༄༅།། དབུ་ཁྱུད་ཀྱི་རིགས་དབྱེ་དང་བྱེད་ནུས་ལ་རོབ་ཙམ་དཔྱད་པ།

ཕྱྭ་གཡང་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-06



ཕྱྭ་གཡང་རྒྱལ། མཚོ་སྔོན་དགེ་ཐོན་སློབ་ཆེན། 

         དབུ་ཁྱུད་དེ་རྒྱ་དཔེ་རྣམས་ཀྱི་མགོར་ༀ་འཇོག་སྲོལ་ཡོད་པ་ལས་རིམ་འགྱུར་བྱས་ཏེ་བྱུང་བ་དང་རང་རེའི་གནའ་བོའི་ཡིག་ཚགས་ཀྱི་ཁྲོད་དུའང་ཡིག་མགོར་ༀ་སོར་འཇོག་བྱས་ཡོད། ཡང་དབུ་ཁྱུད་ཀྱི་ཆེས་ཐོག་མའི་རྣམ་པ་དེ་ཉི་ཟླའི་འོག་ཏུ་མེའམ་ཡང་ན་སྤྲིན་ཞིག་ཡོད་པའི་རིས་དང་ཤིན་ཏུ་འདྲ་བ་དེ་ཏག་ཏག་རྒྱ་གར་གྱི་ཡི་གེའི་རིག་གནས་ཀྱི་རྨང་སྟེ་བྲམ་ཟེའི་རིག་བྱེད་བཞིའི་བསྟོད་པ་དང་མཆོད་གནས་ཀྱི་བརྗོད་བྱ་དང་ཀུན་ནས་མཐུན་པས་རིག་བྱེད་དུས་རབས་ནས་ཡོད་པ་བསྙོན་དུ་མེད།


