་རྒན་དེ་མཐོང་། དེ་ནས་བཟུང་ཕ་རྒན་གྱི་རྐང་པ་ཡ་གཅིག་ཐེང་པོར་གྱུར་ཞིང་། དེ་ནས་བཟུང་ཁོས་ཕ་རྒན་ལ་རེ་བ་གང་ཡང་འདོན་མ་བཟོད། ཁོས་གློ་རྡེག་གློ་རྡེག་ལ་ཕ་རྒན་གྱི་ཉམས་ཞན་དེ་ཚོར་འདུ་དྲག་པོས་ཚོར་ཡོང་ལ། ཚོར་བ་དེས་ཁོ་རང་རྨེག་མེད་དུ་བཅོམས་འགྲོ་ཞིང་། ཡང་ན་ཕ་རྒན་གྱི་བརྩེ་འཇམ་གྱི་མིག་ཟུང་དེས་ཀྱང་མཚམས་རེར་ཁོ་ལ་སྐྱོ་སྣང་རེ་སྦྱིན་ཡོང་།

སྒྲོལ་མ་གང་དུ་ཡོད་དམ། ཁོས་མྱུར་མོར་ལུང་ཆེན་ལུང་ཆུང་ནས་རི་ཆེན་རི་ཆུང་རེ་རེར་ལྟ་དགོས་བྱུང་སོང་། སྒྲོལ་མ་དྲན་ངོགས་སུ་འཁྱུག་ཙམ་གྱིས། རླུང་བུ་ནང་བཞིན་ཁོའི་སྐྱོ་སྣང་ཐར་ཐོར་དེ་དག་གང་སར་ཁུར་སོང་། སྒྲོལ་མ་ནམ་ཡང་འདི་ལྟར་རླུང་བུ་བཞིན་ཁོའི་དྲན་ངོགས་སུ་ལྡང་ཡོང་།

གློ་བུར་རླངས་འཁོར་གྱི་དུང་བརྡ་ཞིག་གྲགས་པས། ཚེ་རིང་གིས་དུང་བརྡ་དེའི་ཕྱོགས་སུ་མི་ལྟ་ཀ་མེད་བྱུང་། རི་འདབས་སུ་རླངས་འཁོར་འགའ་སླེབས་འདུག་ལ། མདུན་ཐད་ཀྱི་ལུང་ཁུག་དུ་ཡང་སྦལ་བ་ནུར་བགྲོད་ཀྱིས་ཡོང་བཞིན་པའི་རླངས་འཁོར་འགའ་རེ་མཐོང་ཞིང་། འཕྲུལ་རྟ་མང་པོ་ཞིག་ཀྱང་རི་ངོས་སུ་ཕར་དཀྱོག་ཚུར་དཀྱོག་བྱས་ནས་རི་ལ་འགོ་བཞིན་འདུག ཡུན་གྱིས་མི་ཚོགས་ཇེ་མང་ནས་ཇེ་མང་དུ་གྱུར་ནས། དར་ཤིང་དུ་དར་ལྕོག་འདོགས་པའམ། ཕན་ཚུན་ལ་ཁམས་བདེ་ཞུས་ནས་ཁ་བརྡ་དང་ཁ་མཚར་སྣ་ཚོགས་ཀྱིས་མི་མེད་ལུང་སྟོང་གི་རྫ་མགོ་འདི་ཡང་རེ་ཞིག་འདུ་འཛི་ཟིང་ཟིང་དུ་བསྒྱུར་དུས། དེ་རིང་གི་སྤྱི་བསང་འདི་ཚེ་རིང་དང་ཁོའི་སྤུན་ཟླ་རྣམས་ལ་རྒྱུས་ཇེ་མེད་ནས་ཇེ་མེད་དུ་གྱུར། ཁོ་ཚོ་ཡང་ཡར་ལངས་ཏེ་རྒྱུས་མེད་ཀྱི་མི་རྣམས་ལ་ཧྲག་གེར་ལྟ་ཞིང་། ཡང་ལྟ་མར་ལྟ་བྱས་ནས་སྐྱ་མི་རེ་དང་རྒྱུས་ཡོད་ཀྱི་མི་རེ་བཙལ། ཚེ་རིང་གིས་ཨ་ཁུ་གཡང་སྐྱབས་མཐོང་སོང་། རྔོག་དཀར་ཞོན་ནས་ཐོན་སོང་། ཁོས་ནན་གྱིས་ཨ་ཁུ་ཚེ་རིང་གི་གཡས་གཡོན་དང་མདུན་རྒྱབ་ལ་བལྟས། མཐོང་མ་སོང་། ཨ་ཁུ་གཡང་སྐྱབས་ཀྱི་བུ་ཆུང་གཉིས་དང་ཨ་ཁུ་མཁར་ལོའི་བུ་ཆུང་སོགས། ཁོ་རང་ལ་རྣ་ཐོས་ཡོད་པའི་ན་མཉམ་ཞིག་གིས་རྟ་ཞོན་པ་མ་དགོས། མི་ཡང་མཐོང་མ་སོང་།

“ད་ནི་སླེབས་སོང་།” ཁོ་དང་ཁོའི་སྤུན་ཟླ་རྣམས་ཀྱིས་མཉམ་དུ་མཐོང་སྲིད། རིན་ཆེན་གྱིས་དེ་ལྟར་ཟེར་ཞིང་། ཁོ་ཚོའི་གོམ་ཁ་ཡང་ཨ་ཁུ་གཡང་སྐྱབས་དང་།ཨ་ཁུ་གཡང་སྐྱབས་དང་མཉམ་དུ་འཕྲོ་རིམ་འཕྲོར་རྟ་ཞོན་ནས་ཡོང་བཞིན་པའི་ཨ་ཁུ་ཕུར་བ་སོགས་ད་ལྟ་ཕྱུགས་ལས་སུ་ཡོད་པའི་འབྲོག་པ་རྒན་པ་དེ་དག་གི་སར་བསྒྱུར། ཁོ་ཚོས་ངེས་མེད་ཀྱི་སྐྱ་མི་རེ་ལ་བསྒུགས་ནས་བསྡད་པ་ཡིན་མོད། མ་གཞི་ཁོ་ཚོས་ད་བར་དུ་སྒུག་པ་དེ་ཡང་ཁོ་ཚོ་ལས་མ་འདས།

