མིའི་རིགས་ཀྱིས་ཞིང་ལས་དུས་རབས་དང་། བཟོ་ལས་དུས་རབས། ཚན་རིག་འཕྲུལ་གྱི་དུས་རབས་སོགས་ལོ་རབས་དང་དུས་རབས་ཤིན་ཏུ་མང་པོ་ཞིག་ལ་མུ་རུ་“འཚོལ་སྙེག”དང“གསར་གཏོད”ཅེས་པའི་ཐ་སྙད་གཉིས་མ་དོར་བར་དུས་རབས་ཉེར་གཉིས་པའི་སྨད་དུ་སླེབས་ཙ་ན། བཙལ་བཙལ་ཞིང་སྙེག་སྙེག་མཐར། གསར་བ་ནས་གསར་བ་བཏོད་བཏོད་མཐར། མི་ཡི་བྱ་གཞག་མང་པོ་ཞིག་འཕྲུལ་མིས་ལས་འགྲོ་བས་ད་ལྟ་མི་ལ་མི་ཡི་ལས་ཀ་མེད་ཅིང་། མི་ལ་མི་ཡི་དོན་སྙིང་མེད་པ་ལྟ་བུའི་གནས་ཚུལ་ལམ་སྣང་ཚུལ་ཡ་མ་བརླ་ཞིག་ཏུ་གྱུར་ཡོད།
༡
ང་“མཐོ་སྒང་མཁའ་འགྲུལ་”རྟགས་ཅན་གྱི་གནམ་གྲུར་བསྡད་དེ་རྟ་བོར་གྲོང་ཁྱེར་དུ་སླེབས་དུས་མཚན་མོའི་ཆུ་ཚོད་བཅུ་གཅིག་ཡས་མས་ཤིག་རེད། གནམ་གྲུ་ཐང་དུ་འབབ་ལ་ཉེ་བའི་དུས་སུ་གྲོང་ཁྱེར་གྱི་སྟེང་ཕྱོགས་ནས་འཕུར། འདི་ནི་ཆེད་དུ་གྲོང་ཁྱེར་གྱི་མཚན་མོའི་མཛེས་ལྗོངས་ལ་མྱོང་རོལ་ལམ་ལྟད་མོ་ལྟ་ཆེད་ཡིན་ངེས། ངས་འཇོང་དབྱིབས་ཅན་གྱི་སྒེའུ་ཁུང་ལས་མར་བལྟས། སྔོན་མར་དྲ་སྟེང་ནས་རྒྱུས་ལོན་བྱས་པ་ལྟར་ན་གྲོང་ཁྱེར་འདི་ཆགས་ཡུལ་གྱི་མིང་ལ་“དགུ་ཐང་”དང་ “རྟ་བོར་ཐང་”ཞེས་འབོད་ཅིང་། ཨ་མྱེ་རྨ་ཆེན་གངས་འདབས་སུ་ལྟོས་འཇོག་གིས་ཐང་ཆེན་ཞིག་ཡིན་རབས་བཤད། ད་ལྟ་མར་བལྟས་ན་ཐང་ཆེན་ལས་ལྟད་མོ་ཆེས་མཛེས་པོ་ཡོད་པ་ནི། ཐང་གི་མཐའ་སྐོར་རི་བོ་མཐོན་པོས་བསྐོར་ཞིང་། ཐང་ཡོངས་གྲོང་ཁྱེར་གྱི་འཛུགས་སྐྲུན་གྱིས་ཁྱབ་པས་གློག་འོད་ནི་སྐར་ཚོགས་ས་ལ་འཕོས་འདྲ་ཡིན་པ་སྨོས་ཅི། དེ་བས་ཀྱང་མཛེས་སྡུག་ལྡན་པ་ནི་ཕྱོགས་བཞིའི་རི་ངོས་ཀུན་དུ་གློག་གིས་གྲོང་ཁྱེར་གྱི་འཕེལ་རྒྱས་མཚོན་པའི་ཡི་གེ་དང་རི་མོ་སྣ་ཚོགས་བྲིས་ཡོད་པས་ན། ད་ལྟ་རྐང་འོག་གློག་འོད་ཡིན་ལ། གཡས་གཡོན་གློག་འོད་ཡིན། རི་མགོ་ནས་གནམ་གྱི་སྐར་ཚོགས་དངོས་ཀྱིས་སྦྲེལ་ཡོད་པས་ན། དངོས་གནས་སྐར་ཚོགས་ཀྱི་གོ་ལ་དངོས་ཤིག་ཏུ་སླེབས་སོང་ངམ་སྙམ་པའི་ཚོར་བ་སྐྱིད་པོ་ཞིག་སྟེར་བར་བྱེད།
དྲ་ལམ་ནས་འདས་པའི་ལོ་རྒྱུས་ཁྲོད་ཀྱི་གྲོང་ཁྱེར་འདི་ཆགས་ཡུལ་གྱི་ས་བབས་དང་གནམ་གཤིས་སོགས་ལ་བརྟག་ན། ད་ཚོད་ནི་ཕྱི་ཟླ་བཅུ་གཉིས་པའི་ནང་དེ་དགུན་ཟླ་འབྲིང་བོའི་ནང་དུ་ཁེལ་ཡོད་ཕྱིར། དྲོད་ཚད་གོར་ཐིག་མན་གྱི་ཏུའུ་གྲངས་ཉི་ཤུ་ཡས་མས་ནས་གོར་ཐིག་མན་གྱི་ཏུའུ་གྲངས་བཞི་ལྔའི་བར་ཡིན་ཞེས་བཀོད་འདུག་པས་ན། གནམ་གྲུ་ལས་བབས་ན་གྱོན་པ་མཐུག་པོ་དང་ཁ་དཀྲིས། ལག་ཤུབས་སོགས་མེད་ཚེ་ལུས་ལ་དྲོད་གྲང་བསྲེས་ཏེ་ཆམ་པ་ཕོག་ངེས་ཅན་ཡིན་ངེས་མོད། ད་ལྟ་གོ་ལ་དྲོད་འགྱུར་གྱི་རླབས་རྒྱུན་མ་ཐོན་ས་མེད་པས་ན་སྔོན་མའི་“ཨ་མྱེ་རྨ་ཆེན་གྱི་གངས་འདབས་”ཞེས་ཤིན་ཏུ་བསིལ་བའི་གྲོང་རྡལ་དེ་ནི་ད་ལྟ། དྲོད་ཚད་མཐོ་ལ། གྲོང་ཁྱེར་ཆེ་བའི་གནས་ཤིག་ཏུ་གྱུར་འདུག
གནམ་གྲུ་ལས་བབས་མ་ཐག་ཏུ་འཕྲུལ་མིས་ངའི་ཅ་ལག་ཁྱེར་རོགས་བྱས་ཤིང་། རྐང་འོག་གི་བགྲོད་ལམ་སྟེང་རྐང་བས་སྤོས་ཙམ་གྱིས་གོམ་བགྲོད་མི་དགོས་པར་ཤར་རེད་ནུད་ནས་འབབ་ཐང་གི་ཕྱི་ལ་སྐྱེལ་འགྲོ། རང་གིས་སྐབས་དེར་གཡས་གཡོན་དང་མདུན་ཕྱོགས་སོགས་ཀྱི་གྱང་ངོས་སུ་ཤར་གྱིན་པའི་འགྲོན་ཁང་གང་ཞིག་ཏུ་སྡོད་བསམ་ན་ཁ་པར་དུ་དེའི་མིང་ཙམ་བོས་ཚེ་འབབ་ཚིགས་ཀྱི་སྒོ་ནས་གློག་སྒུལ་རླངས་འཁོར་གྱིས་རང་འགུལ་ངང་དེ་རུ་སྐྱེལ་འགྲོ་བས་ན། ཁ་ལོ་བར་ས་གནས་བཤད་པ་སོགས་ཅི་ཡང་མི་དགོས་པར་རང་གིས་སྒེའུ་ཁུང་ལས་མཚན་མོའི་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཆོག གྲོང་ཁྱེར་ནང་གི་མགྱོགས་ལམ་ལས་མར་བལྟས་ན་ལམ་ཆེན་དག་ཏུ་རླངས་འཁོར་གྱི་བགྲོད་པ་རྒྱུན་མི་ཆད་ཅིང་། མི་བགྲོད་ལམ་བུ་རུ་མི་མང་པོས་འདུ་འགོད་འཁྲིགས་པ་མཐོང་ཐུབ། དེ་ནི་གྲོང་ཁྱེར་འདིའི་མིའང་གྲོང་ཁྱེར་གཞན་གྱི་མི་ལྟར་ཉིན་མོ་ཉི་འོད་ཀྱི་ཚ་བར་བཤོལ་ནས་ཁང་བར་སྡོད་ཅིང་། མཚན་མོར་ཕྱི་རུ་བུད་དེ་འཆམ་འཆམ་དང་འདུ་འཛོམས། གླེང་མོ་སོགས་བྱེད་ཀྱིན་པ་ཡིན་ངེས། འདི་ནི་ངས་དྲ་སྟེང་ནས་ཡུལ་འདིའི་གདོད་མའམ་སྔོན་མའི་གནམ་གཤིས་ལོ་རྒྱུས་ལ་བལྟས་ན་དངོས་གནས་ཡེ་མི་འཚམ་པ་ཞིག་རེད་མོད། ཉེ་བའི་ལོ་ངོ་བརྒྱ་ཡས་མས་ཤིག་ཏུ་གློ་བུར་དྲོད་ཚད་ཆེས་ཆེར་མཐོ་ནས་ཡུལ་འདིའི་ཡོད་ཚད་ལ་འགྱུར་བ་བློ་ཡུལ་དུ་མི་ཤོང་བ་ཞིག་ཐེབས་སོང་བ་མིན་ནམ།
