བོད་ལྗོངས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བོད་སྐད་ཡིག་ལས་དོན་གྱི་གཙོ་རྐང་དུ་མཐའ་འཁྱོངས་འཛིན་པ་དང་། མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཧུར་ཐག་གཏོང་བ། ཤེས་དཔལ་དང་ཚད་ལྡན་ངང་ཡི་གེ་སྤྱོད་པ། ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་སྲུང་སྐྱོང་བྱེད་པ་བཅས་ལ་བརྟེན་ནས་གྲོང་མི་མང་ཚོགས་ཀྱི་བློ་ཡིད་ཚིམ་པར་བྱས་ཡོད། རྒྱ་ཆེའི་གྲོང་མི་མང་ཚོགས་ལ་ཡང་དག་པའི་རྒྱ་བོད་ཡིག་སྒྱུར་གྱི་ཞབས་འདེགས་ཞུ་ཆེད། གྲོང་ཁྱེར་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཡིག་སྒྱུར་སྐར་ཁུང་བཙུགས་ཏེ། བརྡ་ཁྱབ་སྒོ་བྱང་དང་ཁེ་ལས་དང་བྱ་གཞག་ཚན་པའི་འཕྲེད་འགེལ་ཡིག་རིགས་སོགས་བཟོ་བར་རྒྱ་ཡིག་ཡིག་འབྲུ་50དང་བོད་ཡིག་ཡིག་འབྲུ་100ནང་ཚུན་རིན་མེད་ཡིག་སྒྱུར་གྱི་ཞབས་འདེགས་ཞུ་བཞིན་ཡོད། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས་ལྗོངས་ཡོངས་ཀྱི་སྔོན་ལ་དྲ་ཐོག“ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཐོག་སྤྱོད་པའི་བོད་སྐད་ཡིག་ཐེར་འདོན་བྱེད་ལམ”བཟོས་ཤིང་། ཐེར་འདོན་བྱེད་ལམ་སྤྱོད་འགོ་ཚུགས་ཚུན། ཐེར་འདོན་ཐེངས་189དང་ཡི་གེ་339འབྱོར་བའི་གྲས་སུ་ལམ་བྱང་དང་། བརྡ་ཁྱབ་སྣ་ཚོགས། ཚོང་དུད་ཀྱི་སྒོ་བྱང་། འཕྲེད་འགེལ་ཡིག་རིགས་སོགས་ཀྱི་ནང་དོན་ཡིན་པ་དང་། མིག་སྔའི་བར་ཐེར་འདོན་111དང་ཡི་གེ་236ཐག་གཅོད་བྱས་པ་དང་། ཐག་གཅོད་ཐུབ་ཚད་70%ཟིན་ཡོད། དྲ་ཕྱིར་གྲོང་ཁྱེར་དང་རྫོང(ཆུས)རིམ་པ་གཉིས་ཀྱི་སྤྱི་ཚོགས་ཐོག་སྤྱོད་པའི་བོད་སྐད་ཡིག་ཞིབ་བཤེར་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། ལོ་ལྟར་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ཐོག་སྤྱོད་པའི་ཡི་གེའི་གནས་ཚུལ་ལ་དུས་ངེས་མེད་ཀྱི་ཞིབ་བཤེར་བཅོས་སྒྲིག་བྱས་ཤིང་། ཉེ་བའི་ལོ་ཤས་རིང་ལོ་རེར་ཆ་སྙོམས་ཞིབ་བཤེར་བཅོས་སྒྲིག་བྱེད་ཚད་ཁྲི་1.5ཟིན་ནས་དག་ཐེར་ལེགས་གྲུབ་ཐུབ་ཚད་97.3%ཟིན་ཡོད།