རླུང་གིས་དེད་པའི་ཚེ་སྲོག

ཧོར་ཚང་བསྟན་འཛིན་ཕུན་ཚོགས། (ཡུལ་ཤུལ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-02


ཁ་བ་བབས་སོང་། ཁ་འབབ་ཚུལ་ནི་ཧ་ཅང་མྱུར་བས་རི་ལུང་ཡོད་ཚད་སྐད་ཅིག་མར་དཀར་བོང་བོང་དུ་བསྒྱུར་ཅིང་། སྡེ་འདབས་ཀྱི་ཐལ་ལམ་སྐྱ་ཤུར་ཤུར་དེའང་ཤུལ་ཙམ་མེད་པར་བསུབ།


 རྒན་པོ་ཆོས་བཟང་གིས་མདང་ནུབ་བསྐོལ་བའི་ཤ་ཁུ་ལྷག་མ་ཡར་ཐབ་ཏུ་བཙུགས་ཤིང་ཐབ་ཁོག་ཏུ་ཨོང་བ་སྤར་མོ་གང་ཁ་སྣོན་བྱས་རྗེས། དོན་དག་ཅིག་ལ་མནོ་བསམ་བགྱི་བ་ལྟར་ཁྱིམ་ནས་ཕར་འགྲོ་ཚུར་འོང་ཡང་ཡང་བྱེད་ཅིང་། མཚམས་རེ་སྒེའུ་ཁུང་ལས་ཕྱི་རོལ་དུ་ལྟ་ཙམ་བྱེད། ཕྱི་རོལ་དུ་ཁ་བ་ཟོ་ཁས་བྱོ་བ་བཞིན་འབབ་པ་མཐོང་ཚེ་ཁོའི་གོམ་པའི་འདེགས་འཇོག་ཀྱང་ཇེ་མྱུར་དུ་འགྲོ། སིར་སྒྲ་ཞིག་དང་ལྷན་སྣ་ལམ་དུ་འཚིག་དྲི་ཁ་བོ་ཞིག་འཐུལ་ཚེ། རྒན་པོས་ཕུ་ཐུང་ལག་རས་བྱས་ཏེ་ཤ་ཁུ་བསྐོལ་སའི་སྣོད་ཐང་དུ་ཕོག་ཅིང་། ཤིང་དུམ་བུ་ཁ་ཤས་ལྕགས་སྐུད་ཀྱིས་ལྷུ་ལག་སྦྲེལ་ནས་བཟོས་པའི་སྣོད་ཁྲིའི་ཐོག་ནས་དཀར་ཡོལ་སྔོ་ནག་ཅིག་བླངས་ཤིང་། ཤ་ཁུ་དེའི་ཕྱེད་ཙམ་བླུགས་ཏེ་གཡས་ལོག་གི་ཉལ་ཁང་སྟབས་བདེའི་ནང་དུ་འཛུལ།


 “འཚོ་མོ། ཤ་ཁུ་ཅུང་ཙམ་ཐུངས་དང་།”དཀར་ཡོལ་སྔས་འགྲམ་གྱི་ཤིང་སྒམ་རྙིང་བ་དེའི་ཐོག་ཏུ་བཞག་རྗེས། བྱང་ཆ་ལྡན་པའི་ངང་ལག་གཡས་ཀྱིས་འཚོ་མོའི་རྒྱབ་ནས་ཡར་བསྐྱོར་ཅིང་ལག་གཡོན་གྱིས་དཀར་ཡོལ་འཚོ་མོའི་ཁ་འགྲམ་དུ་བསྲིང་། འཚོ་མོས་དབུགས་རིང་ཞིག་ཕྱུང་སྟེ་བྱིའུ་དམར་རྗེན་མ་ཞིག་གིས་བྱེའུ་མ་མཐོང་བ་ལྟར་དུ་ཁ་གདང་ཡོང་། རྒན་པོས་ཁེམ་བུ་གང་རེ་གང་རེ་བྱས་ཏེ་ཤ་ཁུ་ཕོར་ཕྱེད་དེ་འཚོ་མོར་བླུད་ཅིང་སླར་ཡང་ཉལ་ཁྲི་རུ་བསྙལ། འཚོ་མོའི་ཡ་ཐོད་ནས་རྔུལ་ཆུ་ཟམ་མི་ཆད་པ་བརྡོལ་ཏེ་སྐམ་རིད་དུ་གྱུར་པའི་འགྲམ་པ་རུ་བཞུར། རྒན་པོས་རང་ཉིད་ཀྱི་ཕུ་ཐུང་གིས་འབྱིད་པར་བྱས། འཚོ་མོས་ཧ་ཅང་བཟོད་དཀའ་བའི་ངང་སྒེའུ་ཁུང་ཕྱི་རོལ་དུ་ཡུན་རིང་ཅེར་ཞིང་། སེར་ཀ་གས་པའི་མཆུ་ཏོ་མཆིལ་མས་བརླན་ཙམ་བྱས་ཏེ“ཁྱོད་དེ་་་་་རིང་མ་འགྲོ”ཞེས་ཚིག་འབྲུ་ཆ་ཡ་འཐོར་བ་ཞིག་བཙིར།