 དང་པོ། དབུ་ཁྱུད་ཀྱི་རིགས་དབྱེ།

        བོད་ཀྱི་དེ་སྔའི་རྡོ་རིང་དང་། བྲག་བརྐོས་དང་ཅོང་ཡིག ཁྲམ་བྱང་། ཏུན་ཧོང་ཡིག་རྙིང་། གཏེར་མ། དེ་མིན་གཞན་པའི་ལག་བྲིས་རྙིང་ཤོས་སོགས་ལ་བལྟས་ན། དབུ་ཁྱུད་དེ་ཡིག་རྒྱུན་མི་འདྲ་བ་དང་། དུས་རབས་མི་འདྲ་བ། སྦྱོར་བའི་སྐབས་མི་འདྲ་བ་སོགས་ཀྱི་དབང་གིས་དབུ་མེད་དང་དབུ་ཅན་སོ་སོར་རང་རང་གི་རྣམ་པ་མི་འདྲ་བའི་དབུ་ཁྱུད་ཀྱི་གཟུགས་དང་སྦྱོར་སྲོལ་མི་འདྲ་བ་རེ་ཡོད་པ་དེ་དབྱེ་གཞི་མི་འདྲ་བའི་སྒོ་ནས་རིགས་དང་དབྱེ་བ་གང་མང་ཞིག་ལ་བགོས་ཆོག་སྟེ། དང་པོ་མིང་གི་འདོགས་སྟངས་ཀྱི་ཐད་ནས་དབུ་ཁྱུད་དང་དབུ་ཁྱུང་། དབུ་མགོ། ཡིག་མགོ། ཏང་ཀྱོག་གམ་དང་ཀྱོག་ཡང་ན་དང་ཁྱོག བེརྒ་དང་བེར་ཀ་བཅས་འབོད་སྟངས་ཆེན་པོ་གསུམ་དང་བྱེ་བྲག་གི་འབྲི་སྟངས་མི་འདྲ་བ་དུ་མ་ཞིག་ཡོད་ལ། དེ་དག་ལས་དབུ་དང་མགོ་ཡི་སྐོར་ནི་ཡི་གེའི་སྔོན་དུ་འབྲི་བའི་ཆ་ནས་བཏགས་པ་ཡིན་ལ། དང་ཁྱོག་ནི་སྤྱིར་དང་པོ་ཉིད་ནས་འཁྱོག་ནས་ཡོད་པའི་ངེས་ཚིག་འདྲེན་པ་དང་ས་སྐྱ་པཎ་ཆེན་གྱིས་ཡི་གེའི་དང་པོར་འཇུག་པས་བཏགས་པར་གསུངས་པའི་དགོངས་དོན་གཅིག་ལ་ཁེལ་ཡོད་ཅིང་། བེརྒ་ནི་མ་གཞིར་སྒོ་ཕྱུགས་དང་ཁྱི་སོགས་ལ་རྡེག་བྱེད་དང་འབྲུ་མགོ་རྡུང་བྱེད། ལོང་བའི་འཁར་བ་སོགས་ཀྱི་དབྱུ་གུར་གོ་བའི་གཞི་དོན་ནི་ཚང་མ་ཐོག་མར་བེར་ཤིང་གིས་བཟོས་པས་དེ་ལྟར་ཐོགས་ལ། དབུ་ཁྱུད་ཀྱི་མིང་ལ་དེ་ལྟར་འདོགས་དོན་ནི་ཚུགས་ཀའི་ཐད་ནས་ཨེ་ཡིན་སྙམ་རུང་རྒྱུ་མཚན་ཆེན་པོ་མེད་པས། རྡོ་གྲུབ་བསྟན་པའི་ཉི་མའི་ཉམས་མགུར་ཞིག་ཏུ། བེརྒ་སྔོན་དུ་བཏང་ནས་ཁུག་སྟོང་མཆན། །ཞེས་བཀོད་པ་ལྟར