སྐྱེ་བ་སྔ་ཕྱི་ཞེས་པ་ཞིག་ཡོད་པའི་དབང་དུ་བཏང་ན་ང་རང་སྐྱེ་བ་སྔོན་མ་སྔོན་མ་ཞིག་ཏུ་ཡུལ་འདིའི་མི་ཞིག་གམ་དུད་འགྲོ་ཞིག་གི་སྐྱེ་བ་ཐེངས་དུ་མར་བླངས་ཡོད་པ་འདྲ་སྟེ། ང་རང་ཆུང་དུས་ནས་ཡུལ་འདིའི་མིང་གོ་བ་ནས་བཟུང་ཡུལ་འདིར་འགྲོ་འདོད་ཀྱི་འདུན་པ་བཟློག་ཏུ་མེད་པ་ཞིག་བྱུང་མྱོང་། ངས་དོན་དག་ཏེ་ཕ་མ་གཉིས་ལ་བཤད་པ་ན། “གླེན་བཤད་མ་རྒྱག ཁྱོད་ད་དུང་བྱིས་པ་ཡིན་ཕྱིར་ཡུལ་དེར་འགྲོ་ཐུབ་པ་མ་རེད།” “ཡུལ་དེར་བལྟ་བསམ་ན་དྲ་སྟེང་ནས་ལྟོས་དང་ཡོད་ཚད་འཆར་ཐུབ་པ་མིན་ནམ་” “འདི་དང་འདི་རེད་”ཅེས་ངེད་ཚང་གི་འགྲོན་ཁྱིམ་གྱི་བརྙན་ཡོལ་གྱང་ངོས་ཡོངས་སུ་རྟ་བོ་གྲོང་ཁྱེར་གྱི་རྣམ་པ་མང་པོ་ཤར་དུ་བཅུག་མོད། དེ་ཙམ་གྱིས་འདོད་པ་སྐོང་ཐུབ་པ་ཞིག་ལར་ནས་ཡིན་མ་སོང་།
འཕྲུལ་མིས་ང་དྲ་ཐོག་ནས་གཏན་ཁེལ་བྱས་པའི་འགྲོན་ཁང་ཆེན་མོ་དེའི་ནང་དུ་བསྐྱལ་ཞིང་། མིང་ཐོ་འགོད་རོགས་སོགས་བྱས། དེ་རུ་ཡང་བསྐྱར་འགྲོན་ཁང་གི་འཕྲུལ་མི་ཞབས་ཕྱི་བས་ངའི་ཅ་ལག་འཛིན་རོགས་བྱས་ཏེ་ཐོག་སོ་ཉེར་བརྒྱད་པའི་༨༠༢༨ཀྱི་ནང་དུ་བསྐྱལ། སྐར་མ་རིམ་པ་བརྒྱད་ཅན་གྱི་འགྲོན་ཁང་འདི་དངོས་གནས་སྐར་རིམ་དེའི་ཚད་ཐིག་ཡིན་པ་འདྲ་སྟེ་ནང་གི་ཁོད་ཡངས་ཤིང་། མལ་ཆས་སོགས་ཤིན་ཏུ་གཙང་བ། ཅ་ལག་དག་ལས་འོད་འབྱིན་པ། ཆབ་ཁང་དང་ལུས་ཁྲུས་ཁང་གི་མཁོ་ཆས་སོགས་རྒྱས་སྤྲོས་ཆེ་བ། ལུས་ཕུང་འཕུར་མཉེད་དང་ལུས་སྦྱོང་གི་ཅ་ལག་དག་ཀྱང་འཕྲུལ་མིས་གྲ་སྒྲིག་གྲ་རྒྱས་པོ་བྱས་འདུག་པ་སོགས་ཚད་ལྡན་ཞིག་ཏུ་བགྲང་ཆོག་པ་འདྲ། འོན་ཏེ་ང་ལ་དེ་དག་གང་གིས་ཀྱང་ངོ་མཚར་ལྟ་ཅི་ཆེས་རྒྱུན་ལྡན་ཞིག་གི་ཚོར་བ་ལས་མ་བྱིན་མོད། ཡིག་ཅོག་སྟེང་གི་གློག་ཀླད་འཕྲུལ་ཆས་ཀྱི་གཡས་འགྲམ་དུ་པར་སྒམ་གློག་ཀླད་ལས་ཅུང་ཆུང་བ་ཞིག་བཤམས་འདུག ངས་པར་སྒམ་དེ་ལག་ཏུ་བླངས་ནས་བལྟས་པ་ན། ངའི་ལུས་ཀྱི་མགོ་ནས་མཇུག་བར་གློག་འཁྱུད་པ་ལྟ་བུའི་ཚོར་བ་ཞིག་བརྒྱུགས། “ཨ་ཁ། འདི་ནི་ཨ་མྱེ་རྨ་ཆེན་གངས་རི་ཟེར་བ་དེ་མིན་ནམ།” “འདི་ནི་གདོད་མའི་གངས་རི་གོ་ལས་དྲོད་འགྱུར་གྱིས་ཤུལ་མེད་དུ་མ་བཏང་གོང་མིན་ནམ།” “མཛེས་པ་ལ།” “བརྗིད་པ་ལ་”ཞེས་སོགས་སྐད་ཆ་འགའ་ངག་ནས་རང་དབང་མེད་པར་ཤོར། པར་སྒམ་མཐའ་ཁ་གསེར་མདོག་གིས་བྱུགས་པ་དེའི་ནང་གི་གངས་རི་དེ་ནི་ཇི་འདྲའི་མཛེས་པ་ལ། རི་རྒྱུད་གཅིག་ཏུ་སྦྲེལ་བའི་རི་བོ་མཐོ་དམན་ཅུང་མི་འདྲ་བ་མང་པོ་ཞིག་གི་སྐེད་པ་ཡན་ཆད་དུང་ལས་དཀར་བའི་གངས་ཀྱིས་གཡོགས་ཤིང་། སྐེད་པ་མན་ཆད་ལྗང་མདོག་གི་ཚོན་གྱིས་བྱུགས་པ་ལྟ་བུའི་སྤང་རིས་བཟུང་འདུག“འདི་ནི་སྔོན་མའི་གངས་རིའི་པར་དངོས་ཡིན་ངེས། དྲ་བའི་བཟོ་རྩལ་སྣ་ཚོགས་ཀྱིས་རྫུན་བཟོ་བྱས་པ་ཞིག་ཡེ་མ་རེད།” ངག་ལས་རང་དབང་མེད་པར་གང་ཟག་སུ་ཞིག་ལ་བཤད་པ་ལྟར་མུ་རུ་དེ་ལྟར་ཤོར་བ་དང་བསྟུན། པར་འདིའི་ངོ་ནས་བསིལ་བའི་ཟེར་མ་འཇམ་པོ་ཞིག་ཐད་གར་ངའི་གདོང་ལ་འཕྲོས་འོང་བ་ལྟར་བདེ་ཆམ་ཆམ་བྱེད་པ་དང་། བསིལ་ཟེར་དེ་ནི་གཅིག་ལས་བཅུ་དང་བཅུ་ལས་བརྒྱ་ནས་སྟོང་། སྟོང་ནས་ཁྲི་འབུམ་ས་ཡ་བྱེ་བ་སོགས་སུ་མཆེད་དེ་ཚ་བས་མནར་བའི་སེམས་ཅན་ཐམས་ཅད་རླུང་གཡབ་དང་འཁྱག་འགུག་གི་འཕྲུལ་རིགས་སྣ་ཚོགས་མི་དགོས་པར་མ་བཅོས་རང་བྱུང་གི་བདེ་སྐྱིད་ཅིག་སྟེར་སོང་བའི་ཚོར་བ་སྐྱེས། ངས་གངས་རིའི་པར་གྱི་ངོས་ལ་བྱིལ་བྱིལ་བྱེད་ཀྱིན་སྲིད་ན་དཀོན་པའི་རིན་པོ་ཆེ་ཞིག་རྙེད་པ་ལྟ་བུའི་དགའ་བ་སྐྱེས་ཏེ་འཕྲུལ་མིས་དྲན་སྐུལ་གྱི་ནུབ་ཟས་ཟ་རྒྱུའང་བརྗེད། དེ་བཞིན་དུ་ལུས་ཁྲུས་དང་། འཕུར་མཉེད་སོགས་སྐར་རིམ་བརྒྱད་པའི་འགྲོན་ཁང་གི་ལོངས་སྤྱོད་གཞན་དག་ཀྱང་གཏིང་བརྗེད་དུ་གྱུར།
མས་བུ་སྟོར་བ་རྙེད་པ་བཞིན་ད་ལྟ་ང་ལ་པར་སྒམ་དེ་ལས་གཞན་ཅི་ཡང་མི་དགོས། མཐོན་པོའི་དབང་དང་གོ་ས་མི་དགོས་ལ། ཕྱུག་པོའི་རྒྱུ་དང་ལོངས་སྤྱོད་མི་དགོས། དེང་རབས་ཅན་གྱི་ཚན་རྩལ་མི་མཁོ་ལ། ཡང་རབས་ཅན་གྱི་ཡང་རྩལ་མི་མཁོ། ད་ལྟ་ང་ལ་མཛེས་མའི་འཛུམ་དཀར་མི་དགོས་ལ། ཞིམ་མངར་ཁ་ཟས་ཀྱང་མི་དགོས། ང་ལ་པར་སྒམ་འདི་ཡོད་པས་ཆོག ང་ལ་པར་སྒམ་ནང་གི་རིན་པོ་ཆེའམ་གཅེས་ནོར་འདི་ཡོད་པས་འཐུས། དེ་བས་ངས་པར་སྒམ་དེ་ལག་འཇམ་འཇམ་གྱིས་བཏེགས་ནས་མལ་ཁྲིའི་སྔས་ཟུར་གྱི་སྟེགས་བུའི་སྟེང་ནས་རང་ཉིད་ཀྱི་ཕྱོགས་སུ་ཁ་བསྐོར་ཏེ་བཞག ང་པར་སྒམ་དང་གདོང་གཏད་དུ་མལ་ལ་ཉལ། ཡུན་རིང་བོར་ཅེར། ཡུན་གྱིས་ཡུན་གྱིས་ངའི་མིག་ལྕིབས་གཉིས་ཀྱིས་རེ་ཞིག་དབང་བོའི་སྒེའུ་ཡོལ་བརྒྱབ་ནས་གངས་རིའི་བསིལ་ཟེར་ཁྲོད་གཉིད་དུ་ཡུར་སོང་།