 “ངས་ཁྱོད་ལ་སྨན་ཞིག་ལེན་ནས་ཡོང་།”རྒན་པོས་ངག་འཇམ་པོ་དང་སྐད་དམའ་མོས་དེ་ལྟར་ལན་བཏབ། འཚོ་མོས་ཁྱོ་གའི་གདོང་བ་རུ་ལྟ་ཙམ་བྱས་ཏེ་ཧ་ཅང་སྒྱིད་ལུག་ངང་མིག་ཟུང་དལ་གྱིས་བཙུམ།


 རྒན་པོས་དྲེག་པ་ཆགས་ནས་ཁ་མདོག་མི་གསལ་བའི་སྟོད་ལྭ་མཐུག་པོ་ཞིག་གྱོན་ཅིང་། སྐེ་དཀྲིས་ནག་པོ་ཞིག་གིས་ཁ་ངོ་མིག་ཟུང་ལས་མི་མཐོང་བར་བཏུམ་རྗེས། སྒོ་རའི་ནང་དུ་ཁེར་རྐྱང་དུ་ལུས་པའི་འཕྲུལ་རྟ་ཞོན་ནས་ལམ་ལ་ཆས་མ་ཐག རླུང་གིས་དེད་པའི་ཁ་བ་ནི་མེ་སྟག་བཞིན་ཁོའི་མིག་ནང་དུ་འཁྱག་སིབ་སིབ་ཏུ་འཐོར། སྐབས་དེར་རྒན་པོའི་དྲན་པའི་རྩིག་ལྡེབས་སུ་འཁོར་ཡོང་བ་ནི་མཁན་པོས་ཁོ་ལ་སྒོ་བཤས་སྤངས་པར་དྲན་རྟེན་དུ་གནང་བའི་མིག་ཤེལ་ནག་པོ་དེ་ཡིན། ཉིན་དེར། མཁན་པོས་ཤ་སྤང་དགོས་པའི་བཀའ་སློབ་འདི་ལྟར་གནང་སྟེ། ཁྱོད་ཚོས་རང་ཉིད་ཀྱི་ལག་པས་དབུགས་སྐར་ཆ་གཅིག་ལ་ཁོག་དང་།བཟོད་བསྲན་དོ་བ་ག་ཚོད་འདུག ཁྱོད་ཚོས་རང་གི་དཔུང་ཤ་ནས་སེན་འབྲེད་ཙམ་བྱོས་དང་། ཚ་ན་གཟེར་ཟུག་ག་ཚོད་འདུག བཤད་ཀྱིན་བཤད་ཀྱིན་མིག་ཆུ་ཕྲུམ་ཕྲུམ་དང་། ངུ་སྐད་འདྲེས་མས་ང་ཚོ་ནི་ནང་པ་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པ་མ་ཚད། བྱམས་དང་སྙིང་རྗེ་ཅན་གྱི་བོད་མི་ཡིན་པས་ཤ་སྤང་རྒྱུ་ནི་ཧ་ཅང་གལ་ཆེ་ཨང་ཞེས་གསུང་ནའང་། ཆོས་ར་ནི་མི་མེད་ལུང་སྟོང་ཇི་བཞིན་ལྷིང་འཇགས་སུ་གནས། བར་སྐབས་ཤིག་ལ་སྔོན་གྲལ་ནས་རྒན་པོ་ཆོས་བཟང་ཡར་ལངས་ཏེ“ངས་སྒོ་བཤས་སྤང་རྒྱུ་ཡིན”ཞེེས་ངག་འདར་གྱིན་བཤད། རྒན་པོའི་གདོང་བ་རུ་རྒྱལ་ཁའི་འཛུམ་མདངས་ཤིག་མངོན། མཁན་པོས་ཁོའི་ཕྱོགས་ལ་ལག་བརྡ་ཡང་ཟོར་ལྡན་པ་ཞིག་གནང་བས། ཁོའང་གཉའ་བ་སྒུར་སྒུར། ལྕེ་སྣེ་ནར་ནར་གྱིས་མཁན་པོའི་སྐུ་མདུན་དུ་བཅར། མཁན་པོས་གཡས་འགྲམ་གྱི་ཁུག་མ་ལས་བྱིན་རྟེན་ཆུན་པོ་གསུམ་ཁོའི་ལག་ཏུ་བཞག་ཅིང་། ད་དུང་ཡིད་སེམས་མ་ཚིམ་པ་ལྟར་དུ་གདོང་བ་རུ་མནབས་པའི་མིག་ཤེལ་ནག་པོ་དེའང་ཁོའི་ཕྱོགས་སུ་བསྲིང་། རྒན་པོ་ཁེར་རྐྱང་དུ་འགྲེང་པའི་ཐོ་ཡོར་ཇི་བཞིན་གྲག་འགུལ་ཅིའང་མེད་པར་ཧད་ནས་ལུས། མཁན་པོ་ཁྲི་ཐོག་ནས་ཡར་བཞེངས་ཏེ་མིག་ཤེལ་ནག་པོ་དེ་ཁོའི་རུམ་དུ་བཅུག་སོང་།


