གཅིག
ཉི་མ་ནུབ་རིའི་ཕར་ངོགས་སུ་ཡིབ་གྲབས་འདུག དཔེ་ཁང་གི་སྒེའུ་ཁུང་ངོས་སུ་དགོང་ཁའི་ཉི་ཟེར་གྱི་འོད་སྣང་ཕྲན་བུ་ཙམ་ཞིག་འཕྲོ་ཙམ་འཕྲོ་ཙམ་བྱེད། དེས་མི་འགྱངས་པར་དཔེ་ཁང་གི་སྒོ་མོ་རྒྱག་དགོས་པའི་དྲན་བརྡ་གཏོང་བ་དང་ཀུན་ནས་མཚུངས། ཉིན་གང་གི་སྡུག་རོགས་གློག་འོད་དེའི་མིག་ཟུང་བཀབ་ནས། དཔེ་དེབ་དེ་ཚོར་ཕྱིར་མིག་རེ་འཕེན་གྱིན། སྒོ་མོ་ཡང་དམ་པོར་བརྒྱབ། སྐས་ཀ་ནས་མར་ལ་འབབ་དུས་སྐས་རིམ་རེ་ལ་མིག་མདའ་རེ་འཕངས་ནས། འབུ་སྲིན་རྣམས་རྐང་འོག་ཏུ་མ་ཤོར་བ་བྱས། སྒོ་སྲུང་རྨོ་ལགས་ལ་བདེ་མོ་འཇོག་པའི་ལག་བརྡ་ཞིག་བཏང་ནས་དཔེ་ཁང་དང་ཡོངས་སུ་བྲལ་ཏེ་ཁྲོམ་གཞུང་དུ་དལ་གྱིས་བསྐྱོད།
ནུབ་ཁའི་ཉི་འོད་ཀྱི་འོག་ཏུ། དཔེ་ཁང་ནས་ཉལ་ཁང་བར་རྐང་ཐང་དུ་འགྲོ་རྒྱུ་ནི་གོམས་གཤིས་སུ་གྱུར་ལ། ལམ་བར་དུ་མིག་མདའ་གཡས་གཡོན་དུ་འཕེན་རྒྱུ་ནི་ལང་ཤོར་རུ་འགྱུར་བའི་སྣང་བ་ཡན་གར་བ་ཞིག་ཏུ་ཆགས། མ་གཞི་དཔེ་ཁང་དང་ཉལ་ཁང་གི་བར་ཐག་ཉེ་པོ་ཡིན་ནའང་། དགོང་མོ་རེར་མིག་ལམ་དུ་མཐོང་སྣང་མི་འདྲ་བ་སྣ་ཚོགས་མཐོང་གིན་ཡོད་ལ། མཐོང་སྣང་མི་འདྲ་བ་རེ་རེ་མཐོང་དུས། སྐབས་འགར་སེམས་པའི་རུམ་དུ་མཚར་སྣང་གི་གད་མོ་རང་དབང་མེད་པར་འཆོར་གྱིན་འདུག མཚམས་མཚམས་སུ་སྐྱོ་སྣང་གི་སེམས་པའི་རུམ་དུ་མཆི་མ་མུ་ཏིག་གི་ཕྲེང་བ་རྒྱུན་ཐག་ཆད་པ་བཞིན་རང་དབང་མེད་པར་ཤ་ར་ར་འབབ་ཀྱིན་འདུག
གཉིས།
ལྷགས་པ་འུར་འུར་དུ་ལྡང་བའི་དགུན་ཁའི་མཚན་མོ་ཞིག་ལ། གུས་པ་སྔར་རྒྱུན་བཞིན་རྐང་ཐང་མར་ཉལ་ཁང་དུ་ལོག་བཞིན་ཡོད། གློ་བུར་དུ“ཐིག་ཐིག”ཅེས་ཆར་ཐིགས་ཀྱི་སྒྲ་ལྟ་བུ་ཞིག་ཐོས་པས། ང་ནི་ཡ་མཚན་གྱི་དབང་གིས་ནམ་མཁར་མི་ལྟ་རང་ལྟར་འགྱུར། དགུན་ཨ་རང་ད་རང་འདི་འདྲ་ལ་ཆར་པ་ཞིག་གང་ནས་བབས་ཡོང་བ་ཡིན་ནམ་བསམས་ནས། སླར་ཡང་ཆར་ཐིགས་ཀྱི་སྒྲ་ལྟ་བུ་འདིར་རྣ་བས་ཞིབ་ཏུ་མཉན་པ་ཡིན། དེ་ནི་ངའི་གཡོན་ཕྱོགས་ཀྱི་ཤིང་སྡོང་འོག་ནས་གྲགས་པ་ཐོས་བྱུང་། སྐད་སྒྲ་འདིས་རང་ཉིད་ལ་འབོད་པ་ལྟར་དེ་ཡི་ཕྱོགས་སུ་བརྒྱུགས་པ་ཡིན། ཤིང་སྡོང་འོག་ཏུ་བུ་མོ་ལོ་ན་དྲུག་ཙམ་ལ་སོན་པ་ཞིག་གིས་གཅིན་པ་གཏོང་བ་མཐོང་དུས། ང་ནི་ངོ་ཚ་ཁ་སྐྱེངས་ཀྱི་ཚུལ་དུ་མ་མཐོང་ཁུལ་དུ་གནས་དེ་ནས་བྲལ་ནའང་། མོ་ནི་སྣང་དོགས་སྤུ་ཙམ་ཡང་མེད་པར་ད་དུང་ཡང་མུ་མཐུད་དེ་གཅིན་པ་གཏོང་བཞིན་འདུག