༢
མཚན་མོ་དེར་ངས་གངས་རི་ཨ་མྱེ་རྨ་ཆེན་ཉིད་དངོས་སུ་པར་དུ་བསྐྱོན་པའི་པར་སྒམ་དེའི་མདུན་ཐད་ནས་རྨི་ལམ་རིང་མོ་ཞིག་བཏང་། ང་དང་མི་འགས་རྟ་ནོར་ལུག་གསུམ་གྱི་ཕྱུགས་ཁྱུ་ཆེན་པོ་ཞིག་ཨ་མྱེ་རྨ་ཆེན་གངས་འདབས་ཀྱི་ཐག་ཉེ་མ་རིང་ཞིག་ན་སྤང་ལ་བཀྲམས། སྤང་ཐང་དུ་བཀྲམས་པའི་ཕྱུགས་རིགས་དག་ནི་ཤིན་ཏུ་བག་ལྷོད་པོའི་ངང་རྩྭ་ཆུར་རོལ་གྱིན་འདུག་ལ། ང་ཚོ་ནི་དེ་དག་གི་རྫི་བོ་ཡིན་འདུག ང་ཚོའི་སེམས་པ་ནི་སྤྲིན་པའི་གཡའ་བྲལ་བའི་ནམ་མཁའ་སྔོན་མོ་བཞིན་སེམས་ཁྲལ་དང་གནོན་ཤུགས་ཟེར་བ་ཞིག་ཡེ་མེད་པར་དགའ་བའི་གླུ་ལེན་ཞིང་སྐྱིད་པའི་གར་འཁྲབ། སྤྲོ་སྐྱིད་ཀྱི་མཆོང་ལྡིང་དང་དགོད་སྒྲས་མཐའ་འཁོར་གྱི་བྱིའུ་ཚོགས་ཀྱང་དཀྲོགས་པ་ལྟར་བྱེད་ཀྱིན་འདུག
མཚམས་ཤིག་ཏུ་རྫི་གྲོགས་ཤིག་གིས་མིད་པ་ཞིག་བསལ་ཞིང་། ལག་གཡས་པས་འགྲམ་པ་བསྐྱོར། འཛུམ་དཀར་མེ་ཏོག་འདྲ་བ་ཞིག་སྟོན་གྱིན་“ཡེ་་་་་་གངས་དཀར་པོའི་དབུ་རྩེ་གོང་མ་ན།། འཇའ་ཁ་དོག་སྣ་ལྔའི་གུར་ཁྱིམ་ན།། སེར་ཉི་མ་ལྷང་ལྷང་ཤར་འདྲ་བོ།། ཁྱོ་གླུ་བས་བཤད་ན་ཅི་ཞིག་རེ།། ཡེ་་་་་་གངས་དཀར་པོའི་དབུ་རྩེ་བར་མ་ན།། སྤྲིན་དཀར་པོ་འཁྱིལ་བའི་གདན་སྟེང་ན།། ལྷོ་གཡུ་འབྲུག་སིང་སིང་གྲགས་འདྲ་བོ།། ཁྱོ་གླུ་བས་བཤད་ན་ཅི་ཞིག་རེ།། ཡེ་་་་་་གངས་དཀར་པོའི་དབུ་རྩེ་ཞོལ་མ་ན།། དགུང་ཨ་སྔོན་འདྲ་བའི་སྤང་ཁུག་ན།། ཁྲ་ལམ་མེར་མེ་ཏོག་བཞད་འདྲ་བོ།། ཁྱོ་གླུ་བས་བཤད་ན་ཅི་ཞིག་རེ།།”ཞེས“གངས་དཀར་པོའི་དབུ་རྩེ་”ཟེར་བའི་སྐབས་དག་ཏུ་སྟོད་ཕྱོགས་ན་ཤིན་ཏུ་བརྗིད་ཆགས་པར་འགྱིང་བའི་རྨ་ཆེན་གངས་རིར་མིག་མདའ་འཕེན་པ་དང་ལག་པས་གུས་ཉམས་དང་བཅས་ཕྱོགས་དེ་སྟོན་གྱིན་དྲིས་གླུ་དེ་སྙན་མོ་དབྱངས་ལ་བཀུགས་ནས་བླངས་བྱུང་། ང་ཚོས་“དྲིས་ལན་ངས་འདེབ། དྲིས་ལན་ངས་འདེབ་་་་་་”ཅེས་ཁ་གང་སྔ་བྱས་ནས་གླུ་ལན་ལེན་རྒྱུར་བརྩད། དེར་གཅིག་གིས་“དྲི་བ་གསུམ་ག་མི་གསུམ་གྱིས་རེ་རེ་བྱས་ནས་འདེབ་”ཅེས་སྐད་མཐོན་པོས་ལབ་པ་ན་དེར་འཐད་པ་བྱས། ངས་དེར་མི་སུ་གསུམ་ཡིན་དང་ཐོག་མར་སུ་ཡིན་སོགས་ལབ་ཏུ་མ་བཅུག་པར་ཤར་རེར་“ཡེ་་་་་་གངས་དཀར་པོའི་དབུ་རྩེ་གོང་མ་ན།། འཇའ་ཁ་དོག་སྣ་ལྔའི་གུར་ཁྱིམ་ན།། སེར་ཉི་མ་ལྷང་ལྷང་ཤར་འདྲ་བོ།། གནས་པོ་ཏ་ལ་ཡི་རྒྱ་ཕིབས་རེ།།”ཞེས་བླངས་པ་ན། ཚང་མས་དགའ་འབོད་དང་དེའི་འཕྲོར་ང་ཡིན་ཁོ་ཡིན་གྱི་རྩོད་པས་འུར་ཆིལ་ཆིལ་བྱེད། དེའི་འཕྲོར་བུ་མོ་ཤིན་ཏུ་མཛེས་མ། གླིང་སྒྲུང་དུ་བཤད་པའི་ནེའུ་ཆུང་ལུ་གུའི་ཚར་ཡག་ཅེས་པ་ནི་མོ་རང་ལོས་ཡིན་སྙམ་པ་ཞིག་གིས་“ཡེ་་་་་་གངས་དཀར་པོའི་དབུ་རྩེ་བར་མ་ན།། སྤྲིན་དཀར་པོ་འཁྱིལ་བའི་གདན་སྟེང་ན།། ལྷོ་གཡུ་འབྲུག་སིང་སིང་གྲགས་འདྲ་བོ།། ང་གངས་ཕྲུག་གཞོན་ནུའི་གླུ་སྐད་རེ།།”ཞེས་བླངས་པར་ཚང་མས་དགའ་འབོད་ཀྱི་འུར་སྒྲ་བསྒྲགས། དེར་མཐུད་ནས་ལན་གསུམ་པ་ནི་ངས་ལེན་དང་ཁོས་ལེན་གྱིས་དབྱེ་ཐག་མ་ཆོད་པས་ན་ཚང་མས་“ཡེ་་་་་་གངས་དཀར་པོའི་དབུ་རྩེ་ཞོལ་མ་ན།། དགུང་ཨ་སྔོན་འདྲ་བའི་སྤང་ཁུག་ན།། ཁྲ་ལམ་མེར་མེ་ཏོག་བཞད་འདྲ་བོ།། སྤང་རྩྭ་ཐང་སྔོན་མོའི་ནོར་ལུག་རེ།།”ཞེས་ཚང་མས་མཉམ་ལེན་བྱས་པ་ན་རྒྱང་རིང་ནས་རྨ་རྒྱལ་གངས་རིའི་དབུ་རྩེར་ཉི་འོད་ཕོགས་པས་སྔར་བས་མཛེས་སྡུག་གི་གཟི་མདངས་འོད་དུ་འཚེར་བཞིན་ཡུལ་གྲུ་འདིའི་རྒྱན་དུ་ལྷང་ངེར། ལྷམ་མེར་འགྱིང་འདུག བལྟ་བས་ཆོག་མི་ཤེས་པར་འགྱིང་འདུག
ཕྱུག་པོ་ཚང་གི་བུ་གཅིག་པུར་སྐྱེས་པའི་རང་ཉིད་ཆུང་དུས་སུ་ཕ་མས་ནམ་མཁའི་སྐར་མ་དགོས་ཀྱང་སྦྱིན་ཞིང་། ན་གཞོན་གྱི་སྐབས་སུ་འགྲོ་ན་རླངས་འཁོར་གོང་ཆེན་དང་སྒེར་བཀོལ་གནམ་གྲུ་གང་འདོད་དུ་བཀོལ་ཆོག་པ། འཛམ་གླིང་གི་ཚོང་རྟགས་མིང་གྲགས་ཅན་གྱི་གྱོན་པ་ཉིན་བཞིན་བརྗེ་བ། ཁྱིམ་དུ་ཆེད་ལས་བུ་རྫི་དང་མ་བྱན་ནི་སློབ་གྲྭ་ནས་མཐར་ཕྱིན་པའི་བུད་མེད་གཉིས་ཀྱིས་འཛམ་གླིང་ཤར་ནུབ་ཀྱི་ཟས་གང་ཞིམ་གང་ལེགས་བཟོས་ཏེ་རྒྱལ་པོ་ཆེན་པོ་བཞིན་ལོངས་སུ་སྤྱོད་ཆོག་པ། ན་མཉམ་བུ་དང་བུ་མོ་མང་པོ་ཇ་ཁང་དང་ཆང་ཁང་ཤིན་ཏུ་རྒྱས་སྤྲོས་ཅན་དག་གི་ནང་དུ་ཕྱིན་ནས་གླིང་བདུན་མཚོ་བཞིའི་རྒྱལ་ཁབ་གང་གིས་བཟོས་པའི་ཆང་གོང་ཆེན་འཐུང་འདོད་ན་འཐུང་བ། རྒྱལ་ཁབ་