 རྒན་པོས་མིག་ཤེལ་ནག་པོ་དེ་དང་།  རྨོ་བོས་ཉི་མ་ལྷ་ས་ནས་ཁྱེར་ཡོང་བའི་གནས་རྡོ་གཉིས་ལྷན་དུ་མཆོད་སྒམ་ཐོག་ཏུ་བཤམས་ཡོད། མཆོད་སྒམ་དུ་ད་དུང་ཉིན་མཚན་དབྱེར་མེད་དུ་མཆོད་མེ་རྐང་གཅིག་དམར་ལྷབ་ལྷུབ་ཏུ་སྦར་ཡོད་པ་དྲན་ཚེ། རྒན་པོའི་ལུས་སེམས་གཉིས་ཀ་དྲོད་ཁོལ་ཁོལ་ཏུ་གྱུར། འོན་ཏེ། དམར་ལྷབ་ལྷུབ་ཏུ་འབར་བའི་མཆོད་མེའི་འོད་ཟེར་ལས་འཚོ་མོའི་སྐད་རིམ་གྱི་གདོང་བ་རེ་གསལ་རེ་མོག་ཏུ་མངོན་བས། རྒན་པོའི་ལུས་སེམས་གཉིས་ཀ་སླར་ཡང་གྲང་ཤུར་ཤུར་དུ་གྱུར།