ཁོ་ཚོ་མི་ཚོགས་ཟིང་ཟིང་ཁྲོད་ནས་མཉམ་དུ་དར་ཤིང་ཡོད་སར་འགྲོ་དུས། མི་མང་པོ་ལ་ཕྲད་སོང་། བཀྲ་རྡོ། དཔལ་ཆེན། དོ་ཁོ། ཀླུ་བྷ། ནུབ་ལྭ་གསར་བ་གསར་རྐྱང་གྱོན་མཁན་ཞིག ད་དུང་སྐྲ་ལོ་ལྟག་པར་ཤད་ཅིང་རྡོ་ཤེལ་ཞིག་མནབས་པའི་ལོ་བཞི་བཅུ་ཡིན་ཚོད་འདྲ་བའི་མི་དེ་སོགས། ཨ་ཁུ་གཡང་སྐྱབས་ཀྱིས་ཁོ་ཚོའི་མིང་ནས་བོས་ཏེ་རེ་རེ་བཞིན་མཚམས་འདྲི་བྱེད་དུས། ཚེ་རིང་གི་སྣང་ངོར་ལུང་སིལ་དག་ན་རྡོ་ལེབ་མང་པོས་གོར་གོར་དང་གྲུ་བཞི་གང་རུང་གི་དབྱིབས་སུ་གྲུབ་པའི་མཚེར་ཤུལ་དེ་དག་ཤར། ཁོའི་ཆུང་དུས་ཀྱི་རྩེད་ར་ནི་ཨ་ཁུ་དཔའ་ཆེན་ཚང་གི་མཚེར་ཤུལ་ཡིན་ཞིང་། མཚེར་ཤུལ་དེ་དག་ནི་ཕ་མས་རང་ཉིད་ཟོག་རྫིར་མངགས་དུས་ཕྱུགས་ཟོག་གར་འཚོ་གང་བསྐོར་ལ་བཤད་ཡོང་དུས་ཀྱི་ས་རྟགས་གལ་ཆེན་རེ་ཡང་ཡིན་པས། ཁོ་ལ་མཚོན་ན་མིང་དེ་དག་ཧ་ཅང་རྒྱུས་ཡོད་ཅིག་རེད་ལ། ཁོས་ད་དུང་མི་དེ་ཚོས་རྫི་བོ་སུ་སུ་གླས་ཡོད་པ་ཡང་ཤེས།

དར་ཤིང་ཡོད་སར་སླེབས་ལ་ཉེ་དུས། གསར་བུ་གཉིས་མགྱོགས་མྱུར་གྱིས་ཨ་ཁུ་གཡང་སྐྱབས་སར་ཡོང་བཞིན་འདུག ལག་ཏུ་དར་ལྕོག་བཟུང་ཡོད་པ་དེ་བྱ་བ་ཡོད་པའི་བུ་ཆེ་བ་དེ་རེད། ཆོས་ཐོག་འཚོགས་དུས་ཤིག་ལ་ཚེ་རིང་གིས་མི་དེ་མཐོང་མྱོང་ཡོད། ཅིག་ཤོས་དེ་ནི་སློབ་ཆེན་མཐར་ཕྱིན་མ་ཐག་པའི་བུ་ཆུང་བ་དེ་ཡིན་སྲིད། ཚེ་རིང་གིས་དེ་ལྟར་ཚོད་དཔག་བྱས། གཞོན་ཤ་དོད་པའི་གཟུགས་གཞི་ཕྲ་མོ་དེ་དང་། དར་ཤིང་སྟེང་འགོ་བའི་ལུས་པོའི་ལྡེམ་མྱུར་ལ་བལྟས་ན། ཁོ་རྟ་ལ་བདེ་བའི་མི་ཞིག་ཡིན་སྲིད། ཕར་བལྟས་ཚོད་ཀྱིས་བསམ་ཤེས་བབ་ཆགས་ཤིག་འདུག་པས། རང་ལས་ལོ་འགའ་ཡིས་ཆེ་ཚོད་ཡིན་པའི་རྣ་ཐོས་དེ་ཡང་སེམས་སུ་ལྷུང་། ཁོ་རང་རྔོག་དཀར་ལ་ཞོན་མྱོང་ཡོད་དམ། གོམ་རྟ་རྔོག་དཀར་གོམ་ལག་མྱུར་མོ་སྒྱུ་འཕྲུལ་འདྲ་བ་ཡོད་ཅིང་། མགོ་རྣ་ཀྲོག་ཀྲོག རྔ་རྔོག་ལྡེམ་ལྡེམ། ཁོ་ཡང་རྔོག་དཀར་ཀྱི་སྟངས་སྟབས་ལ་དགའ་སྲིད། ཨ་ཁུ་གཡང་སྐྱབས་ཀྱིས་ཁོ་ལ་རྟ་ཡི་གཏམ་རྒྱུད་བཤད་མ་མྱོང་ངམ། རྔོག་དཀར་ས་འཐེན་པའི་རྟ་ཞིག་ཡིན་པས། ཨ་ཁུ་གཡང་སྐྱབས་ཀྱིས་བཙོང་མ་བདེ་བར་ཡོད། རྔོག་དཀར་ཁོ་ལ་ངོས་བཏགས་ན་ཅི་མ་རུང་། ཁོ་རང་རྟ་ལ་མི་དགའ་དོན་ཅི་ཡིན་ནམ། ཁོས་བྱ་བ་མ་རེག་ན་རྟ་ཁྱུ་འདི་ཡི་བདག་པོ་བྱེད་ཆོག་པ་མ་རེད་དམ། ཚེ་རིང་གིས་ཨ་ཁུ་གཡང་སྐྱབས་ཀྱི་སྡུག་ཡུས་དེ་རྟོགས་སོང་།