་བེརྒ་དེ་རྒྱུན་པར་སྔོན་དུ་འདོགས་པའི་ཆ་ནས་བཏགས་པར་བསམ་པ་ཀུན་གྱིས་དཔྱོད་པར་རིགས། གཉིས་པ་འབྲི་སྟངས་ཐད་ནས་བོད་ཀྱི་གནའ་བོའི་ཡིག་ཚང་དུ་ཡིག་མགོའི་རྣམ་པ་མི་འདྲ་བ་བདུན་ཙམ་རེས་མོས་ཀྱིས་སྤྱོད་བཞིན་ཡོད་པ་དང་། དབུ་ཅན་ལ་གནའ་བོའི་ཡིག་རྙིང་དང་གཏེར་མ་རྣམས་སུ་དབུ་ཁྱུད་རིགས་ཉི་ཤུར་ཉེ་བ་ཙམ་ཡོད་ཅིང་། དབུ་མེད་ལ་གནའ་བོའི་ཡིག་རྙིང་དང་གཏེར་མ་རྣམས་སུ་དབྱུ་ཁྱུད་རིགས་བཅུ་གྲངས་ལྷག་ཡོད། དེ་དག་ལས་ཕལ་མོ་ཆེ་ནི་དུས་རིམ་སོ་སོ་དང་ས་གནས་སོ་སོའི་བོད་ཡིག་གི་ཡིག་རྒྱུན་མི་འདྲ་བ་ལས་བྱུང་བ་དང་། གཞན་ཕྱི་ཡིག་ཀསྨིར་སོགས་ཡིག་རིགས་མང་པོའི་མགོར་ཡང་རང་རང་གི་དབུ་ཁྱུད་ཡོད་པ་འདིར་མི་འགོད་དེ་ཀུན་ནས་ངེས་པར་བྱ། ད་དུང་དེའི་ཁྲོད་དབུ་ཁྱུད་ལ་ཕྱེད་མིག་གམ་མིག་གཅིག་ཅན་ཡང་ན་ཆིག་སྦྲེལ༄དང་། མིག་གཉིས་ཅན་ནམ་ཉིས་སྦྲེལ། ༄༅། མིག་གསུམ་ཅན་ནམ་སུམ་སྦྲེལ༄༅༅གསུམ་དུ་ངེས་པ་བཀའ་བསྟན་དང་བསྟན་བཅོས་ཁུངས་བཙན་ཀུན་གྱི་སྦྱོར་ལུགས་ལ་བལྟས་ན། མིག་གསུམ་ཅན་དེ་རྒྱལ་བའི་གསུང་རབ་དངོས་དང་དེའི་སྤྲུལ་པ་མིའི་གར་དུ་རོལ་པ་ཀུན་གྱི་བསྟན་བཅོས་ཀྱི་མགོར་སྦྱར་ཡོད་པ་དང་། མིག་གཉིས་ཅན་དེ་རྒྱ་བོད་ལོ་པཎ་སོགས་རྗོད་བྱེད་ཀྱི་སྒྲ་རྣམ་པར་དག་པའི་སྒོ་ནས་བསྟན་བཅོས་རྩོམ་མཁན་ཚོའི་བསྟན་བཅོས་ཀྱི་མགོར་འཇོག་པ་དང་། མིག་ཕྱེད་ཅན་དེ་སྐྱེ་བོ་ཕལ་པས་གཏོ་སྒྲུབ་ཀྱི་རིག་པ་སོགས་བསྟན་པའི་བརྩམས་ཆོས་གང་རུང་གི་མགོར་འཇུག་གིན་ཡོད་པ[1]རྗེས་སོར་རྒྱ་བོད་མཁས་པའི་བསྟན་བཅོས་འབོར་ཆེ་བའི་ཤུགས་རྐྱེན་འོག་ཕལ་ཆེ་བར་མིག་གཉིས་ཅན་དེ་སྦྱོར་བའི་སྲོལ་ཆགས་ཡོད།