 ལོ་འདིའི་སྟོན་ཁ། གོང་རིམ་གྱི་བཀའ་མངགས་ལྟར་ཁུལ་ཐོག་ནས་སྨན་པ་སྐོར་ཞིག་སྡེ་བར་ཡོང་སྟེ། དབུལ་སྐྱོར་གྱི་གྲལ་དུ་ཚུད་པའི་སྡེ་མི་ཚོ་ལ་རིན་མེད་ཀྱིས་བརྟག་དཔྱད་བྱས། སྐབས་དེར་སྨན་པ་ཞིག་གིས་འཚོ་མོ་ལ་གློ་གཅོང་གི་ནད་ཡོད་ཤས་ཆེ་བས། ཁུལ་ཐོག་ཏུ་སོང་ནས་ནད་བཅོས་དགོས་པའི་སྐུལ་མ་གནང་། སྐད་ཆ་དེ་དབུལ་སྐྱོར་རོགས་དངུལ་ཙམ་ལ་བརྟེན་ནས་འཚོ་བ་རོལ་བའི་ཁོང་ཚང་ལ་མཚོན་ན་སྐྱ་ཟད་སྔོ་གཏུགས་ཀྱི་སྐབས་སུ་གངས་གུད་བྱུང་བ་དང་གཉིས་སུ་མ་མཆིས། རེད་དེ། སྐྱིད་སྡུག་དགོ་བའི་རྭ་དཀྲི་ལྟར་མྱངས་ནས་ཡོང་བའི་རྒན་པོས་དབུལ་སྐྱོར་རོགས་དངུལ་ཡོད་ཚད་མ་ཟད་པའི་བར་དུ་འཚོ་མོ་ཁུལ་སྨན་ཁང་དུ་ནད་བཅོལ་བྱས་ནའང་དྲག་སྐྱེད་མ་བྱུང་བས། འུ་ཐུག་ཐབས་ཟད་ངང་ཡུལ་ལ་ལོག་སྟེ་སྡེ་བའི་ནང་གི་ཨ་ཁུ་སྨན་པ་ཞིག་ཡོད་པ་དེ་ལ་བཅར་མགོ་རྩོམ། སྨན་པས་འཚོ་མོའི་ལག་མགོའི་མཁྲིག་མ་རུ་འཇུས་ཏེ་རྩ་བརྟག་བྱས། དེའི་རྗེས་འཚོ་མོའི་ཚྭ་ཆུ་ཐུར་མ་ཞིག་གིས་ཡར་དཀྲུག་མར་དཀྲུག་འགའ་བྱས་ཏེ། ཚྭ་ཆུ་དཀྲུག་པའི་ལྦུ་བ་དག་མིག་གིས་ཕུར་ཚུགས་བལྟས་རྗེས། ཚགས་ཤོག་ཏུ་བཏུམ་པའི་བོད་སྨན་ཐུམ་བུ་འགའ་རེ་རྒན་པོའི་ལག་ཏུ་སྟེར་རྗེས། ཉམས་ང་བའི་འཚོ་མོ་ལ་ཆ་རྐྱེན་འཛོམས་ན་རྟ་འོ་དང་། སྤྱང་ཀིའི་ཤ་ཟོས་ན་ཕན་པ་ཆེ་ཞིང་། འབྲི་ཞོ་དང་ཤ་ཁུ་ནི་དུས་རྒྱུན་དུ་འཐུང་སྟེ་ལུས་པོ་གསོ་དགོས་པར་གསུང་། སྐབས་དེར་འཚོ་མོས་འོད་མདངས་ཉམས་པའི་མིག་གིས་ཁྱོ་ག་ལ་ལྟ་ཙམ་བྱས་སོང་།


 དེ་ནས་བཟུང་། རྒན་པོས་ཨ་ཁུ་སྨན་པས་གསུང་བའི་ཟས་རིགས་དེ་དག་ལ་མནོ་བསམ་བཏང་། དབུལ་སྐྱོར་རོགས་དངུལ་ཡོད་ཚད་སྨན་ཡོན་དུ་རྫོགས་ཚར་བས། ད་ནི་འབྲི་ཞོ་ལས་གཞན་པའི་བཟའ་ཆས་དག་གང་ནས་ལོན་ཐབས་བྱའམ། རྒན་པོས་བསམ་བློ་ཡང་ཡང་བཏང་མཐར། སྒོ་བཤས་མ་སྤང་པའི་ཁྱིམ་ཚང་དག་ལ་ཤ་སློང་རྒྱུ་ལས་ཅིའང་མ་དྲན། དང་ཐོག་སྤུན་ཉེ་གཙོ་གྲས་དག་ལས་ཤ་ཉུང་ཙམ་རེ་སློང་པར་བྱས། ཕྱིས་སུ་རྒན་པོ་ཆོས་བཟང་གིས་ཤ་སློང་པའི་གནས་ཚུལ་དེ་སྡེ་བ་ཡོངས་སུ་ཁྱབ་ཅིང་། གཏམ་འཆལ་འདྲ་མིན་སྣ་ཚོགས་རླུང་གིས་དེད་པའི་ཁ་བ་བཞིན་རྒན་པོའི་རྣ་ལམ་དུ་ལྷུང་དུས། རྒན་པོ་སོམ་ཉི་ཡི་རྒྱ་རུ་ཉིན་མཚན་དུ་མར་ཚུད་ནའང་། མཆོད་མེའི་འོད་ཟེར་ལས་ལྡོག་འོད་ལམ་ལམ་དུ་འཚེར་བའི་མིག་ཤེལ་ནག་པོ་དེ་མཐོང་དུས། ཁོའི་སེམས་པའང་རིམ་གྱིས་བདེ་རུ་བབས་ཡོང་།