སྡེ་བའི་མི་མང་ཤོས་དང་ཨ་ཁུ་གཡང་སྐྱབས་ཀྱི་ཁྱིམ་མི་ཚང་མས། ཨ་ཁུ་གཡང་སྐྱབས་ན་ཚོད་དྲུག་ཅུར་ཉེ་བས། འདི་རུ་རྟ་ཁྱུ་འཚོ་བ་ལས། རྫོང་མཁར་དུ་བུ་གཉིས་ཀྱི་སར་འདུག་འོས་སྙམ་ཞིང་། ཁོས་ལན་རེར་རྟ་ཚོང་བརྒྱབ་ནས་གྱོང་ཁུར་ཏེ་རང་ཁྱིམ་དོམ་ལ་གཏུགས་དུས་ཀྱང་ཡོད་པས། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་ཉུང་། ཡིན་ཡང་ཚེ་རིང་དང་རིན་ཆེན་སོགས་ཀྱིས་ཨ་ཁུ་གཡང་སྐྱབས་དང་ཁོའི་རྟ་ཁྱུ་གཉིས་ནམ་ཡང་འབྲོག་སྡེ་འདིར་ལུས་ན་བསམ་ཡོད་དེ། ཁོ་ཚོས་ཨ་ཁུ་གཡང་སྐྱབས་དང་རྟ་ཁྱུ་མེད་ན་སེམས་པ་སྟོང་ལྷང་ལྷང་དུ་གྱུར་འགྲོ་བ་ཚོར།

ཁོ་འདོ་བ་གཡུ་བྱ་ལ་ཞོན་ན་རྐྱ་རྩལ་ཉ་མོ་འཁྱུག་འདྲ་ཡོང་སྲིད། ཚེ་རིང་གིས་ད་དུང་བློས་བསླང་གི་གཤོག་པ་རྐྱོང་བཞིན་འདུག གཡུ་བྱའི་བང་རྩལ་སྐྱི་བསེར་རླུང་འདྲ་བ་ཡོད་པས། བྱ་རྒྱལ་ཁྱུང་གི་ཉམས་སྣང་རྙེད་ཡོང་། ཁོས་དངོས་ནས་ཨ་ཁུ་གཡང་སྐྱབས་ཀྱི་བུ་ཆུང་བ་དེ་ལ་རྟ་མཆོག་གཡུ་བྱ་ཡི་བང་རྩལ་དེ་བརྗོད་འདོད་ཅིག་བྱུང་སོང་། ཡིན་ཡང་གདོང་གི་མིག་ཤེལ་མཐུག་པོ་དེ་དང་། དཀར་འཇམ་གྱི་ངོ་གདོང་དེས་ཁོའི་འཆར་ཡན་ལ་ཡང་ཡང་འགོག་རྐྱེན་བཟོས་བྱུང་། ཁོ་ལ་དངོས་གནས་རྟ་ཁྱུ་ཞིག་དགོས་དོན་མེད་ཀྱང་སྲིད། ཚེ་རིང་གིས་གློ་བུར་དེ་ལྟར་བསམ་པས། ནང་སེམས་ཟིང་ཟིང་དུ་གཏོང་བའི་སེམས་ངལ་དེའི་འཕྲོ་སྐྱོང་མ་འདོད་པར་རེ་བ་གཞན་ཞིག་འཚོལ་འདོད་ཀྱིས་མྱུར་མོར་ཡར་ལྟ་མར་ལྟ་ཞིག་བྱས། མི་འདུག ཁོ་དང་ཁོའི་སྤུན་གྲོགས་རྣམས་ཀྱི་རྟ་མ་གཏོགས་ན་མཉམ་གཞན་གྱི་རྟ་གང་ཡང་མཐོང་མ་སོང་། “ཧུ་ཧུ་ཧུ” ཁོའི་མིག་ཟུང་དུ་པྲ་ཚགས་ཀྱི་འཛུམ་མདངས་ཤིག་འཚེར་ནས་ཁོང་དགོད་ཅིག་ཤོར། ཁོས་རིན་ཆེན་དང་དཀོན་མཆོག་སོགས་ཀྱིས་ཀྱང་རང་ཉིད་ནང་བཞིན་རེ་ཆད་ཀྱི་ཡུལ་དངོས་འདིར་ཡར་ལྟ་མར་ལྟ་བྱས་ནས། དུ་བ་རེ་འཐེན་ཞིང་དགུན་གྱི་ཁུ་བྱུག་བཞིན་སྨྲ་བ་མེད་པར་ལུས་འདུག་པ་མཐོང་།

ཉི་མ་ནུབ་རི་དང་ཉེ་དུས་ཙམ་ལ། ཚེ་རིང་ཤར་རིའི་ངོས་སུ་འགོས་ནས་འདོ་ཆེན་ཆུ་རྩེད་ཀྱི་གམ་དུ་སོང་། ཆུང་དུས་ནས་ད་བར་དུ་ཁོས་འདོ་ཆེན་ཆུ་རྩེད་དང་མཉམ་དུ་ཉི་མ་ནུབ་རིར་བསྐྱལ་བའི་ལོ་ཟླ་གང་མང་ཡིན། ཕ་རྒན་གྱི་རྐང་པ་རྨས་སྐྱོན་ཕོག་པའི་ལོ་དེར། བུ་ལོན་གྱི་སྐྱིན་འཚབ་མཇལ་ཕྱིར། ཚེ་རིང་ཚང་གི་རྟ་བདུན་ཙམ་ཡོད་པ་ཚང་མ་བཙོང་དགོས་པར་ཐུག་དུས། ཁོ་རང་རྟ་ལ་དགའ་བས། ཕ་རྒན་གྱིས་འདོ་ཆེན་ཆུ་རྩེད་དེ་ཁོ་ལ་བཞག་པ་རེད། དེ་དུས་ཁོས་འདོ་ཆེན་ཆུ་རྩེད་གཅིག་པུར་ལུས་པས་འདུག་རོགས་བྱེད་དགོས་སྙམ།

ཁོས་ནམ་རྒྱུན་ལྟར་སྒྲ་སྒམ་ཆུང་ཆུང་དེ་ལས་གླུ་གཞས་རེ་སྦྱོང་བར་བརྩམས། གླུ་བ་བསམ་འགྲུབ་ཚེ་རིང་གི་གླུ་གཞས་ཤིག་གྲགས་ཡོང་དུས། ཁོ་རང་སྨྲ་བ་མེད་པར་ལུས། དབྱངས་རྟ་སྙན་མོ་ཞིག་གིས་ཁོའི་སྣང་ངོར་སྒྲོལ་མ་ཡི་མིག་མདངས་ལྷོད་པོ་དེ་དྲངས་སོང་། དྭངས་གཙང་གི་མཁའ་དབྱིངས་འདིར་རླུང་བུ་ཞིག་བསིལ་འཇམ་གྱིས་རྒྱུ་ཞིང་། ཉི་འོད་ནི་དྲོད་འཇམ་གྱིས་འཚེར་ལ། རྫ་མགོ་ན་འོད་ཀྲིག་ཀྲིག་བྱེད་པའི་གངས་དར་དེ་དག་ནང་བཞིན། ཁོའི་ནང་སེམས་ཀྱང་འོད་ཆེམ་ཆེམ་བྱེད་ཅིང་། གངས་ཀྱི་ཞུན་མ་བཞིན་ཁོའི་སེམས་ངོགས་ནས་དྲོད་ལམ་ལམ་བྱེད་པའི་བརྩེ་བ་ཡི་ཆུ་མོ་བརྡོལ་སོང་། ཆུ་མོ་དེའི་རླབས་རྒྱུན་གྱིས་ཁོའི་ཡིད་སེམས་བརླན་པར་བྱས་ཤིང་། ཆུ་མོ་དེའི་རླབས་རྒྱུན་དུ་ཁོའི་མིག་མདངས་ཀྱི་ཟེར་མ་འཐོར་ནས། འཆར་ཡན་དང་རྣམ་ཤེས་ཀྱང་སིམ་སོང་།