 གཉིས། དབུ་ཁྱུད་ཀྱི་བརྡ་སྤྲོད་ནུས་པ།

        དབུ་ཁྱུད་དེ་བོད་ཀྱི་ཡི་གེ་ལ་སྲོག་དང་རྐྱེན་གྱི་ཡི་གེ་དང་ཕ་མ་བུ་ཚའི་ཡི་གེ་སོགས་སུ་དབྱེ་བ་ལས། རྐྱེན་གྱི་ཡི་གེ་ཞིག་ཡིན་པའི་ཆ་ནས་རང་ངོས་ཀྱི་བརྡ་སྤྲོད་ཀྱི་ནུས་པ་གཞན་གྱིས་འཐུས་སུ་མི་རུང་བ་དུ་མ་ཞིག་ཡོད་དེ། རེ་རེ་བཞིན་བགྲང་ན། དང་པོ་གང་ལ་སྦྱར་བྱའི་ཡུལ་ལ་བཀྲ་ཤིས་ཕུན་ཚོགས་ཀྱི་དོན་དང་ལྡན་པར་བྱེད་པ་གོང་གི་ༀ་དང་འབྲེལ་ནས་རྒྱས་པར་ཞུས་ཟིན་པ་ལྟར། དེ་ལས་ལྡོག་ན་བསྔོ་ཡིག་སོགས་ཀྱི་མགོར་དབུ་ཁྱུད་འབྲི་སྲོལ་མེད་པ་ལས་ཀྱང་འདི་རིགས་པས་ཕྱིར་སྒྲུབ་ཐུབ། གཉིས་པ་དབུ་ཁྱུད་ཀྱི་མིག་གི་མང་ཉུང་ལྟར་བསྟན་བཅོས་ཀྱི་རིགས་སྤྱི་ཙམ་པ་གང་ལ་གཏོགས་པ་ཤེས་ཐུབ་པ་ཡང་དགོས་པ་གཞན་གྱིས་གོང་དུ་ཞིབ་མོར་བརྗོད་པ་ལྟར་ཡིན། གསུམ་པ་སྔོན་གྱི་ཤིང་པར་སྣ་རིང་ལ་མཚོན་ན་ཆ་རྐྱེན་གྱི་དབང་གིས་པོད་གཅིག་ནང་གི་ཆོས་ཚན་མི་འདྲ་གཅིག་རྫོགས་ནས་གཞན་ཞིག་གི་མགོ་རྩོམ་དགོས་ནའང་། ཤོག་ངོས་རྗེས་མ་ནས་མི་རྩོམ་པར་དེ་མུར་བར་དུ་དབུ་ཁྱུད་རེ་བཞག་ནས་རྗེས་སུ་མཐུད་ཡོད་པས། དབུ་ཁྱུད་ལ་ལེའུ་དང་ཆོས་ཚན་མི་འདྲ་བ་དགར་བ་དང་མགོ་བརྩམས་པ་མཚོན་པའི་ནུས་པ་དང་ལྡན། བཞི་པ་ཡང་གླེགས་བམ་གྱི་རྒྱ་རིམ་པ་བདུན་གྱི་སྐབས་སུ་ཤོག་ངོས་སོ་སོའི་མདུན་རྒྱབ་མི་ནོར་བའི་ཆེད་དུ་ཡིག་མགོ་ཟེར་བ་བཞིན་སྔོན་གྱི་གླེགས་བམ་སྣ་རིང་གི་ཉིན་ཤོག་གི་མགོར་དབུ་ཁྱུད་ཅིག་བཞུགས་པས་ཉིན་སྲིབ་མི་ནོར་བའི་ནུས་པ་དང་ལྡན། ལྔ་པ་བྲིས་རྒྱུན་མི་འདྲ་བ་སོ་སོར་རང་རང་གི་དབུ་ཁྱུད་འབྲི་སྟངས་མི་འདྲ་བ་རེ་ཡོད་ལ། བྲིས་རྒྱུན་གཅིག་གི་ནང་དུའང་དབུ་ཁྱུད་ཀྱི་གནས་དང་སྨྱུག་རིས་སོགས་ཡི་གེ་གཞན་དང་མི་འདྲ་བའི་ཆ་ནས་མཛེས་དཔྱོད་ཀྱི་ནུས་པ་གཞན་གྱིས་ཚབ་བྱེད་མི་ཐུབ་པ་ལུས་ལ་ངོ་གདོང་གི་མཛེས་པ་ལྟ་བུའི་གོ་ཆོད་ཀྱིན་ཡོད་དོ། །