གང་གི་གླུ་གར་ལ་མྱོང་རོལ་འདོད་ན་རོལ་ཐུབ་པ་སོགས་མདོར་ན་འཇིག་རྟེན་འདིར་བདོག་པའི་དངོས་པོ་ཅི་ཞིག་དགོས་ཀྱང་ལག་ཏུ་མི་འོང་བ་མེད་པ་ལྟ་བུའི་འཚོ་བ་ཕུན་སུམ་ཚོགས་པོ་རོལ་ནས་འོང་བ་ཡིན་མོད། ཕོ་ལོ་སུམ་ཅུར་བུད་རག་བར་མདང་ནུབ་ཀྱི་རྨི་ལམ་ལས་སྐྱིད་པོ་ཞིག་བྱུང་མ་མྱོང་། “རྨི་ལམ་དེ་མངོན་སུམ་ཡིན་ན་དགའ་བ་ལ།” “ཡང་ན་དོ་ནུབ་ཡང་བསྐྱར་རྨི་ལམ་དེ་འདྲ་རྨིས་ན་ཅི་མ་རུང་།” “མི་ཡུལ་གྱི་དག་ཞིང་ཟེར་བ་ཞིག་ཡོད་ན་མདང་ནུབ་རང་གིས་མྱོང་བའི་ཁོར་ཡུག་དེ་མིན་ན་ཅི་ཡིན་”སོགས་སྙམ་ནས་རྨི་ལམ་ལས་མངོན་སུམ་གྱི་འཇིག་རྟེན་དུ་གཡུག་པས་སྐྱོ་བ་དང་། ཁོངས་ཁྲོ། ཕངས་སེམས། རེ་འཕྲེང་སོགས་ཀྱི་སེམས་བྱུང་མང་པོ་མཉམ་དུ་བརྩེགས་པས་དལ་ཅིག་ལ་མལ་སར་ལོག་ཅིང་མལ་ཐུལ་གྱིས་མགོ་བོ་ཡོངས་སུ་བཏུམས། ངས་མལ་ཐུལ་ཤུགས་ཀྱིས་བསྐོར་གཡུག་དང་བཅས་འཐེན་སྐབས་སྔས་ཟུར་གྱི་སྟེགས་བུའི་སྟེང་གི་ཨ་མྱེ་རྨ་ཆེན་གངས་རིའི་པར་སྒམ་དེ་སར་གཡུག “དཀོན་མཆོག་གིས་གཟིགས། དཀོན་མཆོག་གིས་གཟིགས། ཆག་སྐྱོན་བྱུང་མེད་པར་ཤོག་”ཅེས་ངག་ནས་ཤོར་ཞོར་མྱུར་བ་མྱུར་བར་པར་སྒམ་ཡར་སྒྲུག་པ་ན་སྐྱོན་ཅི་ཡང་ཤོར་མི་འདུག་པས་དགའ་བ་དང་རང་གིས་པར་སྒམ་དེ་ཐང་ལ་བརྡབས་པས་ཁོང་ཁྲོ་གཉིས་མཉམ་དུ་འཕྱུར་ནས་རང་ལ་འགྲམ་ལྕག་འགའ་བྱས་ཤིང་ངུ་མ་དགོད་ཀྱིས་པར་སྒམ་དེར་ཡང་བསྐྱར་ཅེར། གལ་ཏེ་ད་ལྟའི་ངའི་གདོང་དང་ཚུགས་ཀ་སོགས་སུ་ཞིག་གིས་པར་དུ་ལེན་པའམ་ཡང་ན་རི་མོར་བྲིས་ཚེ་དགོད་ཁ་གཏིང་ནས་སློང་བྱེད་ཅིག་གམ། ཡང་ན་ཅི་ཞིག་བོར་ཞིང་ཅི་ཞིག་རྙེད་པའི་དགའ་སྐྱོའི་ཚོར་བ་གཉིས་ལྡན་གྱི་གདོང་ཉམས་དང་ལུས་ཉམས་ཅན་གྱི་རྙེད་དཀའ་བའི་སྒྱུ་རྩལ་རང་བཞིན་ཅན་གྱི་རྒྱུ་ཆ་ཞིག་ཏུ་འགྱུར་ངེས་ཅན་ཡིན་ཨང་། ད་ལྟ་མི་ཤིན་ཏུ་མང་པོ་ཞིག་སྒྱུ་རྩལ་ཞེས་པའི་འཇིག་རྟེན་དེར་ཤིན་ཏུ་དགའ་པོ་བྱེད་ཀྱིན་པ་མིན་ནམ། ཡང་ན་ད་ལྟའི་མི་དག་ནི་དོན་དངོས་ཀྱི་འཇིག་རྟེན་ལས་སྤྲོ་བ་མ་རྙེད་པར་དོན་དངོས་ལས་གཡོལ་བའི་ཐབས་ཤེས་མེད་པའི་ཐབས་ཤེས་ཤིག་ལ་སྙེག་གིན་པ་མ་ཡིན་ནམ།
༣
ངས་རྟ་བོར་གྲོང་ཁྱེར་གྱི་ས་ཁམས་བརྟག་ཞིབ་ཁང་དུ་འབྲེལ་བ་བྱས་ཏེ་ཆེད་ལས་མི་སྣ་འགའ་དང་མཉམ་དུ་གྱེན་འཕུར་གནམ་གྲུར་བསྡད་དེ་ལོ་རྒྱུས་སུ་གྱུར་པའི་ཨ་མྱེ་རྨ་ཆེན་གངས་རིའི་ཕྱོགས་སུ་འཕུར། རྟ་བོར་གྲོང་ཁྱེར་ནས་ནུབ་ཕྱོགས་སུ་ཅུང་ཙམ་བསྐྱོད་པ་ན་ཆེད་མཁས་མི་སྣས་“མིའི་རིགས་ཀྱིས་མཐོ་སྒང་གི་ཡུལ་གྲུ་འདི་པར་ལ་བརྡབ་པའི་ཟིན་ཐོ་བསྐྲུན་ཐུབ་པ་ནས་རི་བོ་འདི་དང་འདི་ནི་རྨ་ཆེན་གངས་རི་ཞེས་པ་དེ་རེད་”ཟེར། ངས་འགྲོན་ཁང་གི་པར་སྒམ་ནང་གི་གངས་རི་ཁ་པར་དུ་པར་བླངས་ཡོད་པ་དང་ཁོ་ཚོས་བཤད་པའི་རི་རྒྱུད་གཉིས་བསྡུར་བ་ན་གཟུགས་དབྱིབས་དང་མཐོ་དམན། རྩེ་མོ་སྐེད་པ་རྩ་བ་སོགས་ལ་འགྱུར་བ་ཆེར་སོང་མི་འདུག་པས་དངོས་གནས་ར་སྤྲོད་ཐུབ་ཙམ་བྱུང་། འོན་ཏེ་བསམ་ཡུལ་ལས་འདས་པའམ་བློས་དཔོག་མི་ནུས་པ་ཞིག་ནི། འདས་སོང་ལོ་རྒྱུས་ཁྲོད་ཀྱི་གོས་དཀར་གྱི་ནབ་བཟའ་ལྟ་བས་ཆོག་མི་ཤེས་པ་བཀླུབས་ཤིང་། གནམ་སའི་བར་མཚམས་ནས་མི་ཡུལ་ལ་གཟི་བྱིན་ཅིར་ཡང་སྟོན་པའི་གངས་ཀྱི་རི་བོ་དེ་མིན་པར། གོས་དང་བྲལ་བའི་མི་ཆེན་གཅེར་བུ་ཞིག་གདན་མེད་པའི་ས་རྗེན་དུ་སྡོད་པ་ལྟར་ཡི་གར་མི་འོང་བ་ཞིག་རེད། དེ་ལས་གནའ་སྔ་མོར་བོད་ཀྱི་མཁས་པ་ཞིག་གིས་སྙན་ངག་གི་རྒྱན་གྱི་གལ་ཆེའི་རང་བཞིན་གསུངས་པའི་སྐབས་སུ་“རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་།། རྒྱན་མེད་ན་སྐྱེ་བོས་གླེང་།། དེ་བཞིན་སྙན་ངག་མི་ལྡན་པའི།། བསྟན་བཅོས་མཁས་ལ་རྩིས་སུ་མེད།།”ཅེས་པའི་རྐང་བ་དང་པོ་གཉིས་ཀྱང་དྲན་པར་བྱེད། ང་ཚོ་སྔོན་མའི་གངས་རིའི་འདབས། ད་ལྟའི་རི་བོ་དམར་རྗེན་གྱི་འདབས་སུ་གནམ་གྲུ་ལས་བབས། སྟེང་གི་འཁོར་འདབ་དག་ལས་བྱུང་བའི་རླུང་ཡང་བསིལ་བའི་རང་བཞིན་མེད་པར་ཚ་ཤུགས་ཅན་ཞིག་རེད་ལ། ཁོར་ཡུག་ཡོངས་སུ་ཚ་རླབས་ཤིག་འཐིབ་འོང་བས་གངས་རི་དང་ཆུ་མཚེའུ་དག་གི་གནས་ཡུལ་ཕུད་འགྲོ་བར་ཁག་ག་ལ་འདུག་ཨང་། སྤྱིར་འབྱུང་ཁམས་ཆེན་པོའི་ཡུན་འགྱུར་གྱི་ཆགས་གནས་སྟོང་གསུམ་ལ་ནི་སུ་དང་གང་གིས་ཁ་གཏད་གཅོག་པའི་ནུས་པ་རྡུལ་ཕྲན་ཙམ་ཡང་མེད་མོད། འདི་ནི་དུས་ཐུང་ལོ་ངོ་བརྒྱ་ཕྲག་འགའི་ཡུན་དུ་བྱུང་བའི་འགྱུར་ལྡོག་