ཚེ་རིང་ནི་ནམ་རྒྱུན་ལུག་རྫི་ཡིན་ཏེ། ཕུ་བོའི་བྱིས་པ་གཉིས་སློབ་གྲྭར་བསྐྱལ་རྗེས། ཕུ་བོ་རྒྱུན་དུ་ས་གཞན་ལ་ལས་ཀར་འགྲོ་དགོས་ཡོད། ཁོ་ཡང་ལུག་རྫི་ཡག་པོ་ཞིག་བྱེད་འདོད་ཡོད་དེ། ལུག་གི་འཕེལ་ཀ་དྲང་ན་ཁོས་ཨ་ཁུ་གཡང་སྐྱབས་ཀྱི་རྟ་ཁྱུ་ལས་རྟ་ཞིག་ཉོ་ཐུབ་སྲིད། ཕ་རྒན་གྱི་རྐང་པ་ལ་ཡང་སྔར་ལས་ལེགས་པའི་སྨན་བཅོས་བྱེད་ཐུབ། ཡང་ན་ཁོ་རང་ནར་སོན་གྱི་ནུས་པ་ཞིག་མཚོན་ཐུབ་ན། ཕ་རྒན་གྱི་རང་ཉིད་སློབ་གྲྭར་སྐྱེལ་མ་ཐུབ་པའི་ནོངས་འགྱོད་དེ་ཡང་སེལ་ངེས། ད་དུང་གང་མང་ཞིག་གི་དབང་གིས་ཁོ་རང་ལུག་རྫི་ཡག་པོ་ཞིག་བྱེད་འདོད་ཡོད། ཡིན་ཡང་སྒྲོལ་མར་འཕྲད་པ་ནས་བཟུང་། ཡོད་ཚད་ལ་དོན་སྙིང་གཞན་པ་ཞིག་བསྩལ་སོང་།

ནངས་མོ་འདིར། ཁོ་ནམ་རྒྱུན་བཞིན་ལུག་རྫིར་ཆས། ཁོ་རང་སྒྲོལ་མར་འཕྲད་སྲིད་དམ། ཁོས་དེ་ལྟར་ཚོད་དཔག་བྱས། ཁོས་འཕྲད་ན་བསམ་ཞིང་མ་འཕྲད་ན་ཡང་བསམ། གང་ལྟར་ལུག་ཁྱུ་ནི་བྱང་གི་རྫ་རྒྱུད་ཕྱོགས་སུ་བསྐོར་ཚར། སྒྲོལ་མ་ནི་ལུང་བ་ཕར་ནང་སྡེ་བའི་ཡིན་པས། སྟབས་ལེགས་ན་སྡེ་བ་གཉིས་ཀྱི་མཚམས་སུ་ཡོད་པའི་རྒྱུད་ཁ་རིང་པོ་དེའི་སྟོད་སྨད་བར་གསུམ་གང་རུང་ནས་མཇལ་ཡོང་ངེས། མཐོང་མ་སོང་། མ་མཐོང་བ་ཅི་ཡིན་ནམ། ཉིན་གུང་ཙམ་དུ་ལོན་དུས་ན། ཁོས་སྒྲོལ་མའི་གྲིབ་མ་ཙམ་ཡང་མཐོང་མ་སོང་། ཁོས་ཕར་ནང་སྡེ་བའི་རྫི་བོ་རྣམས་ལ་ཡང་ལྟ་བསྐྱར་ལྟ་ཞིག་བྱས། ས་གཞན་ནས་རྫི་གླ་འཚོལ་དུ་ཡོང་བའི་རྫི་བོ་རྣམས་ནི་སྒྲོལ་མ་ལ་རྒྱུས་ཆེན་པོ་ཡོད་མི་སྲིད། ཁོས་ཕར་ནང་སྡེ་བའི་ཡིན་པའི་ཟོག་རྫི་རྣལ་མ་ཞིག་ལ་འདྲི་བསམ། ཁོས་ལྷུན་འགྲུབ་མཐོང་སོང་། ཡིན་ཡང་ཁོས་ཇི་ལྟར་འདྲི་དགོས་མ་ཤེས་པར་ལུས། ཚེ་རིང་གིས་ནུས་པ་ཡོད་རྒུས་ཁ་བརྡ་དེ་ཁོ་ཚོའི་སྡེ་བའི་ཕྱོགས་སུ་བསྐོར་ནས། ཁོ་ཚོའི་སྡེ་བའི་རྫི་བོ་རྣམས་ཀྱི་ཕྱོགས་སུ་བསྐོར་ཞིང་། དེ་ནས་རྫི་བོ་རེ་རེ་འདྲི་མགོ་བརྩམས་པ་ན། ལྷུན་གྲུབ་ཀྱིས་སྒྲོལ་མ་གླེང་སོང་། “དེ་རིང་སྒྲོལ་མ་གཉེན་དུ་སློང་མཁན་ཞིག་ཐོན་པ་འདྲ། ཁོང་ཚང་གི་སྒོ་ལམ་དུ་རླངས་འཁོར་གཉིས་སླེབས་འདུག གཉེན་སློང་མཁན་ཡིན་ན་ཨ་ཁུ་བརྟན་པ་ཚང་ཡིན་པ་སེམས་ཐག་ཡིན། ཟླ་གཅིག་གི་སྔོན་ནས་ཨ་ཁུ་བརྟན་པ་ཚང་གིས་སྒྲོལ་མ་ལ་རྩར་བྱེད་བཞིན་པ་ཐོས་སོང་།