ང་ནི་ཡ་མཚན་ཆེན་པོས་ཁ་ཕྱིར་འཁོར་ནས་བུ་མོ་དེར་ཞིབ་ལྟ་ཞིག་བྱེད་པར་ཐལ་སོང་། མོའི་མ་བཅོས་རང་འཁྱིལ་གྱི་སྐྲའི་ལན་བུ་རེ་རེ་ནི་སྙེ་མགོ་ཐུར་དུ་དུད་པ་བཞིན་མཛེས། དཀར་ལ་འཇམ་པའི་གདོང་གི་མིག་ཟུང་ལ་ནི་འོད་མདངས་རབ་ཏུ་བཀྲ་ཞིང་བལྟས་པ་ཉིད་ནས་མེས་རྒྱལ་གྱི་མེ་ཏོག་གངས་ལྷ་ཆུང་ཆུང་ཞིག་རེད་འདུག དེང་དུས་དར་ཁྱབ་ཆེ་བའི་འོས་ཤིང་འཚམ་ལ་གཙང་ཞིང་མཛེས་པའི་ལྭ་བ་གྱོན་ལུགས་འདིར་བལྟས་ན། མ་འོངས་པའི་མི་རབས་གསར་པ་ནི་དེ་འདྲ་ཞིག་མིན་འགྲོ་བསམ་པའི་ཉམས་སྣང་ཞིག་དབང་མེད་དུ་སྐྱེས་བྱུང་།
ད་རེས་བུ་མོ་ཆུང་ཆུང་འདིས་སྣང་དོགས་དང་འཚེར་སྣང་མེད་པར་གཅིན་པ་གཏོང་ལུགས་འདི་མཐོང་དུས། གློ་བུར་དུ་ངའི་ཡིད་ཀྱི་དཀྱིལ་འཁོར་དུ་རང་ཉིད་ཆུང་དུས་སུ་མི་སུ་དང་སུར་འཕྲད་ཀྱང་འཛེམ་འཛེམ་དོགས་དོགས་མེད་པར་གང་སར་གཅིན་པ་བཏང་བ་རྣམས་ཕོ་ཉ་བཙན་པོས་བསྐུལ་བ་ལྟར་དུ་གྱུར་ཏེ་སེམས་སུ་དྲན་བཞིན་གད་མོ་ཞིག་ཀྱང་དབང་མེད་དུ་ཤོར་སོང་ལ། བཅོས་མིན་གྱི་བྱིས་དུས་སུ་རྡོ་ཡི་ཐབ་ཀ་སྒྲིག་ཅིང་རྩྭ་རྙིད་འབུད་ནས་མེ་གཏོང་ཁུལ་དང་། རྡོ་ལེབ་མོ་ཆུང་ངུ་ཞིག་གི་ཐོག་ཏུ་ས་རྡུལ་བླུགས་ནས་ཇ་འཐུང་ཁུལ། རྩེ་རོགས་བུ་མོ་གཅིག་གི་མགོ་ལ་རས་ལྷེབ་ལྷེབ་ཅིག་གཡོགས་ནས་བག་མར་ལེན་ཁུལ་བྱེད་པ། རྩེ་རོགས་གཞན་རྣམས་ཀྱིས་ངེད་གཉིས་བག་སྙོལ་རྒྱག་ཏུ་བཅུག་པ། ཡུད་ཙམ་ནས་ང་ལ་བག་མ་ཡོད་ཟེར་ནས་དགའ་སྤྲོའི་འུར་སྒྲ་སྒྲོག་བཞིན་ས་ལྡིང་གནམ་ལྡིང་བྱེད་པ། མཚམས་མཚམས་སུ་ཨ་མས་ལངས་ནས་གཅིན་པ་མི་གཏོང་བ་ཅི་ཡིན་ནམ་བསམ་པའི་དོགས་འཆར་ཁྱད་མཚར་པོ་རེ་ཡང་འཁོར་ཡོང་གི་ཡོད།
དེ་རིང་བུ་མོ་འདིས་ང་རང་མཐོང་ཡང་འཚེར་སྣང་དང་སྐྲག་སྣང་མེད་པར་གཅིན་པ་གཏོང་ལུགས་འདི་མཐོང་དུས། བྱིས་དུས་ཀྱི་ལྷད་མེད་དྭངས་གཙང་གི་སེམས་པ་ནི་ཆར་སིམ་སིམ་ཞིག་གིས་རྩ་ལྗང་རྣམས་བཀྲུས་པ་དང་ཅི་འདྲའི་འདྲ་ལ། དེ་དུས་ཀྱི་སེམས་པ་ནི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