 ཁ་བ་སྔར་བཞིན་འབབ། རྒན་པོས་རྐང་པ་འཕྲུལ་རྟའི་གཞོག་གཉིས་སུ་དྲུད་དེ་འཁོར་འདྲེད་བྱུང་བར་དོགས་ཟོན་ཆེན་པོས་ལམ་ལ་ཆས། དེ་ནི་ཞོ་ཟེའུ་ནང་དུ་ལྷུང་བའི་འབུ་སྲིན་ཇི་བཞིན་གཡོ་འགུལ་ཧ་ཅང་ཕྲ། དེ་ལྟར་ཡུན་རིང་ཞིག་ལ་སོང་སོང་མཐར། གཞི་ནས་ཨ་ཁུ་སྨན་པའི་ཁྱིམ་དུ་འབྱོར། ཨ་ཁུ་སྨན་པས་གངས་མི་རུ་གྱུར་པའི་མི་ཞིག་གློ་རྡེག་ཏུ་ནང་དུ་འཛུལ་ཡོང་བ་མཐོང་ཚེ། ལྕགས་ཐབ་ཀྱི་འགྲམ་དུ་ཧད་དེ་ལུས། རྒན་པོས་ངང་ཚུལ་དེ་མཐོང་འཕྲལ་ཁ་ངོ་བཏུམ་ཆས་ཀྱི་སྐེ་དཀྲིས་ནག་པོ་དེ་བཀྲོལ་བས། ཨ་ཁུ་སྨན་པས་རྒན་པོ་ཆོས་བཟང་ཡིན་པ་ངོ་ཤེས་པ་ལྟར་དུ། ལག་རས་རྙིང་བ་ཞིག་ཁྱེར་ཡོང་ནས་རྒན་པོའི་ལུས་ཐོག་ཁ་བ་གཙང་མར་སྤྲུག་ཅིང་། ལྕགས་ཐབ་འགྲམ་གྱི་རྐུབ་སྟེགས་དེར་སྡོད་དུ་བཅུག


 “ཤ་ཟོས། ཤ་ཟོས། ཁྱོད་ཐོན་ཚོད་ཏག་ཏག་འགྲིག་སོང་། ”


 ཨ་ཁུ་སྨན་པས་ཡར་ཐབ་ཀྱི་སྣོད་ལས་རླངས་པ་འཕྱུར་བའི་ཤ་རྡོག་གསུམ་བཞི་ཞིག་སྡེར་མ་རུ་ཕོག་སྟེ་ཅོག་ཙེའི་ཐོག་ཏུ་བཞག་ཡོང་། ཁོང་གཉིས་བར་ལ་སྨྲ་བ་ཅིའང་མེད་པ་ཤ་ཟོས་ནས་བསྡད། བར་སྐབས་དེར་རྒན་པོས་ཁོ་རང་ནད་བདག་ཡིན་པ་བརྗེད་སོང་བ་འདྲ། ཨ་ཁུ་སྨན་པས་ཁོ་རང་སྨན་པ་ཡིན་པ་བརྗེད་སོང་བ་འདྲ། དེ་ལྟར་ཤ་ཡིས་འགྲངས་ཤིང་ཇ་ཡིས་སྐོམ་པ་སེལ་རྗེས། རྒན་པོས་དྲེག་པ་ཆགས་ནས་ཁ་མདོག་མི་གསལ་བའི་སྟོད་ལྭའི་ཁུག་མ་ལས་དམ་བེ་རུ་བླུགས་པའི་འཚོ་མོའི་ཚྭ་ཆུ་བླངས་ཏེ་ཁོའི་ཡོང་དོན་ཞུས། ཨ་ཁུ་སྨན་པས་འཚོ་མོའི་ཚྭ་ཆུ་དཀར་ཡོལ་ཁ་ཆག་ཅིག་ཏུ་བླུགས་ནས་ཐུར་མ་ཞིག་གིས་ཡར་དཀྲུག་མར་དཀྲུག་འགའ་བྱས་ཏེ། ཚྭ་ཆུ་དཀྲུག་པའི་ལྦུ་བ་དག་མིག་གིས་ཕུར་ཚུགས་སུ་བལྟས། སྐབས་དེར། རྒན་པོས་ཨ་ཁུ་སྨན་པའི་གདོང་བ་རུ་ཕུར་ཚུགས་སུ་ཅེར་ནས་ཡོད། འོན་ཏེ་ཨ་ཁུ་སྨན་པས་ཁོ་ལ་ལྟ་ཙམ་ཡང་མི་བྱེད་པར་ཚ་རུའི་སྟོད་འགག་ཡར་བརྫེས་ཏེ། གོས་ཆེན་སེར་པོས་བཟོས་པའི་སྲུང་འཁོར་ལས་བྱིན་རྟེན་རིལ་བུ་གསུམ་བཏོན་ཏེ་ཁོའི་ལག་ཏུ་བཞག 