ཨ་ཁུ་བརྟན་པ་ཚང་ཡིན་ན་འགྲིག་ཡོད། མི་གཤིས་ཡག་པ་མ་ཟད། ཁོང་ཚང་གི་བུ་ཆུང་དེ་ལ་བྱ་བ་ཡང་ཡོད།”

ཐོལ་བྱུང་གི་སྐད་ཆ་དེས་ཚེ་རིང་གི་ནང་སེམས་དེ་རྡོ་ལྕི་མོ་ཞིག་གིས་མནན་པ་བཞིན་དབུགས་ཀྱི་འབྱིན་རྔུབ་ཀྱང་བྱེད་དཀའ་བར་སྣང་། ཁོ་སྒྲོལ་མ་ལ་ཕྲད་ནས་ལོ་ངོ་གཉིས་འགོར་ལ་ཉེ། ལོ་ངོ་གཉིས་ལ་ཁོས་ནང་སེམས་ཀྱི་མེ་ལྕེ་ལྟ་བུའི་བརྩེ་དུང་དེ་སུ་ལ་ཡང་བརྗོད་མྱོང་མེད། བརྩེ་དུང་གླེང་མི་སྲིད་ལ། གླེང་མི་རུང་བ་ལྟ་བུའི་ཁྱིམ་གཞིས་འདིར་ཁོས་ཁྱིམ་མི་སུ་ལ་བརྗོད་དགོས་པ་མ་ཤེས་ཤིང་། ཇི་ལྟར་བརྗོད་དགོས་པ་ཡང་གཏན་ནས་མ་ཤེས། ཁོས་རང་ཚང་གི་ཆུང་དྲགས་པའི་རྩྭ་ས་དེ་དྲན་ཡོང་ཞིང་། རྩྭ་ས་དེ་ཁོ་དང་ཕུ་བོ་གཉིས་ལ་དུམ་བུ་གཉིས་སུ་བགོས་ན། རང་ཁྱིམ་འདི་དབུལ་ཞིང་ཕུངས་པར་འགྱུར་སྲིད་པས། ཁོས་སུ་ལ་བརྗོད་འོས་པ་མ་ཤེས་པར། བརྩེ་དུང་འདི་ཁོའི་ནང་སེམས་ཀྱི་གསང་བ་ཞིག་ཏུ་གྱུར་ཞིང་། ཐ་ན་སྒྲོལ་མ་ལ་ཡང་བརྗོད་མྱོང་མེད།

ཕྱི་ཉིན་སྔ་མོར། ཁོ་ནམ་རྒྱུན་ལས་སྔ་མོར་ལངས་ཏེ་ལུག་རྫིར་སོང་། ཉིན་དེར་ཁོ་རང་དངོས་གནས་སྒྲོལ་མ་དང་འཕྲད་ན་བསམ། སྐད་ཆ་དེའི་བདེན་རྫུན་ཤེས་འདོད་པའམ་ཡང་ན་ནང་སེམས་ཀྱི་ཧོལ་རྒྱུགས་ཤིག་གིས། ཁོ་རང་སྒྲོལ་མ་དང་སྔ་མོར་འཕྲད་ན་བསམ། སྟབས་འགྲིག་པ་ཞིག་ལ་སྒྲོལ་མ་ནངས་སྔ་མོ་ནས་རྫ་རྒྱུད་གོང་མར་སླེབས་འདུག ཚེ་རིང་གིས་ལུག་ཁྱུ་ཡི་མཐའ་སྐོར་ནས་ག་ལེར་སྒྲོལ་མའི་སར་སོང་། དེ་རིང་ཁོ་ལ་སྔར་ལས་ལྷག་པའི་འཚབ་སྣང་ཞིག་སྐྱེ་བཞིན་འདུག སྒྲོལ་མས་ཁོ་ཡོང་བཞིན་པ་མཐོང་ནས་ལྟ་ཙམ་བྱེད་ཅིང་། དེ་ནས་ཡང་ལུག་ཁྱུར་བལྟས་ནས་ཚེ་རིང་ལ་སྐད་ཆ་གང་ཡང་ལབ་མ་བྱུང་ཚེ། ཚེ་རིང་གིས“ཁྱོད་ཁ་སང་གང་ལ་སོང་བ་ཡིན”ཞེས་དྲིས་པ་ན། མོས“གང་དུ་མ་སོང”ཞེས་བཤད་པ་དང་། ཚེ་རིང་གིས་ཡིད་སེམས་སྟབས་སྟབས་པོར་། “འོ་ན་ཁ་སང་ལུག་རྫིར་མི་ཡོང་དོན་ཅི་ཡིན།” ཞེས་དྲིས་པ་ན། ཁོས་སྐད་ཆ་དམར་རྗེན་ཞིག་འདི་ལྟར་ངག་ནས་ཤོར་སོང་སྙམ་སྟེ། སྐད་ཅིག་ཉིད་ལ་ཁོ་རང་གི་སྒལ་གཞུང་མེ་ཡིས་བསྲེགས་པ་ལྟར་ཚ་ལམ་ལམ་བྱས་ཤིང་འདུ་ཤེས་ཡོད་ཚད་འཁྱག་སིབ་སིབ་བྱེད་པའི་ཚོར་སྣང་དེར་འདུས་སོང་། སྐབས་དེར། སྒྲོལ་མ་གློ་བུར་ཚེ་རིང་སར་འཁོར་ནས་གཟབ་ནན་གྱིས་མིག་ཟུང་གཏད་དེ“ཁ་སང་ངའི་ཕ་རྒན་གྱི་མནའ་བཅད་ཚང་གི་གཉེན་ཉེ་ཞིག་ང་རང་བག་མར་སློང་དུ་ཡོང་བ་རེད། སློང་མཁན་དེ་ནི་གྲོང་ཁྱེར་དུ་དཔོན་གནས་ཁུར་བའི་ཕྱུག་པོ་ཞིག་ཡིན་རབས་ཟེར་བས། ངའི་ཕ་མ་གཉིས་ཧ་ཅང་འཐད་བཞིན་འདུག” ཅེས་བཤད་བྱུང་།

“ཁྱོད་ངའི་ཆུང་མ་བྱེད་ན་འུ་ཆོག”