དང་ཀུན་ནས་མཚུངས། འཛེམས་བག་མེད་པའི་དོགས་པ་དེ་ཚོར་བསམ་གཞིག་གི་རིན་ཐང་མངའ། ད་ལྟའི་དུས་སུ་བྱིས་དུས་ཀྱི་པང་དུ་ལོག་རྒྱུ་བྱུང་ན། བྲེལ་བྲེལ་འཚུབ་འཚུབ་ཀྱི་ཁྱི་སྨྱོན་བཞིན་འདུར་རྒྱུག་བྱ་མ་དགོས་པར། བདེ་སྐྱིད་དང་སྤྲོ་སྣང་གིས་ཁེངས་པའི་བུ་ཆུང་ཞིག་ཡིན་ལ། གནོན་ཤུགས་དང་སེམས་ཁྲལ་མེད་པར་སོས་དལ་བག་ཕེབས་ཀྱི་འཚོ་བ་ཞིག་ཏུ་རོལ་ཆོག་ཆོག་ཀྱང་ཡོད་སྲིད།
གསུམ།
གནམ་སྔོན་མོ་ཁྲི་གདུགས་ཉི་མས་དབང་དུ་བསྒྱུར་ཏེ་སྤྲིན་པ་མཐེ་བོང་ཙམ་ཡང་མེད་པའི་དབྱར་གཞུང་མང་པོར། དཔེ་ཁང་ནང་དུ་མིའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་དུས། སྒོ་མོ་སྔ་ཙམ་བརྒྱབ་ནས་སྔར་རྒྱུན་ལྟར་ཁྲོམ་སྲང་དེ་བརྒྱུད་ནས་ཉལ་ཁང་དུ་ལོག་བཞིན་ཡོད། གཟིམ་ཤག་ཇ་ཁང་གི་སྒོ་འགྲམ་དེར་སླེབས་དུས་སུ། མོ་ལོ་ཉེར་བཞི་ཡས་མས་ཀྱི་གཞོན་ནུ་མ་ཞིག་གིས་ལག་ཏུ་ཁ་པར་ཐོགས་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག སྐབས་འགར་འགྲུལ་པ་གཞན་དང་གདོང་ཐུག་ཀྱང་རྒྱབ་འདྲ་བྱེད་ལ། མཚམས་མཚམས་སུ་མགོ་བོ་སྒུར་བཞིན་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག གང་ལྟར་མོའི་འགྲོ་སྟངས་དེར་ལྟ་དུས། ཆུང་དུས་སུ་ཁང་པའི་ནང་དུ་ཐིགས་པ་མང་པོ་བརྒྱབ་ན། ཨ་མས་སང་ཞོགས་དེའི་ཐོག་ཁར་འཆམ་འཆམ་དུ་ཁྲིད་འགྲོ་བ་དེ་དང་འདྲ་ལ། ཡང་སྐབས་རེར་ང་རང་གི་སྙིང་སྡུག་དབྱངས་ཅན་ལྷ་མཛེས་ཀྱིས་ཧྲིག་ཧྲིག་མིག་གིས་ཀུན་ཁྱབ་གླིང་ཁའི་ལྕང་གསེབ་ཏུ་ང་རང་སྒུག་པའི་ཚུལ་དེ་དང་ཨ་ན་མ་ན་རེད།
མོ་མཐོང་རྗེས་ང་ནི་སེམས་མ་བདེ་བར་མོའི་ཕྱོགས་སུ་བརྒྱུགས་སོང་བ་ཡིན། མོས་སྟོད་ལ་སྟོད་ཐུང་རས་ནག་ཅིག་གྱོན་ཡོད་པ་དང་སྨད་ལ་གོས་ཐུང་སྔོ་དཀར་ཞིག་གྱོན་འདུག ལང་ཚོ་དར་ལ་བབས་ཤིང་སྐྱེ་གཟུགས་སྨྱུག་མ་ཚིགས་དྲུག་དང་འདྲ་བར་ཕྲ་ཞིང་དྲང་ལ། སྐྲ་ཡི་ལན་བུ་ནི་སྦང་ག་ལི་སྒོར་དབྱིབས་ཅན་ཅིག་བཞག་འདུག ཁྲ་ཆུང་མིག་གི་གཟི་མདངས་ལ་བལྟས་ན། ཚེས་ཆེན་བཅོ་ལྔའི་ཟླ་དཀར་ཡིན་རུང་འོད་མི་གསལ། དུང་སོ་སུམ་ཅུའི་དཀར་མདངས་ལ་བལྟས་ན། གངས་དཀར་ཏི་སེ་ཡིན་རུང་དཀར་ཉམས་མེད། མོའི་ཤ་དཀར་པགས་པའི་དམར་མདངས་ལ་བལྟས་ན། དམར་ཆུང་བྱི་རུ་ཡིན་རུང་སྐྱ་ཞད་འདྲེས། ངོ་མ། མཛེས་མ་ཟེར་བ་དེ་འདྲ་ཞིག་མིན་འགྲོ་བསམས་ནས་མིག་གཉིས་འབུར་ཚུགས་སུ་ལྟ་བཞིན་ཡུད་ཙམ་ཧད་ནས་ལུས།
