སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་བཞེངས་བསྐུལ།

རྫོགས་ཆེན་ཀུན་བཟང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


སྟོབས་བཅུ་མི་འཇིགས་ཡེ་ཤེས་མེ་དཔུང་གིས།།


 མ་རུང་གདུལ་དཀའ་འཇོམས་པའི་དཔལ་འབར་བ།།


 སྣང་སྲིད་དྲེགས་པའི་རང་གཟུགས་མཐུ་བོ་ཆེ།།


 རིག་ལྡན་དྲག་པོའི་མངོན་རྟགས་བཞེངས་སུ་གསོལ།།


 མི་འཇིགས་དཔའ་སྙིང་སྟག་གི་མཆེ་སྡེར་ཅན།།


 གཡུལ་རྒྱལ་ལྷ་ཡི་བ་དན་འཛིན་པའི་གདུང་།།


 སྲིད་གསུམ་ཟིལ་གནོན་རྔམ་པའི་ངར་སྐད་ཅན།།


 འཁོར་ཚོགས་གདུལ་བྱའི་དབུས་ནས་ད་བྱོན་ཅིག །


 སྟོབས་ལྡན་སེང་གེའི་གཡུ་རལ་ངོམ་པའི་གཟིས།།


 སྣང་སྲིད་དྲེགས་པའི་ཚོགས་ཀྱང་སྐྲག་བྱེད་པའི།།


 མཆེ་སྡེར་ལན་དགུ་བསིགས་པའི་ངར་སྐད་བཅས།།


 དྲག་པོའི་སྐུ་ཡི་རང་གཟུགས་བཞེངས་ཤིག་ཀྱེ།།


 དབང་ཐང་བསོད་ནམས་འབར་བའི་རང་མདངས་ལ།།


 ཟིལ་གནོན་ཁྱུ༵ང་གི་རྩལ་གཤོག་མཐུ་རྒྱས་པ།།


 ལས་བཞི་འཕྲིན་ལས་རོལ་མོས་སྲིད་པའི་འཁོར།།


 མྱུར་སྡུད་རྟགས་ཀྱི་འཁོར་ལོར་དབང་སྒྱུར་ཤོག །


 སྙན་གྲགས་གཡུ་འབྲུ༵ག་ལྡིར་བའི་རྔམ་བརྗིད་ཀྱིས།།


 དྲག་ཤུལ་དགྲ་ལྷའི་བཙན་རྫོང་གནས་བཅས་ཏེ།།


 དབང་དྲག་གློག་གི་ཞགས་པས་སྣང་བཞིའི་སྲིད།།


 དབང་སྡུད་ཡེ་ཤེས་འཁྲུལ་འཁོར་མྱུར་ཐོབ་ཤོག །


 ཁ་ལས་དབང་ཐང་མྱུར་མགྱོག་རླུང་རྟའི་བང་།།


 ལས་བཞིའི་བསོད་ནམས་འབར་བས་མཐུ་རྫོགས་ཏེ།།


 རིགས་ལྡན་དྲག་པོའི་ཐུགས་སྟོབས་མ་ལུས་པའི།།


 འཕྲིན་ལས་མདུན་མཆོངས་གསར་བའི་དཔལ་ལ་སྤྱོན།།


རྩོམ་ཡིག་རྗེས་མ།
སྙན་ངག་ཚན་པ་གསུམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1