སྒྲོལ་མས་མིག་མདངས་ཕྱིར་བསྡུས་ནས་ཕྱོགས་གཞན་ཞིག་ཏུ་བསྲིངས། མིག་ཟུང་ལས་མིག་ཆུའི་ཕྲེང་བ་ཕྲེང་རྡོག་བཞིན་འཐོར་སོང་། མོ་དེ་མ་ཐག་ཡར་ལངས་ནས་ལུག་ཁྱུའི་ཕྱོགས་སུ་འགྲོ་གྲབས་བྱས་པ་ན། ཚེ་རིང་གིས་མྱུར་མོར་སྔུན་བཀག་ནས། ཁྱོད་ངའི་ཆུང་མ་བྱེད་ན་འུ་ཆོག་ཅེས་བསྐྱར་འདྲི་ཞིག་བྱས།

“ད་ནི་འཕྱི་དྲགས་སོང་། ད་ནི་འཕྱི་དྲགས་སོང་།” སྒྲོལ་མས་ངུ་སྐད་དང་བཅས་དེ་ལྟར་བཤད་ནས། མགོ་བོ་འཕྲེད་དུ་གཡུག་བཞིན་ཁོའི་མིག་ཟུང་ལ་གཡོལ་ཅི་ཐུབ་བྱས། ཡིན་ཡང་ཚེ་རིང་གིས་སྒྲོལ་མའི་མིག་མདངས་ལས་རེ་ཆད་ཀྱི་མཚོ་མོ་འཕྱུར་བཞིན་པ་མཐོང་།

“ངས་ཁྱོད་ངེས་པར་ཆུང་མར་ལེན་ཡོང་། ངས་ཁྱོད་ངེས་པར་ཆུང་མར་ལེན་ཡོང་།” ཁོས་རང་ཉིད་ཀྱི་གནོང་འགྱོད་ཀྱིས་གཙེས་པའི་ནང་སེམས་ལ་ཡང་བསྐྱར་རྣོ་དབལ་གྱི་རལ་གྲི་ཞིག་འཛེར།

སྐབས་དེར་ཚེ་རིང་གིས་ཡོད་ཚད་རྟོགས་སོང་། ཁོའི་ནང་སེམས་ཀྱི་གསང་བ་འདི་སྒྲོལ་མ་མ་གཏོགས་གཞན་སུ་ལ་ཡང་བརྗོད་དགོས་དོན་མི་འདུག

ས་སྲོད་ཀྱི་དུས་སུ་ཉི་མ་སྔ་མོ་ནས་རི་ལ་ནུབ་ཅིང་། ནུབ་རིའི་ཕྱོགས་ཀྱི་ཡིད་འོང་གི་མཚམས་སྤྲིན་དེ་ཡང་སྨག་ནག་ཏུ་སིམ་བཞིན་འདུག ད་ནི་སྟོན་མཇུག་ཏུ་སླེབས་པས། འབྲོག་པ་ཕལ་མོ་ཆེ་དགུན་སར་སྤར་ཚར་ཡོད། ཡིན་ཡང་ཚེ་རིང་ཚང་དང་ཚེ་རིང་ལྟ་བུའི་དགུན་ས་ན་རྩྭ་མཛོད་ཆེན་པོ་མེད་པའི་དུད་ཁྱིམ་འགའ་གཞན་ལས་ཟླ་གཅིག་ལྷག་ལ་རྗེས་སུ་སྡོད་པ་ལས། སྔ་མོར་རྩྭ་མཛོད་དུ་ཕྱིན་ན་དཔྱིད་ཀ་མ་སླེབས་བར་དུ་རྩྭ་ཆད་འབྱུང་ངེས་ཡིན། དབྱར་ཤུལ་གྱི་རི་ལུང་དག་སྟོང་ལྷང་ལྷང་དུ་ཡོད་པས། ཚེ་རིང་གིས་ཤོག་སྦག་སྒྲ་ཆེན་པོ་ཅན་ཞིག་གིས་རི་ལུང་གི་སྟོང་འཇགས་དཀྲོག་ཅིང་། ཀི་རིང་ལན་གསུམ་བཏབ་ནས་རང་བྱུང་ཁམས་ལ་མིའི་རིགས་ཀྱི་ཟིལ་ཤུགས་ངོམས་བཞིན་འདུག

དོ་ནུབ་ཀྱི་ཟླ་བ་ནི་གསལ་ཞིང་ཟླུམ་པར་གཞིགས་ན་དོ་ནུབ་ནི་ཚེས་བཅོ་ལྔའམ་དེ་ཡི་ཡས་མས་ཤིག་ཡིན་སྲིད། མཐོ་སྒང་གི་སྟོན་མཇུག་ནི་ཧ་ཅང་འཁྱག་སྟེ། དོ་ནུབ་ལྟར་གྲང་ངར་ཆེ་བའི་ལྷགས་རླུང་ལྡང་དུས། མཐོ་སྒང་གི་ས་གཞི་དང་ཆུ་ཕྲན། མཐོ་སྒང་གི་ཉི་མ་དང་ཟླ་བ། མཐོ་སྒང་གི་ཕྱུགས་ཟོག་དང་འབྲོག་ཁྱིམ་ཚང་མ་འཁྱག་པས་བསྡམ་འགྲོ།

ལྷགས་པ་ལྡང་ནས་སྦྲ་གུར་གྱི་འདབ་ཕྱར་ལྷབ་ལྷབ་སྤྲུགས་པས། སྒྲོལ་མ་དང་ཚེ་རིང་གཉིས་གྲང་འདར་བརྒྱབ་ནས་གཏན་ནས་གཉིད་མ་ཁུག ཚེ་རིང་མལ་ལས་ལྡང་ཏེ་དོ་ཆ་ལས་མལ་ཐུལ་གཉིས་དང་སློག་པ་གཉིས་ཁྱེར་ཡོང་ནས་ཁོ་གཉིས་སྟེང་བཀབ་རྗེས་སླར་ཡང་ཁུ་སིམ་མེར་ཡོད་པའི་མཚན་མོ་འདི་དང་ལྷན་དུ་དབུགས་ཀྱི་རྒྱུ་བ་ཕྱུངས་བཞིན་ཁུ་སེམ་མེར་གཉིད་ལ་བསྒུག