དེ་ནས་ཅུང་ཙམ་སོང་རྗེས་མོས་དུས་ཆད་རྒྱབ་པའི་མི་དེ་འབྱོར་སོང་། དེ་ནི་སྐྱེས་པ་ཞིག་རེད་འདུག ཁོའི་གཟུགས་རིས་ནི་ངའི་སློབ་ཆུང་གི་སློབ་གྲོགས་སྟོབས་རྒྱལ་དང་འདྲ་བོ་འདུག ཁོས་སྟོད་ལ་སྟོད་ཐུང་སྐྱ་ཤར་ཤར་ཞིག་དང་སྨད་ལ་གོས་ཐུང་ལྷེབ་ཙམ་རལ་བ་ཞིག་གྱོན་འདུག ལང་ཚོ་དར་ལ་བབས་ཤིང་ཤ་སྟོབས་རྒྱས་པའི་ལུས་པོ་འདིར་བལྟས་ན་གཞོན་ནུ་ཤ་དར་ཁྲག་དར་ཞིག་རེད་འདུག ཁོའི་རྐང་པའི་འདེགས་འཇོག་དང་སྐབས་སྐབས་སུ་ལག་ངར་བརྫེས་ལུགས་འདིར་བལྟས་ན། ཁོ་ནི་ཁོང་ཁྲོ་ཆེན་པོ་ལངས་འདུག་པས་ང་ཡང་ཉེ་འགྲམ་དུ་འགྲོ་རྒྱུ་ཕར་ཞོག ཞེད་སྣང་གིས་ཁོ་གཉིས་དང་རྒྱང་ཐག་རིང་དུ་བཀྱེད་དགོས་བྱུང་བ ཁོའི་གདོང་རིས་ཀྱང་གསལ་པོར་མཐོང་མ་བྱུང་།
དུས་ཚོད་ཡུད་ཙམ་སོང་རྗེས། ཁོའི་སེམས་པ་རྒྱ་མཚོའི་རྦ་རླབས་འཁྲུག་པ་ཇི་བཞིན། གཏམ་མཆིན་པའི་འོག་ཏུ་གནོན་མི་ཐུབ་པ་དང་ཚིག་རྒྱུ་མའི་ནང་དུ་སྐུང་མི་ཐུབ་པ་ལྟར། མོ་ལ་འཆལ་མོ་དང་རྐང་འདྲེན་ཟེར་ཞིང་ཚིག་གསལ་ལ་མི་གསལ་ཞིག་རྣ་བའི་བུ་གའི་ལམ་དུ་འཚང་བྱུང་། མཚམས་འདིར་བུ་མོ་དེ་ནི་རྩྭའི་ཐོ་ཡོར་ཞིག་དང་འདྲ་བར་འགུལ་ཙམ་ཡང་མི་བྱེད་པར་ཀྲོང་ངེར་ལངས་ཏེ་ལུས། དེ་རྗེས་མོས་ཁ་ཀྲབ་ཀྲབ་ཡང་ནས་ཡང་དུ་བྱས་ཀྱང་། ངའི་རྣ་བའི་ལམ་དུ་མོས་བཤད་པའི་ཚིག་འབྲུ་གཅིག་ཀྱང་གསལ་པོར་ཐོས་མ་བྱུང་། ལན་རེར་མོས་གོམ་པ་མདུན་དུ་སྤོས་ནས་ཁོ་དང་ཁ་ཐག་རིང་དུ་བཏང་། ད་གིན་ངར་ངར་ཤུགས་ཤུགས་བྱེད་པའི་སྟོབས་རྒྱལ་འདྲ་བའི་ཁོ་ནི་ཁྲོ་བ་ཡོད་ཀྱང་འཛིན་པ་མེད་པར་མོའི་རྗེས་དེད་བཞིན་ཕུ་ཐུང་ཟུང་ནས་མགོ་འབུལ་ལུས་འབུལ་བྱེད། ང་ནི་ཁོ་གཉིས་ཀྱི་གམ་དུ་སོང་ནས་གནས་ཚུལ་ཞིབ་པར་དཔྱད་འདོད་ཀྱང་། སྟོབས་རྒྱལ་འདྲ་བའི་ཁོ་ནི་མཚམས་རེར་སྤྲིན་ནག་འཁྲིགས་པའི་བར་སྣང་ལས་གཡུ་འབྲུག་སྔོན་མོས་ངར་སྐད་སྒྲོག་པ་ལྟར་ཡོད་དུས། བདག་ལ་ཁོ་གཉིས་ཀྱི་གམ་དུ་འགྲོ་བའི་སྤོབས་པ་ཞིག་མ་མཆིས།