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཙ་ན། འགྱུར་ལྡོག་འབྱུང་རྐྱེན་ང་ཚོ་རང་ཉིད་དེ་མིའི་རིགས་ཡིན་ཕྱིར་གཞན་གང་ཞིག་ལ་འཁང་ར་བྱེད། རང་གི་གནས་ཡུལ་རང་གིས་མཐར་སྐྲོད་བཏང་ཟིན་པས་ད་ཆ་“ཐབས་ཤེས་སྔོན་ནས་དྲན་ན་མཁས་པ་ཡིན། འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན་”ཞེས་པའི་གཏམ་དཔེ་དེ་རང་ལས་ཅི། ང་ཚོས་ཚད་ལེན་འཕྲུལ་ཆས་ལས་ཁོར་ཡུག་འདིའི་ས་འོག་གི་ཆུ་ལ་བརྟག་བཤེར་བྱས་པ་ན་དེ་བས་ཀྱང་ཧོན་ཐོར་བར་གྱུར་ཏེ། ས་སྟེང་གི་གངས་དང་ཆབ་རོམ། མཚེའུ་དང་འབབ་ཆུ་སོགས་སྔ་མོ་ནས་ནམ་མཁའི་འཇའ་ཚོན་གྱི་རྗེས་སུ་འབྲངས་ཏེ་སྟོང་བའི་དབྱིངས་སུ་ཡལ་ཟིན་པ་འཕྲུལ་བརྟག་མི་དགོས་པར་མི་སུས་ཀྱང་མངོན་སུམ་མིག་ལམ་དུ་བཤམས་པ་འདི་ཡིན་ལ། ད་ལྟ་ས་འོག་གི་ཆུའང་རྨིད་ཉི་ཤུ་ཡས་མས་ཀྱི་གཏིང་རིམ་མ་གཏོགས་མི་འདུག་པས་རི་ཐང་ཐམས་ཅད་དམར་ཧྲེང་ངེར་འདུག་པར་ཁག་ཅི། སྣང་ཚུལ་འདི་མཐོང་བས་ང་ལ་སྔར་ལས་ལྷག་པའི་ཚ་བས་གཟིར་བའི་སྣང་བ་བཞིག་བྱུང་བ་དང་ཁོག་པའི་ནང་ཡོངས་སུ་བཀྲེས་ཚོར་ཞིག་ཐོན་པས་མྱུར་བར་ང་ཚོས་ཁྱེར་བའི་གཏེར་ཆུ་དམ་བེ་གཉིས་འབྱངས་དགོས་བྱུང་།
ང་རྡོ་ཕ་བོང་ཆུང་ཆུང་ཞིག་ལ་རྐུབས་བཞག་སྟེ་འདང་རྒྱག་གི་ནང་དུ་ལྷུང་། “འཛམ་གླིང་ཉེ་རབས་གྲགས་རྩོམ་དུ་བགྲང་བའི་ཉི་ཧོང་གི་རྩོམ་པ་པོ་ཁྲོན་ཏོན་ཁང་ཁྲིན་གྱིས་བརྩམས་པའི་《 ཁ་བའི་རྒྱལ་ཁམས་》ནི་རྩོམ་པ་པོས་རྟོག་བཟོ་འབའ་ཞིག་ཡིན་པས་དེ་ལ་འཚོ་བས་བདེན་པས་ཡེ་ནས་སྟོང་ཞིང་། ཐ་ན་ཡུལ་འདི་དང་འདི་གའི་ལོ་རྒྱུས་ཡིག་ཚང་དུ་གངས་རིའི་རྔམ་བརྗིད་དང་རི་ཆུའི་མཛེས་སྡུག་བྲིས་ཡོད་པ་དག་ཀྱང་རང་ཡུལ་རང་བསྟོད་ཅིག་ལས་དོན་དངོས་ཡི་གེར་ཕབ་པ་ཞིག་ཡིན་བཟོ་མི་འདུག་”སོགས་ཀྱི་ཚོར་བ་སྣ་མང་སྐྱེ་འོང་། “ཀ་ཡེ་གྲོགས་པོ།” “ཀ་ཡེ་གྲོགས་པོ་”ཞེས་ཁོ་ཚོས་འབོད་བཞིན་པ་རྒྱང་རིང་རྒྱང་རིང་ཞིག་ནས་ཇེ་ཉེར་གྲགས་པ་བཞིན་རྣ་བར་སོན་པས་ང་འདང་རྒྱག་གི་ཀློང་ནས་གཟོད་ཕྱིར་དྲངས། “ང་ཚོས་ཁ་ཆད་བགོས་པའི་དུས་ཚོད་དུ་ཐོན་ལ་ཉེ་བས་ཕྱིར་མ་སོང་ན་གནམ་གྲུའི་འགྲུལ་ལམ་ཐོབ་ཀྱིན་མི་འདུག་”ཟེར། “འོ་་་་་་འོ་་་་་་ཡ་”ཞེས་ལབ་ཀྱིན་ཡར་ལངས་ནས་དམར་ཧྲེང་ངེ། སྐམ་ཐག་གེའི་རི་དང་ལུང་བ། ཐང་གཞུང་གྲམ་ཤུར་སོགས་པར་རེ་བཏབ་ནས་གནམ་གྲུར་བུད། ངས་དབུགས་རིང་འགའ་ཤོར་བ་ན། རོགས་བྱེད་མཁན་ཚོས་“ཁྱེད་ལ་ཅིག་ན་བ་མིན་ནམ།” “ས་མ་འཕྲོད་པ་ཨེ་རེད།”ཅེས་དྲིས་འོང་། ངས་དེ་དག་གང་ཡང་མིན་པའི་ལན་དུ་མགོ་བོ་འཕྲེད་དུ་གཡུག་གཡུག་བྱས། ཁོ་ཚོའི་སེམས་སུ་“ཇི་འདྲའི་བྱང་ཚད་མེད་པའི་མི་ཞིག་རེད་ཨང་”སྙམ་ཡོད་ངེས་མོད། ད་ལྟ་ང་ལ་དངོས་གནས་མི་གཞན་ལ་ཁ་གྲགས་པ་དང་དོན་དག་གཞན་གང་ལའང་བསམ་བློ་གཏོང་བའི་སེམས་ཤུགས་མི་འདུག
ང་ཕྱིར་འགྲོན་ཁང་དུ་སླེབས་མ་ཐག་ཏུ་ཨ་མ་བྱིས་པ་དམར་འབྱར་དང་བྲལ་བ་སླར་འཕྲད་པ་ལྟར་མྱུར་བར་པར་སྒམ་དེ་ལག་ཏུ་བླངས། པར་སྒམ་ནང་གི་ཨ་མྱེ་རྨ་ཆེན་དང་དེ་རིང་རང་ཉིད་དངོས་སུ་ཕྱིན་ནས་ལྟ་སའི་ཨ་མྱེ་རྨ་ཆེན་གཉིས་ནི་གོ་ལ་མི་འདྲ་བ་གཉིས་ཀྱི་འཇིག་རྟེན་ལྟར་ཡེ་ནས་མཚུངས་མ་སོང་། ངའི་ལག་གི་པར་སྒམ་ནང་ནས་གངས་རི་མཐོན་པོ་དེས་མཐོ་སྒང་གི་ཡུལ་གྲུ་འདིར་བསིལ་བའི་ཟེགས་མ་སྤྲིན་པ་གཅིག་ལས་སྤྲིན་པ་མང་དུ་མཆེད་པ་ལྟར་ཕྱི་ནང་སྣོད་བཅུད་ཀྱི་སྐྱེ་འགྲོ་ཡོངས་ལ་ཐུན་མོང་དུ་སྤྲོ་བ་དང་། གངས་ཀྱི་འཁྱག་རོམ་ལས་ཕྱོགས་བཞི་མཚམས་བརྒྱད་དག་ཏུ་རྩྭ་རྩི་ཤིང་དང་སྣོད་བཅུད་སྐྱེ་ཁམས་ཁོར་ཡུག་ཡོངས་ཀྱི་གསོས་དང་སྨན་དུ་གྱུར་བའི་གངས་ཆུ་བརྡོལ་བ་ཆབ་དང་ཆུ་བོའི་རྨང་དུ་གྲུབ་པ་སྟེ། གནའ་བོའི་རྨ་ཀླུང་རིང་མོའང་རྨ་ཆེན་གངས་རི་ལས་བབས་པའི་གངས་ཆུ་ཡིས་གཙོ་བོར་གྲུབ་ཕྱིར་རྨ་ཆུ་ཡི་“རྨ་”ནི་རྨ་ཆེན་གྱི“རྨ་”ཡིས་བཏགས་པ་ཡིན་ཞེས་པའི་བཤད་སྲོལ་དེ་ནི་བདེན་པ་ཡིན་འདུག པར་སྒང་ནང་གི་གངས་རི་ལས་གངས་ཆུ་ཐིགས་པས་རང་གི་པང་དང་ལུས་སྨད་ཡོངས་སུ་རློན་པར་བཏང་བའི་ཚོར་བ་བྱུང་། དེ་ནི་ཅི་འདྲའི་སིམ་པ་ལ། དེ་ནི་དེ་ལྟར་འཁྱག་པ་ལ། དེ་ནི་དེ་ལྟར་་་་་་ “ཏི་ལིང་།” “ཏི་ལིང་། ”ཞེས་གློག་མིའི་ཞབས་ཞུ་བ་ཕྱི་ལ་ཐོན་ནས་སྒོ་དྲིལ་མནན་བྱུང་། ངས་འཐད་ལ་མི་འཐད་པའི་ངང་ནས་རྒྱང་འཛིན་གྱིས་སྒོ་ཕྱེ། བུད་མེད་མཛེས་མའི་ཚུགས་ཀ་ཅན་གྱི་གློག་མི་དེ་གུས་འདུད་དང་བཅས་ནང་དུ་འཛུལ་ནས་ང་ལ་“ཟ་མ་ཅི་ཟ་”ཞེས་ལག་ནང་གི་འཕྲུལ་དེབ་ཟས་ཐོ་བསྲིངས། གལ་ཏེ་ཞབས་ཞུ་མ་འདི་མི་དངོས་ཤིག་ཡིན་ན། ངས་ངའི་ཟུར་ལ་སྡོད་དུ་བཅུག་ནས་གངས་རི་ཨ་མྱེ་རྨ་ཆེན་གྱི་སྐོར་གྱི་ཁ་བརྡ་ཞིག་ལབ་ན་འདོད། ངས་གངས་ཆུའི་ཐིགས་པ་མོའི་སྟེང་དུ་ཟག་པར་འཇུག་འདོད། མཐར་ངེད་གཉིས་གངས་ཆུ་བསྐྱིལ་བའི་ནང་དུ་གཡས་རྐྱལ་གཡོན་རྐྱལ་གྱིས་ལུས་སེམས་གཙང་ཁྲུས་ཤིག་བྱེད་འདོད། འོན་ཀྱང་དེང་སང་འགྲོན་ཁང་དག་གི་ནི་མིང་ཐོ་འགོད་ས་ནས་ཞབས་ཞུ་བ་དང་། བདེ་སྲུང་བ། སྒོ་སྲུང་སོགས་ཡོད་ཚད་འཕྲུལ་མི་ཡིན་པས་མི་དང་མིའི་བར་གྱི་ཤ་ཁྲག་གི་བརྩེ་བ་ཞེས་པ་ཡེ་མེད་པས་ཡོད་ཚད་གྲང་ཤུར་ཤུར་ཞིག་ལས་མ་འདས། ད་ལྟ་ང་ལ་ཟས་ཟ་འདོད་ཀྱི་འདུན་པ་ཅི་ཡང་མེད་པས་ངས་ཞབས་ཞུ་མའི་ལག་གི་འཕྲུལ་དེབ་ཟས་ཐོའི་སྒོ་བརྒྱབ་པ་ན། འཕྲུལ་མིས་སླར་གུས་ཞབས་ཤིག་དང་བཅས་སྒོར་བུད་སོང་། འཕྲུལ་མི་སྒོར་བུད་མ་ཐག་ཙིར་སྒྲ་ཞིག་དང་བཅས་སྒོའང་རང་འགུལ་གྱིས་བརྒྱབ་སོང་། ངས་པར་སྒམ་ནང་གི་རང་བྱུང་ལྷུན་གྱིས་གྲུབ་པའི་སྣོད་བཅུད་ལ་ཇི་ཙམ་བལྟས་ན་དེ་ཙམ་གྱིས་དེང་གི་མིས་བཟོས་འཕྲུལ་ཆས་དག་ལ་ཤིན་ཏུ་སུན། འཚོ་བའི་ཁོར་ཡུག་ཡོད་དོ་ཅོག་མིས་བཟོས་འཕྲུལ་རིགས་ཏག་ཏག་ལས་མེད་པའི་སྐབས་སུ་རང་བྱུང་རང་གྲུབ་ཀྱི་ཁོར་ཡུག་གི་དོན་སྙིང་ནི་ཆབ་སྲིད། དཔལ་འབྱོར། རིག་གནས་གང་ལས་ཀྱང་ལྡབ་འགྱུར་གྱིས་ཆེ་ཨང་། ཐ་ན་ད་ལྟ“རང་བྱུང་”དང་ “རང་གྲུབ་”ཅེས་པའི་ཐ་སྙད་དེའང་མཛེས་སྡུག་གང་ཞིག་གིས་བཀླུབས་ཏེ་ཡིག་ཚོགས་གཞན་ལས་ལྷང་ངེར་བུད་འོང་བ་དང་། ཐ་སྙད་དེ་ངག་ནས་ཡང་ཡང་ཟློ་འདོད།
ང་རྟ་བོར་གྲོང་ཁྱེར་གྱི་འགྲོན་ཁང་དེའི་ནང་ནས་ཉིན་ག་ཚོད་ལ་བསྡད་པའང་མ་ཤེས་པར་ཡུན་རིང་འགོར་སོང་། སྤྱིར་ཡིན་ན་ངའི་འདས་སོང་གི་འཚོ་སྟངས་ནི་རང་གིས་ལོ་རྗེས་མ་དག་དང་ཟླ་རྗེས་མ་དག ཡང་ན་ཉི་མ་གང་གི་དུས་ཚོད་གང་ཞིག་ཏུ་ལས་ཀ་དེ་དང་དེ་ལས་རྒྱུའི་འཆར་གཞི་ཚགས་དམ་པོས་བཟོས་ཡོད་ཅིང་། དེ་ལྟ་དེ་ལྟར་བསྒྲུབ་ནས་འགྲུབ་པ་ཞིག་ཡིན་མོད། ད་ཐེངས་དངོས་གནས་རྣམ་གཞག་དེ་དག་རང་ཞིག་ཏུ་ཕྱིན་ནས་འདིར་ཉིན་ག་ཚོད་འགོར་བ་ཡེ་ནས་མ་རྟོགས། ཉིན་བཞིན་པར་སྒམ་གྲུ་བཞིའི་ནང་གི་གངས་རི་ཨ་མྱེ་རྨ་ཆེན་ལ་བལྟས་ནས་བསྡད་ན་སྐྱིད་པོ་འདུག སྔར་མེད་ཀྱི་ལྷོད་བག་དང་། ལྷིང་འཇགས། ཐ་ན་སྐབས་དེ་དག་གི་སྤྲོ་སྐྱིད་ལ་ཐ་སྙད་གང་ཞིག་གིས་མཚོན་དགོས་པའང་མི་ཤེས་པ་ཞིག་ཏུ་བདོག
ཉིན་དེར་ཕ་མ་གཉིས་ཀྱིས་ཁ་པར་བཏང་འོང་ནས་“ཁྱོད་དེ་ལྟར་ཅི་ཡིན་འདི་ཡིན་མེད་པར་དེར་བསྡད་ནས་འདི་གའི་བྱ་བ་མི་དགོས་སམ།” “དེ་ལྟར་ཟ་ཉལ་ཁོ་ནས་ཁང་བ་གཅིག་ཏུ་ཉིན་ཞག་མང་པོར་བསྡད་ན་ལུས་ཕུང་ལ་ཤིན་ཏུ་གནོད་པས་ལུས་སྦྱོང་གལ་མི་ཆེའམ།” “གཟའ་རྗེས་མར་ཡོ་རོབ་ཏུ་བསྐྱོད་ནས་ཚོང་དོན་དེར་མིང་རྟགས་འགོད་དགོས་པ་མིན་ནམ།”སོགས་དྲི་བ་དང་འདྲ་ལ་དྲན་སྐུལ་དང་འདྲ་བ། སྡིགས་མོའམ་སྙིང་འཕྱས་དང་ཡང་འདྲ་བ་དེ་དག་མ་བྱས་ཚེ་ང་ནི་དངོས་གནས་འགྲོན་ཁང་དེའི་ནང་གི་སྐུབས་སྟེགས་དང་མལ་ཁྲི། མདུན་ཅོག་སོགས་ལྟར་ཉིན་བཞིན་ཁང་མིག་དེ་ལས་མི་འབྲལ་ཞིང་ཁང་མིག་དེའི་ཆ་ཤས་ཤིག་ལྟ་བུར་གྱུར་འདུག་ཨང་།
ད་ལྟ་ང་རང་དངོས་གནས་ཕྱིར་འགྲོ་དགོས། མཐོ་སྒང་གི་གྲོང་ཁྱེར་འདི་དང་ཁ་འབྲལ་དགོས། འགྲོན་ཁང་འདི་ལས་བུད་དགོས། མཚར་བ་ལ། ང་སྔོན་མ་སྔོན་མར་འཛམ་གླིང་ཡུལ་གྲུ་གང་དུའང་མ་ཕྱིན་ས་མེད་ལ། ཕྱིན་ནས་ཀྱང་སྣོད་བཅུད་ཟུང་གི་བཀོད་པ་དང་ལུགས་སྲོལ་ལ་མྱོང་རོལ་མ་བྱས་ས་མེད་མོད། ད་ཐེངས་ལྟ་བུའི་འབྲལ་མི་བཏུབས་པའི་ཚོར་བ་གང་ཡང་ཕྱིན་མ་སོང་། ལྷག་པར་ལྷག་ཏུ་ལུས་ཀྱི་ཤ་ལས་ལྷེབ་ཙམ་གཅོད་པ་ལྟ་བུའི་འབྲལ་མི་བཏུབ་ས་ནི་པར་སྒམ་ནང་གི་ཨ་མྱེ་རྨ་ཆེན་གངས་རིའི་པར་དེ་རེད། ངས་པར་དེ་པར་དུ་བརྡབས་ནས་ཕར་བལྟས་ཚོད་ཀྱིས་པར་སྒམ་ནང་གི་དེ་ཨ་ན་མ་ན་ཞིག་བླངས་ནས་རང་ཡུལ་དུ་ཁྱེར་ཆོག་ལ། ཐ་ན་རང་ཉིད་གང་དུ་ཕྱིན་པའི་གནས་དག་ཏུ་ཁྱེར་ནས་སོང་ཡང་ཆོག་མོད། པར་སྒམ་ནང་གི་ཨ་མྱེ་རྨ་ཆེན་ནི་ཨ་མྱེ་རྨ་ཆེན་དངོས་ཏེ། ཨ་མྱེ་རྨ་ཆེན་དེ་ལྟར་གངས་ཀྱི་རི་བོ་བརྗིད་ཆགས་པ། གངས་ཆབ་བསིལ་མ་ཕྱོགས་དང་ཕྱོགས་ནས་འབབ་པ། མཐའ་བཞི་ནེའུ་གསིང་སྔོན་མོས་ཡོངས་སུ་བསྐོར་བ་དངོས་ཀྱི་སྐབས་སུ་བསྐྱོན་པའི་པར་ཡིན་པས་ན། འདི་བསྐྱར་དཔར་ཡང་དཔར་གྱིས་ནི་དངོས་དོན་རྫུན་བཟོར་བསྒྱུར་བ་ལས་ཅི། ཡིན་ཡིན་འགྲིག་འགྲིག་གི་རྫུན་བཟོ་ནི་ད་ལྟའི་འཇིག་རྟེན་འདིར་མ་མང་ན་མི་ཉུང་བས་སྙིང་བོས་སྟོང་བའི་ལས་ཀ་ལས་ཅི། དེའི་ཕྱིར་ད་ལྟ་ང་ལ་ཐབས་བཀོད་ཉག་གཅིག་བདོག་པ་སྟེ་པར་སྒམ་གྱི་བདག་པོའམ་འགྲོན་ཁང་འདིའི་བདག་པོར་འབྲེལ་གཏུགས་བྱས་ནས་པར་སྒམ་འདི་རང་ལ་འཚོང་རོགས་ཞེས་བཤད་མོད། ཁོ་རང་ད་ལྟ་ཧྥེ་གླིང་ནུབ་ཕྱོགས་ཀྱི་གདོད་མའི་ནགས་ཚལ་གྱི་རྗེས་ཤུལ་འཚོལ་བའི་ཚོགས་པ་ཞིག་ཏུ་ཞུགས་ནས་འགྲོ་བཞིན་ཡོད་པས་ཁོམ་ལོང་མེད་ཚུལ་དང་། གལ་ཏེ་ཁོམ་ནའང་པར་སྒམ་དེ་འཚོང་མི་སྲིད་ཅེས་སྐད་ཆ་ཐག་ཆོད་པོ་སྨྲས་སོང་།
༤
ཐེངས་དེར་ཡོ་རོབ་ཏུ་ཚོང་དོན་མིང་རྟགས་འགོད་དུ་འགྲོ་བའི་སྐབས་སུ་ཕ་རོལ་བོས་ང་ལ་རྒྱལ་ཁབ་དེའི་རྒྱལ་སའི་འགྲོན་ཁང་གྲགས་ཆེན། འཛམ་གླིང་གི་རིམ་པ་ཆེའི་མཐོ་བ་བཅུའི་གྲས་སུ་ཚུད་པ་ཞིག་གི་ནང་ལ་སྡོད་དུ་བཅུག་མོད། ངས་མདོ་དབུས་མཐོ་སྒང་དུ་གྲགས་པའི་རྟ་བོར་གྲོང་ཁྱེར་གྱི་འགྲོན་ཁང་དེའི་ཁང་མིག་༨༠༢༨དེ་དྲན་ནས་ཚད་མཐོའི་ཆ་རྐྱེན་སྣ་ཚོགས་ལ་མྱོང་རོལ་བྱེད་ཐུབ་མ་སོང་། ཁང་བའི་ནང་གི་དྲོད་ཚད་སྙོམས་སྒྲིག་ནི་ཚད་རིམ་གང་ཞིག་ཡིད་ལ་ཤར་བ་ཙམ་གྱིས་རང་འགུལ་གྱིས་བསྒྱུར་འགྲོ་མོད། ངས༨༠༢༨ནང་གི་གངས་རིའི་བསིལ་ཟེར་ཡིད་ལ་ཤར་བས་གཞན་མི་ཡི་འགྲོ་སྡོད་ཀྱི་གནས་ཡུལ་གང་དང་གང་ལའང་དྲོད་ཚད་དམའ་བར་གཏོང་བའི་འཕྲུལ་རིགས་ཀྱིས་གང་ཡོད་མོད། དེ་དག་ཐམས་ཅད་མིས་བཟོས་འཕྲུལ་གྱིས་གནས་སྐབས་ཀྱི་དགོས་མཁོ་ཙམ་སྐོང་བ་ཡིན་གྱི་རང་བྱུང་རང་གྲུབ་ཀྱི་བསིལ་བ་ཞིག་ཡེ་མིན་ཕྱིར། བཅོས་མ་དང་རང་བྱུང་བར་གྱི་ཁྱད་འགྱུར་དེ་ནི་མིའི་རིགས་ཀྱི་ཚན་རིག་རིག་གནས་དར་བའི་ཡང་རྩེར་སོན་ནའང་སྐོང་མི་ཐུབ་པའི་བར་ཐག་ཉིད་ཡིན་ངེས་པར་སྙམ་ན། མིས་རིགས་ཀྱིས་འཇིག་རྟེན་ཁམས་ཀྱི་འཚོལ་ཞིབ་ཚད་ལེན་དང་བཅོས་སྐྱོང་། བསྒྱུར་བཀོད་དག་ལ་ཁོང་ཁྲོ་ཟ་འོང་།
འགྲོན་ཁང་གྲགས་ཆེན་དེའི་ནང་དུ་སྡོད་པའི་ཉིན་འགའི་མཚན་མོ་དག་ཏུ་ངས་འགྲོན་ཁང་གཞན་ཞིག་གི་ནང་གི་པར་སྒམ་ཞིག་ཡིད་ལ་སྒོམ་གྱིན་ཡོད་ཅིང་། ཐ་ན་རྨི་ལམ་གྱི་ཁྲོད་ནས་ཀྱང་པར་སྒམ་དེའི་ནང་གི་ཞིང་ཁམས་དེར་འགྲོ་བཞིན་པ་དང་། ཡང་འགྲོ་འདོད་ཀྱང་ཕར་ཕར་ཅི་ཙམ་ཕྱིན་ན་དེ་ཙམ་གྱིས་རྒྱང་བཀྱེད་འགྲོ་བའི་དཀའ་ངལ་གྱིས་ལུས་ནས་རྔུལ་ཆུ་ཐོན་པ་སོགས་འཕྲུལ་བའི་འཇིག་རྟེན་ཞིག་ཏུ་ཡང་ཡང་ཕྱིན་འགྲོ།
ང་རང་ཕྱིར་ཡ་གླིང་གི་རང་གི་ཕ་ཡུལ་གྱི་གྲོང་ཁྱེར་ཆེན་མོ་དེ་རུ་འབྱོར་བ་ན། ཕ་མ་གཉིས་དང་སྤྱི་གཉེར་ཁང་གི་མཐོ་རིམ་མགོ་ཁྲིད་དག་གིས་ཐེངས་འདིའི་ཚོང་དོན་ལ་མིང་རྟགས་བཀོད་ཐུབ་སོང་བར་རྟེན་འབྲེལ་ཞུས། ཁོ་ཚོ་དགའ་ནས་ཁ་ཟུམ་མི་ཐུབ་མོད། ང་ལ་ནི་དེ་ལྟའི་སྤྲོ་བ་ཆེན་པོ་ཞིག་འབྱུང་མ་ཐུབ། ད་ལྟ་ང་ལ་སེམས་དོན་ཉག་གཅིག་ཡོད་པ་ནི་མདོ་དབུས་མཐོ་སྒང་གི་རྟ་བོར་གྲོང་ཁྱེར་དུ་འགྲོ་འདུན་དང་། སོང་ནས་ཀྱང་འགྲོན་ཁང་གང་དེའི་ཁང་མིག་༨༠༢༨ནང་གི་པར་སྒམ་དེར་བལྟ་འདོད་ཀྱི་འདུན་པ་དྲག་པོ་ཞིག་གིས་སེམས་པ་ཡོངས་སུ་དྲངས་འགྲོ་བས་ན། དོན་དག་གཞན་དང་གཞན་ནི་ང་ལ་མཚོན་ན་ཅི་ཡང་མ་རེད། དེའི་ཕྱིར་ངས་ཉིན་འགའ་ལ་བསམ་བློ་མང་དུ་བཏང་བ་ན་ད་གཟོད་ཕ་མ་གཉིས་ལ་ཞུ་རྒྱུ་ཞིག་རྙེད་སོང་།
“ངས་གཉེན་སྒྲིག་པར་འདོད།”མཚན་མོ་དེར་ངེད་བཟའ་མི་གསུམ་པོས་འཕྲུལ་མིས་བཟོས་པའི་དགུང་ཟས་ལ་རོལ་གྱིན་པའི་སྐབས་སུ་དེ་ལྟར་ལབ་པ་ན། ཕ་མ་གཉིས་ཀྱིས་རེ་ཞིག་ཐུར་མ་ཁ་དང་རྡེར་མར་ཐོགས་པ་ལྟར་ཧད་པར་གྱུར་ཅིང་། དེ་ནས་འཕྲལ་མར་སྤྲོ་འཛུམ་མཐོང་མ་མྱོང་བ་རེ་སྟོན་གྱིན་“བུ་ཡ་བུ། དོན་དག་འདི་ནི་ངེད་ཕ་མ་གཉིས་ཀྱིས་སེམས་དོན་ཉག་གཅིག་མིན་ནམ། ཁྱེད་ལ་ད་སྔར་གཉེན་སྒྲིག་རན་རེད་ཅེས་ཐེངས་བརྒྱ་ལ་བཤད་པས་ཀྱང་མི་ཚད་མོད། ཁྱེད་ཀྱིས་དང་ལེན་བྱས་མ་སོང་བས་ངེད་གཉིས་ནི་ལོ་རེ་དང་ཟླ་རེ་ཐ་ན་ཉིན་རེར་ཡང་དོན་འདི་ལ་སེམས་ཁུར་ཁོ་ནས་འདའ་བཞིན་པ་མིན་ནམ། དགའ་བ་ལ། སྐྱིད་པ་ལ་”ཟེར་བཞིན་ངའི་གདོང་ལ་རེ་སྨོན་གྱི་མིག་ཟུང་གིས་ཅེར་བྱུང་། ངས་དེ་མུར་“ཉེ་སྔོན་ང་འགྲོ་སའི་རྟ་བོར་གྲོང་ཁྱེར་གྱི་འགྲོན་ཁང་འབྱེད་མཁན་ཚང་གི་བུ་མོ་སེམས་ལ་བབས་སོང་”ཞེས་སྨྲས་པ་ན། ཕ་མ་གཉིས་ཀྱིས་གཅིག་གིས་གཅིག་གི་གདོང་ལ་ལྟ་བཞིན་ཡང་བསྐྱར་ངོ་མཚར་བའི་ཉམས་སམ་ཡང་ན་ཡུལ་འདིའི་ཕྱུག་ཆེན་ཅིག་ཅིག་ཚང་དང་མགོ་ཁྲིད་ཉིག་ཉིག་སང་གི་བུ་མོ་སོགས་ལ་བསམ་བློ་མི་གཏོང་བར་ཡུལ་མཐའ་འཁོབ་ལྟ་བུའི་གྲོང་ཁྱེར་ཆུང་ཆུང་དེར་ཉིན་འགར་བསྡད་པས་བརྩེ་བ་ཞིག་རྙེད་སྲིད་དམ་སོགས་སྙམ་བཞིན་པ་འདྲ། གང་ལྟར་ཁོང་གཉིས་ཀྱི་ཁ་ནས་“བུ་མོ་སུ་དང་གང་ཞིག་གདམ་རྒྱུ་རང་གི་རང་དབང་ཡིན། འོན་ཏེ་འདི་ནི་མི་ཚེ་གཅིག་གི་དོན་དག་དང་ཐ་ན་ངེད་ཚང་གི་མི་རབས་ཕྱི་མའི་དོན་ཆེན་ཡང་ཡིན་ཕྱིར་གདམ་གསེས་མ་ནོར་བ་ཞིག་དགོས་”ཞེས་ལབ་སོང་། དོན་གྱིས་ངས་ནི་འགྲོན་ཁང་འབྱེད་མཁན་དེ་བ་ཚང་ལ་བུ་ཕྲུག་ཅིག་ཡོད་མེད་ཙམ་ཡང་མི་ཤེས་ལ། གལ་ཏེ་ཡོད་ན་བུའམ་བུ་མོ་གང་ཡིན་མི་ཤེས། གལ་ཏེ་བུ་མོ་ཞིག་ཡོད་པའི་དབང་དུ་བཏང་ནའང་དེས་གཉེན་སྒྲིག་ཟིན་པའམ་ཡང་ན་དགའ་རོགས་ཡོད་པ་སོགས་གང་ཡང་མི་ཤེས་མོད། གང་ལྟར་ཁོ་ཚང་ལ་བུ་མོ་ཞིག་ཡོད་ན་དེར་མཛའ་བ་སྟོན་རྒྱུ་ནི་ད་ལྟ་ངའི་མི་ཚེའི་སེམས་འདུན་ཉག་གཅིག་ཡིན་ཏེ། དེ་ལྟར་ན་ངས་པར་སྒམ་ནང་གི་ཞིང་ཁམས་དེར་ནམ་ཡང་མྱོང་རོལ་བྱ་ཆོག་ལ། ཐ་ན་རང་ལ་དབང་བའང་མ་ཡིན་ནམ་སྙམ།
ད་ལྟ་ངས་རྟ་བོར་གྲོང་ཁྱེར་གྱི་འགྲོན་ཁང་༨༠༢༨ཀྱི་ཁང་མིག་དེ་དྲན་ནས་སྡོད་བཟོད་མི་བདེ། ཁང་མིག་དེའི་ནང་གི་པར་སྒམ་དེ་དྲན་ནས་དེ་བས་ཀྱང་ལུས་རང་ཡུལ་དུ་ཡོད་ཀྱང་སེམས་གཞན་ཡུལ་དུ་ཤོར་ནས་ནང་དུ་མི་ཁུག་པས། ངེད་སྤྱི་གཉེར་ཁང་ཆེན་མོའི་བྱ་གཞག་དག་སྡེ་ཁག་སོ་སོའི་གཙོ་འགན་པ་དག་ལ་བཅོལ་གདམས་ལེགས་པོ་བྱས་ཏེ་རང་ཉིད་མི་ཚེའི་དོན་ཆེན་གཉེན་སྒྲིག་གི་ཆེད་དུ་དུས་ཡུན་རིང་ཙམ་ལ་འོང་མི་ཐུབ་པར་བཤད་ནས་སླར་ཡང་མཐོ་སྒང་གི་གྲོང་ཁྱེར་དེར་སྙེག
ད་ཐེངས་ཕ་མ་གཉིས་ཀྱིས་ཀྱང་དགའ་བའི་འཛུམ་དང་རེ་བའི་སྨོན་འདུན་གྱིས་སྐྱེལ་མ་བྱས་པས་སྔོན་མའི་བྲོས་བྱོལ་ལྟར་གྱི་འགྲུལ་བཞུད་དེ་མིན་པར་སེམས་ཁམས་སྐྱིད་པོ་བྱུང་། ང་རང་བསྐྱར་དུ་རྟ་བོར་གྲོང་ཁྱེར་གྱི་༨༠༢༨ཀྱི་ཁང་མིག་ཏུ་སླེབས་མ་ཐག་ཡུན་རིང་བྲལ་བའི་ཨ་མ་བུ་ལ་འཕྲད་པ་ལྟར་པར་སྒམ་ལག་ཏུ་བླངས་ཤིང་གངས་རིར་ཐོད་པ་གཏུགས། སྙིང་ལ་སྦྱར་ཞིང་ཡང་ཡང་བལྟས། ཞབས་ཞུ་བ་འཕྲུལ་མི་ཞིག་མིན་རྒྱུ་ན་ང་ནི་ཀླད་པ་རྒྱུན་ལྡན་མིན་པ་ཅན་ཞིག་རེད་འདོད་ངེས།
ང་དེ་ལྟར་ཉིན་མོར་པར་སྒམ་ནང་གི་གངས་རིའི་མདུན་དུ་བསྡད་ཅིང་། མཚན་མོར་པར་སྒམ་སྔས་མགོར་བཞག་ནས་ཉལ་ཏེ་ཉིན་ཞག་ག་ཚོད་འགོར་བའང་མ་ཤེས། ངས་དྲ་བ་ལས་འགྲོན་ཁང་གི་ནང་ཁུལ་གྱི་རྒྱུ་ཆར་བཤེར་བ་ན། འགྲོན་ཁང་གི་བདག་པོ་ཚང་ལ་བཟའ་མི་གསུམ་སྟེ་ངེད་ཚང་དང་འདྲ་བོ་འདུག ཕ་མ་གཉིས་དང་བུ་ཕྲུག་གཅིག་རེད་འདུག མི་འདྲ་ས་ནི་བུ་ཕྲུག་བུ་མོ་ཡིན་འདུག་པས་ངའི་འདོད་ཐོག་ཏུ་གོམ་པ་དང་པོ་སྤོས། ཕ་མ་གཉིས་ནི་གྲོང་ཁྱེར་འདིའི་མགོ་ཁྲིད་མཐོ་ཤོས་གཉིས་ཡིན་ཞིང་། བུ་མོ་འབུམ་རམས་སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་ཞིབ་འཇུག་ཁང་ཞིག་ཏུ་ལས་ཀ་ལས་ཀྱིན་ཡོད་འདུག བུ་མོའི་པར་ལ་བལྟས་ན་མཛེས་མ་ཞིག་འདུག་ཅིང་། ལོའང་རང་ལས་ལོ་གཅིག་གིས་ཆུང་བ་སྟེ་གཉེན་སྒྲིག་བྱས་མེད་ཅེས་བྲིས་འདུག་པས་ན་ངའི་འདོད་ཐོག་ཏུ་གོམ་པ་གཉིས་པའང་སྤོས་སོང་། འོན་ཏེ་དགའ་རོགས་ཡོད་མིན་ནི་དྲ་སྟེང་ནས་ཤེས་མ་སོང་། གཞན་ཡང་རྒྱུས་ལོན་བྱས་པ་ལྟར་ན། བུ་མོ་དེ་ཕ་མས་ཤུལ་བཞག་གི་ཨ་མྱེ་རྨ་ཆེན་གངས་རིའི་པར་དེར་ཤིན་ཏུ་དགའ་བས་ན། མོའི་འདོད་པ་ལྟར་ཐོག་མའི་པར་དེ་རང་གི་མལ་ཁང་དུ་བཞག་ཅིང་། དེའི་བཀྲུ་ཐེངས་གཉིས་པ་ནི་ཁོ་ཚང་གི་འགྲོན་ཁང་གི་ཁང་མིག་རེ་རེའི་ནང་དུ་ཡོད་རབས་ཟེར། གནས་ཚུལ་དེ་ཐོས་རྗེས་ངའི་སེམས་སུ་“ཨ་ཁ། ངའི་ཟུར་གྱི་ཨ་མྱེ་རྨ་ཆེན་གྱི་པར་ནི་ཐོག་མའི་པར་མིན་པར་པར་ཐེངས་གཉིས་པ་ཡིན་ནམ། པར་ཐེངས་དང་པོ་སྟེ་མི་གངས་རིའི་མདུན་དུ་དངོས་སུ་ཕྱིན་ནས་བླངས་པའི་པར་དེ་མོའི་ལག་ཏུ་ཡོད་དམ། མོའང་གངས་རི་ལ་དེ་ལྟའི་དགའ་བ་ཚད་མེད་ཡོད་དམ། དེས་ན་མ་མཐའ་ཡང་ངེད་གཉིས་ཀྱི་དགའ་ཕྱོགས་རིགས་ཤིག་གཅིག་པ་མིན་ནམ། ངས་འཚོལ་དགོས་པའི་པར་དེ་མོའི་ལག་ཏུ་ཡོད་ཅིང་། འཚོལ་དགོས་པའི་མིའང་མོ་རང་མིན་ནམ།” དེ་དང་དེ་ལྟར་སྙམ་བཞིན་པར་སྒམ་སྟེགས་བུར་བཞག་སྟེ་མོའི་ཁ་པར་དུ་བརྡ་འཕྲིན་འབྲི་མགོ་བརྩམས། གངས་རི་ནས་མགོ་རྩོམ་མམ་མོ་རང་ནས་མགོ་རྩོམ། ཡང་ན་རང་ཉིད་ངོ་སྤྲོད་ནས་མགོ་རྩོམ་མམ། ཁོ་ཚང་གི་འགྲོན་ཁང་ནས་མགོ་རྩོམ། ཡང་ན་་་་་་ཡང་ན་་་་་་