བར་སྐབས་ཤིག་ལ་ཚེ་རིང་གིས་སྒྲོལ་མ་ངུ་བཞིན་པ་ཚོར་སོང་། “ཡུལ་དྲན་སོང་ངམ། ངས་ཁྱེད་ཀྱིས་ཡུལ་དྲན་བཞིན་པ་ཤེས་ཡོད། ཁྱེད་ཀྱི་ཕ་མས་ཀྱང་ཁྱེད་རང་དྲན་བཞིན་ཡོད་ངེས། ཉིན་བཅུ་ལྷག་གི་རྗེས་སུ་རང་གཉིས་ཀྱང་དགུན་སར་སྤར། དེ་དུས་ཡང་བསྐྱར་གཉེན་སློང་དུ་འགྲོ གཉེན་སྒྲིག་རྗེས་ངེད་གཉིས་རྒྱུན་དུ་ཁྱེད་ཀྱི་ཕ་མའི་སར་སོང་ཆོག ”

“ཨ་ཕ་འཐད་མི་སྲིད།” སྒྲོལ་མའི་སེམས་ལ་ན་ཟུག་ཅིག་སྐྱེས་ཤིང་ཨ་ཕའི་སྨྲ་བ་མེད་པའི་རྣམ་འགྱུར་དེ་ཡང་ཡང་ཡིད་ལ་འཁོར་པས། སྐད་ཆ་དེ་རེ་ཆད་ཀྱི་གདངས་ལ་བརྒྱུས་ནས་བཤད།

ཚེ་རིང་གིས་སྒྲོལ་མ་བག་མར་ཁྲིད་རྗེས། གཉེན་བསླངས་ཀྱང་འཐད་པ་མ་བྱུང་བར། སྐྱ་མི་ལྔ་རྫ་རྒྱུད་ཀྱི་ཉག་ཁ་ཞོལ་མ་བརྒྱུད་ནས་སྒྲོལ་མ་ལེན་དུ་ཡོང་དུས། མོ་རང་རྟ་ལ་མ་ཞོན་པ་ན། སྒྲོལ་མའི་ཨ་ཕས་ཁོང་ཁྲོ་དང་བཅས་སྒྲོལ་མའི་ལག་མགོ་ཐག་པས་བསྡམས་ཏེ། ཐག་པའི་སྣེ་གཉིས་སྐྱ་མིའི་ལག་ལ་བཞག་ནས་ལུང་མཐིལ་དུ་དྲུད་པ་ན། ཚེ་རིང་དང་སྐྱ་མི་རྣམས་ལག་འདྲེས་ཤིང་། མགོ་སྐོར་ཞིག་ཚེ་རིང་གི་མགོ་ལ་ཕོག་ནས་ཁྲག་དམར་འཛར་པས། སྒྲོལ་མས་ཞེ་སྡང་གི་ཆོ་ངེ་འདོན་བཞིན“ང་ཡང་སོད་ཅིག ང་ཡང་སོད་ཅིག”ཅེས་རང་གི་ཕ་རྒན་ལ་འཐམས་པ་ན། ཕ་རྒན་གྱིས་མགོ་བོ་དགྱེ་སྒུར་གྱི་མཚམས་ནས་སྒྲོལ་མའི་གདོང་གི་ཁྲོ་ཉམས་དེར་ལྟ་ཙམ་བྱས་རྗེས། ཁོའི་མིག་མདངས་ཀྱི་ཟེར་མ་ཕྱོགས་ངེས་མེད་དུ་འཐོར་ནས་མིག་དབང་གིས་བསྡུ་ཐབས་མ་བྱུང་བ་ལྟར། མིག་འབྲས་ལ་གཡོ་འགུལ་མེད་པར། མིག་ཟུང་རྡེབ་ཙམ་རྡེབ་ཙམ་བྱེད་ཅིང་། སྒྲོལ་མ་ཤེད་ཀྱིས་ཕུད་རྒྱག་ཅིག་བྱས་ནས་ལོགས་ཤིག་ཏུ་གཡུག་རྗེས། ཁ་ཤ་འདར་བཞིན་སྨྲ་བ་བསྡམས་ཏེ། རྟ་ལ་ཞོན་ཞིང་ལྕག་གིས་གྲབས་ནས་བང་གིས་བརྒྱུགས། སྣང་བརྙན་དེ་སྒྲོལ་མའི་སྣང་ངོར་ཐེངས་མ་བརྒྱ་དང་བརྒྱད་ལ་འཁོར་མྱོང་ཡོད།

“འཐད་རག་བར་དུ་གཉེན་སློང་། འཐད་སོང་ན་ངེད་གཉིས་ཀྱིས་ཨ་མའི་ནུ་རན་ཡག་པོ་སྤྲད་དེ་རྟེན་འབྲེལ་འགྲིག་པའི་གཉེན་སྟོན་ཞིག་བྱེད།”

“གཉེན་བསླངས་ནས་འཐད་སོང་ན། ངའི་སེམས་ཀྱི་སྡུག་འདི་མེད་པ་ཡིན། གཉེན་སྟོན་དེ་ལ་འགྲོ་སྒོ་ཆེ་བས་མ་བྱེད་ཀྱང་ཆོག”

“འོ་རེད་ཡ། དེ་རིང་ངས་ཁྱོད་ལ་གསང་བ་ཞིག་བཤད། ད་ལོར་ང་དང་ངའི་སྤུན་ཟླ་ཚང་མས་ཐོག་དང་པོར་གླ་ཟོག་འཚོས་པ་ཡིན། ང་ཚོས་གླ་མཉམ་དུ་བསྡུས་ཏེ་འུ་གཉིས་ཀྱི་གཉེན་སྟོན་ལ་གྲ་སྒྲིག་བྱས་ཡོད། རྗེས་ཕྱོགས་སུས་གཉེན་སྟོན་བྱས་ཀྱང་ང་ཚོས་འདི་ལྟར་ཕན་ཚུན་ལ་རོགས་རམ་བྱེད་པར་དམ་བཅས་ཡོད། ”

“ཁྱེད་ཀྱི་སྤུན་ཟླ་དེ་ཚོ་ངེད་གཉིས་ལ་དྲིན་མི་ཆུང་།”

སྐད་ཆ་དེའི་རྗེས་སུ་ཡོད་ཚད་སྟོང་འཇགས་སུ་གྱུར་ཅིང་། སྟོང་འཇགས་དེའི་ཁྲོད་ཁོ་གཉིས་ཀྱིས་ཁུ་སིམ་མེར་མ་འོངས་པར་བློས་བསླངས་སྣ་ཚོགས་བྱེད་བཞིན་གཉིད་དུ་ཡུར།