ན་སོ་དར་ལ་བབ་པའི་ཕོ་མོ་གཞོན་ནུ་དེ་གཉིས་ཀྱིས་སྐབས་འགར་ངོ་ཚ་དང་འཚེར་སྣང་ཡོངས་སུ་སྤངས་ནས། ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་ནང་གི་སྤྲེལ་དང་བདུད་མོ་དེ་ཚོ་ལྟར་འཛིང་བ་མཐོང་དུས། ངའི་སེམས་ནི་ཐུག་པ་གཟར་བུས་དཀྲུགས་པ་ལྟར་ལྷོད་པའི་གནས་དང་བྲལ། བརྩེ་དུང་ནི་འཐད་འཐད་འདྲ་ཡང་སྡུག་བསྔལ་མང་ལ། དེ་འདྲའི་སྤྲུལ་པའི་བརྩེ་དུངས་ལ་དམ་ཆོས་ཞུས་ཀྱང་ཡིད་ཆེས་དཀའ་བ་ལ་བསམ། འོན་ཀྱང་། ནམ་མཁའི་བྱ་ལ་བྱ་རོགས་དང་ས་གཞིའི་འབུ་ལ་འབུ་རོགས་ཞེས་བརྩེ་དུང་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་སྟོབས་ལས། དེ་ཡི་དོན་དུ་ཁོག་ནང་ནས་མེ་ལྕེ་འབར་ཀྱང་ཁ་ནང་ནས་དུ་བ་འདོན་མཁན་ཞིག་དཀོན་པ་མཐོང་དུས། བཙན་པོས་དབང་འགེལ་མི་ཐུབ་ལ་ཕྱུག་པོས་བླུས་ཀྱང་མ་ཐུབ། ཤིན་ཏུ་འབེལ་ལ་རྙེད་པར་དཀའ་ཞིང་དོན་ཆུང་ཡིན་ལ་དོན་ཆེན་ཞིག་ཀྱང་རེད་འདུག་བསམ།
དེ་རིང་ཕོ་མོ་དེ་གཉིས་ཀྱི་བརྩེ་དུང་གི་སྣང་བརྙན་དག་གསལ་གྱི་ལེར་མཐོང་དུས། དེ་ལ་བར་ཆད་མང་ཡང་རིན་ཐང་དཔོག་པར་དཀའ། དེ་ཡི་དོན་དུ་མི་སྐྲག་མི་དངངས་ཞུམ་པ་མེད། བཤད་པར་སླ་ཞིང་དཔྱད་པར་དཀའ་བའི་བརྩེ་དུངས་འདི་ཡི་གཏིང་མཐའ་རིང་བ་ལ་བསམ་ནས། དེའི་ཚེ་དགའ་སྐྱོ་འདྲེས་མའི་མིག་ཆུ་དྲོད་ལམ་ལམ་དུ་མཁུར་མགོ་རུ་བཞུར་ཚར།
ཉེ་འགྲམ་ནས་“བུ་བུ་་་” ཟེར་ནས་སྐད་སྒྲ་གསལ་ལ་མི་གསལ་བ་ཞིག་གིས་ང་རང་བོས་པ་ཚོར་བྱུང་པས། ང་ནི་བྱིས་པ་གཉིད་ལས་དཀྲོག་པ་ལྟར་གྱུར་ནས། མིག་གཉིས་འབུར་ཚུགས་ཀྱིས་ཞིབ་ལྟ་ཞིག་བྱས་པས། ཁོང་ནི་གཟིམ་ཤག་ཇ་ཁང་གི་ཨ་ཅག་ཟླ་སྐྱིད་ལགས་རེད་འདུག་པས། ང་ནི་ཁོང་ལ་ཁ་ཡང་རབ་ཏུ་སྐྱེངས་ནས་ཅི་བཤད་འདི་བཤད་མེད་པར་ཧར་གྱིས་ལངས་ནས། ཁོང་ལ་ཕྱིར་མིག་ཡང་འཕང་མ་ནུས་པར་ཉལ་ཁང་དུ་ལོག་སོང་བ་ཡིན་ནོ།
བཞི།
སྟོན་རླུང་བསིལ་མོ་ཞིག་གིས་དེད་པ་ལྟར་དོ་ནུབ་དཔེ་ཁང་གི་སྒོ་མོ་སྔ་ཙམ་བརྒྱབ་ནས་གཅེན་མོ་དང་མཉམ་དུ་ཟ་མ་ཟ་རུ་འགྲོ་འདོད་ཀྱི་འདུན་པ་ཞིག་ཤར་བྱུང་། དཔེ་ཁང་ནས་ཐོན་ནས་གཅེན་མོར་ཁ་པར་བཏང་སྟེ་དགའ་སྐྱིད་གླིང་སྡེ་ཁུལ་སྒོ་འགྲམ་དུ་སླེབས་དུས། རྒན་རྒོན་གཉིས་དགོང་རྒས་ཉི་མ་བསྲོ་བཞིན། མི་ཚེའི་རིན་ཐང་ལ་རྫོགས་ཚིག་འགོད་བཞིན་འདུག ང་ནི་རྒན་རྒོན་གཉིས་ཀྱི་མཚར་གཏམ་འདིར་མཚར་སྣང་སྐྱེས་ཏེ་ཉན་འདོད་ཀྱང་རང་བཞིན་དུ་བྱུང་བས། གཅེན་མོ་དང་མཉམ་དུ་ཟ་མ་ཟ་འདོད་ཀྱི་དང་ག་རེ་ཞིག་བརླགས། དེ་ནས་རྒན་རྒན་གཉིས་དང་བར་ཐག་ཇེ་ཉེ་རུ་བཏང་ནས། ཁོང་གཉིས་ཀྱི་མི་ཚེའི་མཚར་གཏམ་འདིར་ཕག་ཉན་བརྒྱབ་ནས་བསྡད་པ་ཡིན།
ད་དུང་མིག་ལམ་དུ་དམན་ཤར་ཞིག་ལམ་ལ་འགྲོ་བ་མཐོང་བྱུང་བས་དེར་བལྟས་ན་མིག་མདུན་གྱི་རྒན་མོ་དེ་དངོས་གནས་ན་ཚོད་སྨིན་འདུག འོན་ཀྱང་། ངའི་རྨོ་ལགས་དང་བསྡུར་ན་ཁོང་ནི་དམན་ཤར་ཞིག་རེད་འདུག་བསམས། ཞིབ་པར་བལྟས་ན། ཁོང་གི་དབུ་སྐྲ་ལ་དེང་དུས་དར་སོ་ཆེ་བའི་དབུ་སྐྲ་ནག་པོ་གཏོང་བྱེད་ཀྱི་བྱུག་རྫས་བྱུགས་འདུག་ལ། བཞིན་རས་ཧྲིལ་བོ་ཐལ་བའི་མདོག་དང་འདྲ་བར་སྐྱ་བོར་གྱུར་འདུག། གཉེར་མའི་འཚང་ག་ཡང་མེད་ལུགས་འདིར་བལྟས་ན། ཁོང་གིས་དང་དོད་ཚ་པོས་མཛེས་བཟོ་བྱས་པ་ཞིག་རེད་འདུག་སྙམ། དེ་དུས་ངའི་སེམས་སུ་ཞིང་གྲོང་ན་ཡོད་པའི་ངའི་རྨོ་ལགས་ཀྱང་། ཁོང་དང་འདྲ་བར་དང་དོད་ཚ་པོས་མཛེས་བཟོ་འདྲ་བྱེད་རྒྱུ་བྱུང་ན། དགུང་ལོ་ཡང་ཕལ་ཆེར་ཆུང་དུ་འགྲོ་ཤས་ཆེ་སྙམ་ནས། རང་དབང་མེད་པར་ཁེར་དགོད་ཁ་ཟུམ་མི་ཐུབ་པ་ཞིག་ཤོར་བྱུང་།
རྒན་མོ་ཁོང་གིས་སྐབས་འགར་ཞལ་འཛུམ་འཛུམ་དང་ཡིད་དུང་དུང་ངང་ཁུ་ཚུར་གྱིས་རྒད་པོའི་བརླ་སྟེང་ལ་རྡེག་བཞིན། ངས་ཟས་སྐྱོང་གོས་སྐྱོང་དང་ཁ་འཚོས་མིག་འཚོས་བྱས་ནས་ནར་སོན་པའི་བུ་དོན་གྲུབ་ཁོས། ད་ཆ་ཆུང་མ་ཡིད་དུ་འོང་བ་ཞིག་དྲུང་དུ་བླངས་འདུག་པས། རྒན་མོ་ངས་ད་ལྟའི་དུས་སུ་རེ་འདོད་བཅང་ས་ནི་ཁོ་གཉིས་ཀྱི་ཚ་བོ་ཚ་མོ་ཞིག་མགྱོགས་མྱུར་བཙས་ནས། རྒན་མོ་ངའི་པང་དུ་ལེན་རྒྱུ་བྱུང་བ་དང་། བུ་དོན་གྲུབ་ལྟར་དུ་གསོ་སྐྱོང་ལེགས་པ་ཞིག་མཛད་རྒྱུ་བྱུང་ན། གཅིག་ནི། ཁོ་གཉིས་ཀྱི་ལས་བྲེལ་ཁྲོད་རང་ཉིད་ཀྱི་བུ་ཕྲུག་ལ་ལྟ་སྐྱོང་བྱ་རྒྱུའི་འཁུར་པོ་འདི་ཡང་དུ་ཕབ་རྒྱུ་བྱུང་བ་དང་། གཉིས་ནི། རྒན་མོ་ང་ལའང་སྔར་སོང་གི་རང་ཉིད་ཀྱིས་མི་ཚེའི་མྱོང་རྒྱུས་བཤད་ས་ཞིག་ཀྱང་ཡོད་པས། དེ་དུས་རྒན་མོ་ངའི་འདོད་དོན་ཐམས་ཅད་ལྷུན་གྱིས་གྲུབ། དེ་ནས་འཆི་བ་ཟེར་བ་དེས་ང་རང་བོས་ཀྱང་འགྱོད་སྣང་དང་སྐྲག་སྣང་སྤུ་ཙམ་ཡང་མེད་པར་འགྲོ་ཆོག་ཆོག་ཡིན་ཟེར།
