ཚ་རྔ་འགག་ནི་རྨ་ཆུ་སྔོན་མོ་མཚོ་སྔོན་གྱི་རྩྭ་ཐང་ཆེན་མོའི་ས་ཆར་བརྒྱུད་རྗེས་གྲོག་རོང་ཁུལ་དུ་ཐོན་སྐབས་འཕྲད་པའི་གྲོག་རོང་དང་པོ་ཡིན་ཞིང་། གྲོག་རོང་དེའི་རིང་ཚད་ལ་སྤྱི་ལེ40དང་ཞེང་ཚད་ལ་སྤྱི་ལེ9ཙམ་ཡོད་པ་དང་། རྨ་ཆུ་ནི་དེའི་བར་ན་རྒྱུ་བཞིན་ཡོད། གྲོག་རོང་གི་ངོགས་གཉིས་ཀྱི་ཕྱོགས་གཅིག་ཏུ་བྲག་རི་གཟར་མོ་གནམ་ལ་ཀ་བ་ཟུག་འདྲ་ལྟར་སྣང་ཞིང་། ཅིག་ཤོས་སུ་རྒྱུན་ཆད་མེད་པའི་ས་རྒོད་ཡོད། བར་དུ་ཁོད་ཡངས་པའི་གཞོང་ས་ཡོད་སྟབས། གྲོག་རོང་ཁུལ་དེ་རང་བྱུང་གི་མཛོད་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཚ་རྔ་འགག་ནི་མིག་སྔའི་རང་རྒྱལ་གྱི་མཚོ་འཕགས་ཆེས་མཐོ་བའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་གློག་འདོན་ས་ཚིགས་ཆེན་པོ་ཞིག་ཡིན་པ་དང་། དེ་ལ་རྨ་ཆུའི་ཆུ་རགས་དང་པོ་ཞེས་པའི་མིང་ཐོགས་ཡོད་ཅིང་། ཆུ་རགས་ཀྱིས་རྨ་ཆུ་བཀག་པ་དང་གྲོག་རོང་ཁུལ་དུ་མཚེའུ་བྱུང་ཡོད། གྲུ་ལ་བསྡད་དེ་གྲོག་རོང་གི་དཀྱིལ་ནས་བསྐྱོད་ན། ཆུ་དང་གནམ་གཉིས་གཞི་གཅིག་ཏུ་འདྲེས་པའི་རང་བྱུང་གི་མཛེས་ལྗོངས་ཚོར་ཐུབ།
ཚ་རྔ་འགག་གྲོག་རོང་ཆེན་པོ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་རྔམ་བརྗིད་ཆེས་ཆེ་བའི་གྲོག་རོང་ཚོགས་ཤིག་ཡིན་པའི་ཆ་ནས། གྲོག་རོང་གི་ལོགས་གཉིས་ནས་མཐོང་བའི་གཡང་གཟར་གྱི་བར་དུ་རྒྱུ་བའི་གནའ་བ་དང་རང་དགར་འཕུར་བའི་ཆུ་བྱ་སོགས་རི་སྐྱེས་སྲོག་ཆགས་ཡོད་པ་ལས། ཡུལ་འདིའི་སྐྱེ་ཁམས་ཞི་མཐུན་གྱི་རྣམ་པ་ཞིག་ངོམ་ཡོད།
ཚ་རྔ་འགག་གློག་འདོན་ས་ཚིགས་བསྐྲུན་རྗེས། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ383དང་སྤྱིའི་ཤོང་ཚད་ལ་སྨི་ལྷམ་པ་དུང་ཕྱུར246ཡོད་པའི་མིས་བཟོས་མཚེའུ་ཆེན་པོ་ཞིག་ཆགས་པ་དང་། འདི་ནི་རང་རྒྱལ་གྱི་མཚོ་འཕགས་ཆེས་མཐོ་བའི་མིས་བཟོས་མཚེའུ་ཡིན། ཡུལ་འདི་ན་རྡོ་ཆས་རྙིང་བ་དང་རྡོ་ཆས་བར་མ། རྡོ་ཆས་གསར་བ་བཅས་དུས་རབས་ཁག་གི་རིག་གནས་ཤུལ་རྗེས་ཡོད།
ཚ་རྔ་འགག་ཆུ་མཛོད་ནང་གི་བལྟས་ན་མཐའ་མི་མཐོང་བའི་མཚོ་ཆུ་ནི་དྭངས་ཤིང་གཙང་བ་དང་། འབག་བཙོག་ཏུ་བཏང་མེད་པའི་ཆུ་ནི་ལྗང་མདོག་གསོ་ཚགས་ཀྱི་རྟེན་གཞི་དང་ཆུ་ཐོག་རོལ་རྩེད་སོགས་བྱེད་པའི་ས་ཆ་ལེགས་ཤོས་ཡིན་པར་མ་ཟད། ད་དུང་འགྲམ་ངོགས་སུ་རི་འཛེགས་དང་རྨ་ཆུའི་གནའ་ལམ་རྟོག་ཞིབ། ཆུ་ཐོག་སྦྱོང་བརྡར་འགྲན་བསྡུར་སོགས་བྱེད་པའི་གནས་བཟང་ཤོས་ཤིག་ཀྱང་ཡིན།
གློག་འདོན་ས་ཚིགས་ཆེན་པོ་ཞིག་བསྐྲུན་པ་ལས། ཡུལ་འདི་ནི་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེས་ཆེ་བའི་གནས་ཤིག་ཏུ་གྱུར་པ་དང་། དྭངས་གཙང་གི་རྨ་ཆུ་ལོང་ལོང་དུ་འབབ་པ་ལས། གཅིག་ཤོར་སྟོང་ཉིལ་གྱི་བརྗིད་ཉམས་མཛེས་རིས་ཤིག་གྲུབ་ཡོད།