སེར་བོ་གསེར་མདངས་བྱུགས་པའི་རི་ལུང་ལ། །
གོས་དཀར་ན་བཟའི་མཛེས་པ་ལྷུར་བླངས་པའི། །
ཤ་དང་རུས་པར་ཟུག་པའི་ལྷགས་རླུང་ཁྲོད། །
ཕྱུགས་ཀྱི་སོ་སྒྲ་འཆའ་བ་དགུན་ཁའི་གཞུང་། །
རྒྱང་མཐའི་གནས་མལ་སྤྲོ་བོའི་སྒེའུ་ཁུང་ལས། །
ལྷགས་པའི་གཟུག་སྒྲ་མཆེད་པའི་རི་ལུང་དག །
མངོན་སུམ་ལུས་ཀྱི་རེག་བྱར་འགྱུར་ཉེ་བའི། །
ཚོར་ཤུགས་དྲག་ཏུ་རྩེན་པས་ངག་སྒོ་ཕྱེས། །
འདི་ནས་མཐོང་མིན་དབང་ཕྱོགས་རི་བོའི་ཚལ། །
གངས་དཀར་ན་བཟས་འཕྱོར་བའི་ཡུལ་དེ་རུ། །
ནོར་དང་ལུག་ཁྱུས་བཏང་བའི་འབྲོག་ཐང་གི །
མྱ་ངན་རླུང་འཚུབ་འཁོར་བའི་གྲོང་ཚོ་མཐོང་། །
བྱ་རྒྱལ་རྒོད་པོའི་གཤོག་རྩ་འདར་བྱེད་པའི། །
ཁ་དཀར་བུ་ཡུག་རྣོ་དབལ་རལ་གྲི་བཞིན། །
སྲོག་གི་ཉག་ཐག་དུམ་བུར་གཅོད་ཉེ་བ། །
བདག་གི་ཕ་ཡུལ་བསིལ་བའི་ལྗོངས་དེ་ཡོད། །
གནམ་སའི་རྡུལ་དམར་དག་ནི་འཚུབ་པའི་ཟིལ། །
མིག་དང་རྣ་བར་འཛུལ་བ་དཔྱིད་ཀྱི་དཔལ། །
སྨུག་པོའི་གདོང་ལ་བསུ་བ་སྤོབས་པའི་གདེང་། །
དགུན་གྱི་ལྷགས་རླུང་རལ་གྲིའི་དབལ་ལ་རྩེན། །
གདོད་མའི་འཚོ་བར་དུངས་པའི་འབྲོག་ནག་ཚོ། །
དེང་རབས་རྫས་འཁྲུལ་རིག་པས་བཀྲུས་བྱས་ཏེ། །
སྐྱ་ལ་སེར་བའི་ཁྲེལ་འཛུམ་འགྲན་པའི་ཚུལ། །
རང་དོན་སྲིད་ལ་འཁོར་བའི་ཉམས་བཅས་སྟོན། །
དད་པའི་སློག་ཧྲུལ་གྱོན་པའི་མི་རབས་གང་། །
གང་མགྱོགས་དུས་ཀྱིས་སྒོ་ཕུག་ཡངས་པོ་རུ། །
རུས་གོག་མ་འཐོར་བར་དུ་སེམས་འདུན་དག །
དག་པའི་ཞིང་སར་བསུ་བའི་དཔལ་ལ་ཆགས། །
དགའ་དང་ཞེན་པའི་རུས་པ་དཀར་པོ་དེས། །
རྣམ་ཀུན་འཁོར་བའི་གྲོང་ཚོམ་འགོལ་བོ་འདི། །
སེམས་ཀྱི་གཏིང་ལ་འཛུམ་པའི་བག་ཆགས་ནི། །
རང་ཤེད་མཐོ་བ་རྣམས་ལས་མི་དམན་ཙམ། །
དེ་ཕྱིར་དགུན་གཞུང་ཟེར་བའི་སྟག་མོའི་ཁ། །
ཕྱོགས་སུ་གདེངས་ཚེ་གློ་བུར་དྲན་པའི་མིག །
གངས་ལ་འཁོར་བའི་ཚོར་བ་འགྱུ་བའི་རྩལ། །
ཡི་གེའི་རིས་སུ་ཕབ་ནས་ཁྱོད་ལ་བསྲིངས། །