དེ་ནས་རྒད་པོའི་མགྲིན་པ་ཡང་བརྣངས་པར་གྱུར་ནས། ད་ག་རེད་ད། དེང་སང་གཞོན་ནུ་རྣམས་ནི་སྔོན་ཆད་ང་ཚོ་གཞོན་ནུའི་དུས་དང་མི་འདྲ་བར་དཀའ་ལས་རེད་འདུག ལས་བྲེལ་ཁོ་ནས་རང་ཉིད་ཀྱི་ཁྱིམ་ཚང་འདི་ནི་གནས་ཚང་ལྟར་དུ་བྱ་དགོས་འདུག ཞོགས་སྔ་ལངས་བྱས་ནས་རང་ཉིད་ཀྱི་བུ་ཕྲུག་སློབ་གྲྭར་སྐྱེལ་མ་མཛད་དགོས། ད་དུང་དེས་གང་ལ་ཚད། ཡང་མཚམས་མཚམས་སུ་དགོང་མོ་གཅིག་རྗེས་གཉིས་མཐུད་དུ་ལས་ཀ་འཕར་མ་བྱེད་དགོས་ཀྱི་འདུག ངོ་མ་དེང་སང་གི་གཞོན་ནུ་འདི་ཚོ་དཀའ་ལས་རེད་འདུག་ཟེར་ནས། རྒད་པོ་ཁོང་གིས་ཨམ་གཙིགས་དམ་པོར་བསྡམས་ནས་དབུགས་རིང་ཞིག་བཏང་སྟེ། དེང་སང་གི་གཞོན་ནུ་འདི་ཚོའི་ལས་ཀའི་དཀའ་ངལ་ལ་བལྟས་ན། ང་ཚོ་ནི་མི་རྟག་པས་ཁྲིད་ཀྱང་ཁྲིད་གོ་ཆོད་པ་མི་འདུག་ཅེས་མགོ་བོ་སྒུར་སྒུར་ངང་དུ་བ་གཅིག་སྣེ་གཅིག་མཐུད་ནས་འཐེན། མཐར་ད་ནི་ཉི་མ་ནུབ་རིར་ཡལ་སོང་། ངེད་གཉིས་ཀྱང་ལོག་རན་འདུག་ཟེར་ནས་རྒད་པོ་ཁོང་གིས་རྒན་མོ་སྐྱོར་ནས་དགའ་སྐྱིད་གླིང་སྡེ་ཁུལ་དུ་དབུགས་རིང་ནར་ནར་ངང་ལོག་ཕྱིན་སོང་།
རྒན་རྒོན་གཉིས་ཀྱི་སྐྱོ་ལ་དུང་བའི་སྐད་ཆ་འདིས་ངའི་ལུས་པོ་བཅིངས་ཟིན་པ་འདྲ། བསམ་ཤེས་དང་གུ་ཡངས་ཀྱི་སྐད་ཆ་འདི་དག་གིས་ངའི་སེམས་པ་རབ་ཏུ་སྨྲེང་བ་འདྲ། ཕག་ཉན་རྒྱག་ས་འདི་ནས་སྐབས་ཞིག་རིང་ལངས་ཀྱང་མི་ཐུབ་པར་རྒན་རྒོན་གཉིས་ཀྱི་རྒྱབ་གཟུགས་ལ་མིག་གཉིས་ཧུ་རེར་བལྟས་ནས། ཁོང་གཉིས་ནི་རང་ཉིད་ལ་རྒས་ཉི་མ་ཡིན་པ་མ་ཚོར་བར། ད་དུང་བུ་ཕྲུག་གི་འཁུར་པོ་སེལ་རྒྱུ་དང་། ཚ་བོ་ཚ་མོ་བྱམས་ཀྱིས་སྐྱོང་ལུགས་བཤད་པ་ཐོས་དུས། ང་ནི་ཁོང་གཉིས་ཀྱི་བསམ་བློའི་ཁོག་རྒྱ་དང་མིག་རྒྱང་གིས་ཡིད་འགུལ་ཐེསབ་ཏེ་ཆབ་ཁྲུས་ལྷུང་ལྷུང་དུ་འབབ་བྱུང་།