 “བྱིན་རྟེན་དེ་བྱིན་རླབས་ཆེན་པོ་ཡིན། ནད་པའི་ཁ་རུ་ཐོན་པར་གྱིས།”ཨ་ཁུ་སྨན་པའི་སྐད་ཆ་དེ་དག་རླུང་གིས་དེད་པའི་ཁ་བ་བཞིན་རྒན་པོའི་སེམས་པ་རུ་འཁྱག་སིབ་སིབ་ཏུ་ཟགས། ཁོས་ཨ་ཁུ་སྨན་པ་ལ་ཡ་ལན་ཙམ་ཡང་མ་བྱིན་ཞིང་། སྐེ་དཀྲིས་ནག་པོ་དེའང་མ་དཀྲིས་པར་འཕྲུལ་རྟ་ཞོན་ནས་ལམ་ལ་ཆས།


 རླུང་གིས་དེད་པའི་ཁ་བ་མེ་སྟག་བཞིན་རྒན་པོའི་ཁ་མིག་ཏུ་འཐོར་ནའང་། སྐབས་དེར་རྒན་པོའི་དྲན་འཛིན་གྱི་མེ་ལོང་དུ་འཚོ་མོའི་སྐམ་རིད་ཀྱི་གདོང་བ་ཡང་ཡང་འཆར་བས། རྒན་པོས་འཕྲུལ་རྟའི་མགྱོགས་ཚད་ཇེ་མྱུར་དུ་བཏང་། ཁ་བའི་འདབ་མ་ཆུན་པོ་ཞིག་རྒན་པོའི་མིག་ནང་དུ་འཐོར་བས་ལག་པ་གཡོན་མས་མིག་ཟུང་འབྱིད་ཙམ་བྱས་ཏེ། སླར་ཡང་ཁ་སྐྱོག་གི་ཕྱོགས་སུ་བསྲིང་དུས། སྟབས་མ་ལེགས་པར་འཕྲུལ་རྟ་ཐང་དུ་བརྡབས་སོང་། འཕྲུལ་རྟས་ཁོའི་ཁོག་སྨད་མནན་ཞིང་། ལྟག་རྒྱབ་ཏུ་སུ་ཞིག་གིས་ལྐོག་རྡོ་བཞུས་པ་ལྟར་ཟུག་གཟེར་ཧ་ཅང་ལྕི་བས། རྒན་པོས་ལུས་སྟོབས་ཡོད་དགུ་བཏོན་ཏེ་ཡར་ལངས་གྲབས་བྱས་ནའང་ངལ་བ་འབྲས་མེད་དུ་ལུས། རྒན་པོའི་ལྟག་རྒྱབ་ནས་བཞུར་བའི་ཁྲག་དམར་ནི་ཁ་བའི་ཀློང་དུ་ཇེ་གསལ་ནས་ཇེ་ཆེ་རུ་གྱུར། དེ་དང་བསྟུན་ཏེ་རྒན་པོའི་ཤེས་པ་ཇེ་འཐིབས་ནས་ཇེ་འཐིབས་ཏུ་གྱུར། འཚོ་མོས་འབྲི་མོ་བཞོ་བའི་གཟུགས་བརྙན་རྒན་པོའི་རབ་རིབ་ཏུ་འགྱུར་བཞིན་པའི་དྲན་འཛིན་དུ་མངོན། འབྲི་མོ་ཐོད་དཀར་མ་བཞོ་རྗེས་འོ་ཟོའུ་ལག་ཏུ་བཟུང་ནས་ཁོའི་ཕྱོགས་སུ་འཛུམ་མདངས་ཤིག་བསྟན་ཡོང་། རྒན་པོས་མིག་ཟུང་ཆེ་ཆེར་དུ་བགྲད་དེ་ཅི་ཞིག་མཐོང་འདོད་བྱས་ཀྱང་། རླུང་གིས་དེད་པའི་ཁ་བ་ལས་ཅིའང་མཐོང་མ་སོང་།། 


རྩོམ་ཡིག་སྔོན་མ།
མ་མོ་མ་བུ་ལྷ་སར་སྐྱོད་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1