གློ་བུར། འཇིག་ཉེན་གྱིས་ཁེངས་བའི་ཁྱི་ཡི་ཟུག་སྐད་བར་མེད་དུ་གྲགས་པ་དང་། ནོར་གྱིས་ངུར་ལྡིར་བྱེད་ཅིང་རྟ་ཡི་འཚེར་སྐད་ལྷང་ལྷང་གྲགས་འོང་བས། ཁོ་གཉིས་གཉིད་ལས་བསླངས་ཤིང་། ཚེ་རིང་ཡར་ལངས་ནས་ལྷམ་གྱོན་པས། སྒྲོལ་མས་ཀྱང་མགོ་བོ་བཀྱགས་ནས་ལངས་གྲབས་བྱེད་དུས། དྲེད་མོང་ཞིག་གིས་སྒྲོལ་མའི་འགྲམ་གྱི་སྦྲ་གུར་གྱི་ལུང་གཤེགས་ནས་ནང་དུ་འཛུལ་པས། སྒྲོལ་མ་སྐྲག་ནས་མྱུར་མོར་ལངས་ནས་ཕར་འབྲོ་དུས་སྒྲོལ་མའི་རྐང་པ་དྲེད་མོང་གི་མཆེ་བར་ཚུད་སོང་། ཚེ་རིང་གིས་མྱུར་མོར་བརྡབ་ཆིག་དང་ལྕགས་ནར་སོགས་བླངས་ནས་དྲེད་མོང་ལ་གཞུས་ཀྱང་། སྒྲོལ་མའི་རྐང་པ་མི་གཏོང་བ་མ་ཟད། དཔུང་འཇུག་གི་ངར་ཇེ་ཆེར་གྱུར་པས། སྒྲོལ་མའི་ཟུག་རྔུའི་ཁྲོད་ཚེ་རིང་གིས་བྲེལ་མ་འཚུབ་ཀྱིས་གྲི་ཞིག་བླངས་ནས་དྲེད་མོང་གི་ལུས་སྟེང་ལ་ཡང་ཡང་གཙེས་བཞིན་དྲེད་མོང་ལ་འཐམ་པས། དྲེད་མོང་གིས་སྒྲོལ་མ་བཏང་སྟེ། ཞེ་སྡང་ཆེན་པོས་ཚེ་རིང་སྟེང་མཆོངས་ནས། ཚེ་རིང་དང་སྦྲ་གུར་མཉམ་དུ་ཐང་ལ་བསྒྱེལ་ཞིང་། ཚེ་རིང་གི་ཕྲག་པ་ནས་སྐེ་ཡི་བར་སོ་བཏབ་སྟེ། ཤེད་ཤུགས་དང་ཞེ་སྡང་གིས་སྤྲུགས་སྤྲུགས་འགའ་བྱས་ནས་སྦྲ་འོག་ནས་ཕྱི་ལ་དྲུད་པས། ཚད་ལས་བརྒལ་བའི་ན་ཟུག་ཆེན་པོ་ཞིག་གིས་ཚེ་རིང་གི་རྣམ་ཤེས་དེ་སྐད་ཅིག་མར་ལུས་ཕུང་དང་བྲལ་བར་བྱས།

ཟླ་འོད་ནི་མཐོ་སྒང་གི་རི་ལུང་འདིར་ཞི་འཇམ་གྱིས་ཟེགས་ཤིང་། རི་རིབ་ཀྱང་མཚན་མོ་ཡི་སོ་སྲུང་བཞིན་བརྟན་ཅག་གེར་འགྱིང་བས། ལྷགས་རླུང་གིས་ཚེ་སྲོག་གི་དྲོད་ཁོལ་དང་འཛེར་སྒྲ་ཡོད་ཚད་ཁྱུར་མིད་དུ་བཏང་རྗེས། ཁྱི་ཡི་ཟུག་སྐད་རེ་གཉིས་མཆེད་ཡོང་བའི་རི་ལུང་འདི་སླར་ཡང་སྟོང་འཇགས་སུ་གྱུར་ཅིང་། དྲེད་མོང་གིས་ད་དུང་ཚེ་རིང་གི་འགུལ་མེད་འཕག་མེད་ཀྱི་བེམ་རོ་དེའི་སྐེ་ནས་བཟུང་སྟེ། གསིག་འཐེན་བྱེད་བཞིན་ནགས་གསེང་ཞིག་ཏུ་འདྲུད་བཞིན་འདུག་ལ། ཞེ་སྡང་གིས་གསིག་འཐེན་རེ་བྱེད་དུས་ཚེ་རིང་གི་རྣམ་ཤེས་ཡང་ཡང་བསྡུ་ཞིང་ཡང་ཡང་སྐྲོད་པར་བྱེད་པའི་ཤི་གསོན་གྱི་བར་མཚམས་ཤིག་ནས“ཚེ་རིང་། ཚེ་རིང”ཞེས་པའི་སྒྲོལ་མའི་སྐད་སྒྲ་གསལ་ལ་མི་གསལ་བ་ཙམ་ཞིག་ཐོས་དུས། སྒྲོལ་མ་རྟ་ཡིས་འདྲུད་བཞིན་པའི་སྣང་བརྙན་ཞིག་ཁོའི་མཐའ་མཇུག་གི་སྣང་ངོར་སྐར་མདའ་བཞིན་ལྷུང་སོང་།

“སྐུ་མཁྱེན། ངའི་བུ་མོ་འདིའི་ལས་དབང་སྡུག་ལ་མ་སྦྱོར།” ཚེ་རིང་གིས་གཞི་ནས་ཚིག་ལན་གང་ཡང་མ་རྙེད་པས། རང་ཉིད་ལ་གནས་ལུགས་གང་ཡང་མེད་པ་ཚོར། ཁོས་གནས་ལུགས་གང་ཡང་མེད་པར་སྐྱ་མི་དེ་རྣམས་ལ་ངོ་རྒོལ་བྱས་ནས་སྒྲོལ་མ་འཕྲོག་དུས། ཁོས་རང་ཉིད་ཁྲམ་པ་ཞིག་ལ་གྱུར་སྣང་སྐྱེས།།


རྩོམ་ཡིག་སྔོན་མ།
བློ་འགྱོད།
རྩོམ་ཡིག་རྗེས་མ།
འཁྲུལ་སྣང་ཐེངས་ཤིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1