ད་དུང་ཁོང་གཉིས་ཀྱིས་འཆི་བ་ཟེར་བ་དེ་གླེང་དགོས་དོན་གང་ཡིན་ནམ། འཆི་བ་ལ་མི་སྐྲག་པ་ཅི་ཡིན། ཆུང་དུས་ཨ་མ་ལགས་ལ་འཆི་བ་ནི་གང་འདྲ་རེད་དམ་ཟེར་ནས་དེའི་སྐོར་སྐད་ཆ་མང་པོ་དྲིས་མྱོང་ཡང་། ཨ་མས་འཆི་ཚར་ན་ཚར་བ་རེད་ཟེར་བ་ལས། རྒྱུ་མཚན་ཁ་གསལ་གཏིང་གསལ་ཞིག་གསུངས་མ་མྱོང་། ཡང་སྙིང་འཆི་བ་ཟེར་བ་དེའི་དབྱིབས་དང་ཁ་དོག་གང་འདྲ་ཡིན་ནམ། ཡང་མིན་ན། འཆི་བ་ཟེར་བ་དེ་གནས་མལ་སྐྱིད་པོ་ཞིག་ཡིན་པ་མིན་འགྲོ། རྒན་རྒོན་ཁོང་གཉིས་ལོག་ཚར་ཡང་། ངའི་སེམས་གློ་བུར་དུ་ལུ་གུ་ལྡིང་ལྡིང་བྱས་ཏེ་ཧ་ལས་པའི་དོགས་གཞི་མང་པོ་ཞིག་བློ་ཕ་ལ་འདྲི་ས་མེད་པ་དང་། ཟས་མ་ལ་སློང་ས་མེད་པ་ལྟར་དུ་ལུས་སོང་།
ལྔ།
བདག་དཔེ་ཁང་ནས་ཉལ་ཁང་བར་ལོག་པའི་ལམ་བར་དུ་བཅོས་མིན་གྱི་བྱིས་པ། བརྩེ་བའི་རིན་ཐང་གིས་ཕྱུག་པའི་གཞོན་ནུ། ཉི་མ་ལ་རྒས་ཀྱི་རྒན་རྒན་ཁོང་ཚོ་དང་ཕྲད་ཡོང་དུས། བྱིས་དུས་ཀྱི་འཚོ་བ་ལ་ཕྱིར་སློག་ཅིག་འཕེན་པ་ན། བདག་རྨི་ལམ་མ་ཡིན་པའི་རྨི་ལམ་གྱི་ཞིང་ཁམས་ནས་ཡོལ་ཟིན་པ་ཤེས་ཤིང་། ཞིང་ཁམས་དེར་ལོག་འདོད་ཀྱི་འདུན་པ་ཡལ་བར་དཀའ། ཉལ་མ་བསྙེས་ལ་ལག་གཉིས་ཀྱིས་མགོ་བོ་སྐྱོར་ནས་བརྩེ་དུང་གི་ཡིག་འབྲུ་གཉིས་པོ་འདིར་མནོ་བསམ་ཞིག་གཏོང་དུས། ཨ་མའི་ནུ་ཞོས་བརྩེ་བར་བསྐྱངས་པའི་ལུས་འདི་བརྩེ་དུངས་དོན་དུ་འདོར་དགོས་བྱུང་ཡང་ཨ་བསོད་མིན་ནམ་སྙམ་པ་ལས་འགྱོད་སེམས་ཅི་ཡང་མེད། ད་ལྟའི་གཞོན་ནུ་རྣམས་ཀྱི་བརྩེ་དུང་གི་རིན་ཐང་ཅི་འདྲའི་གཞལ་བར་དཀའ་བ་ལ་བསམས། རྒན་རྒོན་ཁོང་གཉིས་ཀྱི་ཁོག་རྒྱ་དང་གུ་ཡངས་ཀྱི་སྐད་ཆ་དེ་ཚོ་སེམས་པའི་བྲག་ཆར་འཁོར་ཐེངས་རེར། རང་ཉིད་སྐྲ་ལོ་དཀར་པོར་གྱུར་བ་དང་གདོང་ལ་རྒས་པའི་གཉེར་མ་འདུས་ཡོད་པ་ཤེས་དུས། སྐབས་སྐབས་སུ་སེམས་ཁྲལ་གྱི་སྙིང་ཁ་ལྡིག་ལྡིག་གིས་འཕར་བ་དེའང་། རེ་ཞིག་ལ་བརྟན་ལྷིང་གི་བདེ་ལ་བཀོད་སོང་།
ལམ་རིང་ཐུང་བར་ན་མི་ཚེའི་གོ་རིམ་གྱི་གཏམ་རྒྱུད་ཡོད། དེ་ང་ཚོ་ཚང་མས་འབྲི་ཐུབ་ལ་འབྲི་ཡང་ཆོག བརྗོད་ཐུབ་ལ་བརྗོད་ཀྱང་ཆོག ང་ཚོ་ཚང་མའི་གཏམ་རྒྱུད་འཚོལ་དུ་འགྲོ་འདོད་ན། ལམ་ལ་འགྲོ་ཞོར་དུ་འཚོལ་དགོས་སྙམ། ལམ་གྱི་མཐོང་སྣང་ནི་མི་ཚེའི་གོ་རིམ་ཡིན། ང་ཚོ་ཚང་མ་འགྲོ་སའི་ལམ་གྱི་སྣེ་མོ་ནས་མཇུག་མ་རྫོགས་བར་དུ་མི་ཚེའི་རི་མོ་གསལ་ཐིང་ཐིང་བཀོད་ཡོད་པས། ང་ད་དུང་ཡང་ལམ་གྱི་མཐོང་སྣང་སོ་སོར་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་བའི་ཚུལ་དུ་གནས་སོ།།