 གསུམ་པ། དབུ་ཁྱུད་བཀོལ་སྟངས་ཐད་ཀྱི་གྲོས་གཞི།

        དེང་གི་དུས་འདིར་རྩོམ་སྒྲིག་དང་ཡིག་འབྲིའི་ཁྲོད་དབུ་ཁྱུད་ཀྱི་སྦྱོར་སྟངས་ཐད་ནས་རྣམ་པ་གཏན་ཆགས་པ་ཞིག་ཡེ་ནས་བྱུང་མེད་པས། ཡིག་རྒྱུན་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་གཞིར་བཟུང་བའི་སྔོན་འགྲོའི་སྟེང་གཅིག་གྱུར་གྱི་དབུ་ཁྱུད་སྦྱོར་སྟངས་ཤིག་གཏན་ལ་འབེབ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྙམ་པས། སྔོན་གྱི་བྲག་བརྐོས། ཅོང་ཡིག ཁྲམ་བྱང་། ཤོག་དྲིལ། བཀའ་བསྟན་སོགས་ལ་ཉམས་ཞིབ་རེ་བྱས་ན་རྣམ་པ་གཏན་ཆགས་པའི་དབུ་ཁྱུད་ཀྱི་སྦྱོར་ལུགས་ཤིག་རྙེད་ཐུབ་སྟེ། མིག་གི་སྦྱོར་སྟངས་སྔོན་དུ་སོང་བ་ལྟར། རྒྱལ་བའི་བཀའ་དང་དེའི་སྡེ་སྣོད་འཛིན་པའི་སྐྱེས་ཆེན་བླ་སྤྲུལ་རྣམས་ཀྱི་གསུང་ལ་མིག་གསུམ་ཅན་སྦྱོར་བ་དང་དེ་དག་གི་ནང་ཡང་ལེའུ་ཆེན་པོའི་མགོར་མིག་གསུམ་ཅན་དང་བྱེ་བྲག་གི་སྡེ་ཚན་གྱི་མགོར་མིག་གཉིས་ཅན་འཇོག རྒྱ་བོད་ལོ་པཎ་གཙོས་མཁས་པ་རྣམ་པའི་རྗོད་བྱེད་ཀྱི་སྒྲ་རྣམ་པར་དག་པ་ལས་འཁྲུངས་པའི་བསྟན་བཅོས་ལེགས་བཤད་བསླབ་བྱ་དང་བཅས་པར་མིག་གཉིས་ཅན་སྦྱོར་བ། སྐྱེས་བུ་ཕལ་པའི་གཏོ་སྒྲུབ་དང་འཇིག་རྟེན་ཕོ་མོའི་བརྩེ་བ། གསལ་བཤད་དང་ཞིབ་བརྗོད་སོགས་འབྲི་བའི་སྐབས་སུ་ཕྱེད་མིག་གམ་མིག་གཅིག་ཅན་བཅས་སྦྱོར་དགོས་ལ། སྒོས་སུ་ཕྱེད་མིག་གམ་མིག་གཅིག་ཅན་དེ་སྤྱོད་སའི་ཡུལ་ནི་ཤིན་ཏུ་མང་རུང་མི་སྤྱོད་པ་དེ་གཅིག་ནས་དབུ་ཁྱུད་སྦྱོར་བའི་འདུ་ཤེས་མེད་པ་དང་གཉིས་ནས་ཐམས་ཅད་ལ་མིག་གཉིས་ཅན་སྦྱོར་བར་གོམས་ཤིང་མིག་གཅིག་ཅན་སྦྱོར་བའི་འདུ་ཤེས་མེད་པའི་ཁར། མིག་གཉིས་ཅན་གྱི་སྙུག་རིམ་ནི་མིག་གཅིག་ཅན་ལས་མང་བས་དེ་མུར་དཀའ་བར་བཤོལ་ཆེད་མ་བྲིས་པ་ཡིན་ལ། རང་རང་ཐོབ་ཐང་ལྟར་སྦྱར་ན་དཀའ་ཚེགས་ཀྱང་ཆུང་བས་ཚན་རིག་རང་བཞིན་ལྡན་པ་ནི། སྤྱིར་ཕྱེད་མིག་སྦྱོར་དགོས་པའི་སྐྱེ་བོ་ཕལ་པའི་རྩོམ་ཕལ་པའི་རིགས་ཀྱིས་ཆེས་མང་ཤོས་ཟིན་པ་དང་། དེའི་རྗེས་སུ་མིག་གཉིས་སྦྱོར་དགོས་པའི་རིགས་དང་ཆེས་ཉུང་བ་སྔོན་མ་དེ་ཡིན་ནོ། །དེ་བཞིན་དབུ་ཁྱུད་དེ་དག་གི་རྗེས་སུ་ཤད་ག་ཚོད་སྦྱོར་བ་དང་། དབུ་ཁྱུད་དང་ཤད་ཀྱི་བར་ཐག་ཅི་ཙམ་འཇོག་པ་དང་། རྗེས་ཀྱི་ཤད་དང་ཤད་ཀྱི་བར་ཐག་ཅི་ལྟར་འཇོག་པ་སོགས་ཀྱི་ཐད་ནས། མིག་གསུམ་ཅན་ལ་མཚོན་ན་ཉིས་ཤད་སྦྱོར་བ་དང་ཤད་ཀྱི་བར་ལ་ཁམ་གང་འཇོག་དགོས་པ། དེང་གི་གློག་རྡུལ་ཡིག་གཟུགས་ལྟར་ན་བར་ཐག་སྟོང་མཐེབ་གཅིག་མནན་པས་ཆོག་པར་སྒྲིག་སྦྱོར་བྱེད་སྟངས་དང་ཐིག་ཕྲེང་གཅིག་གི་ཡི་གེའི་གྲངས་ཀ་ལས་བར་ཐག་ཉེ་རིང་ཅི་རིགས་འབྱུང་སྟེ། ༄༅༅། །འདི་ལྟ་བུ་དང་། མིག་གཉིས་ཅན་ལ་མཚོན་ན་ཡང་ཉིས་ཤད་སྦྱོར་བ་དང་ཤད་ཀྱི་བར་ལ་ཁམ་གང་འཇོག་དགོས་པ་གོང་དང་འདྲ་བ།༄༅། །ལྟ་བུ་ཡིན་ལ། སྤྱིར་ཆིག་ཤད་ནི་དབུགས་ཀྱི་སྡོད་མཚམས་ཆེན་པོ་དང་སྐབས་དོན་རེ་ཞིག་རྗོགས་པར་སྟོན་ཆེད་ཡིན་པར། ཉིས་ཤད་ནི་ལེགས། །ལྟ་བུར་སྦྱོར་དགོས་པ། འདིའི་སྐབས་ཀྱི་ཉིས་ཤད་ནི་ཚིགས་བར་གྱི་ལྷུ་ལྟར་རྐང་པ་སྔ་གཞུག་གཉིས་ཀྱི་བར་དུམ་བུར་བཅད་ཅིང་མཉམ་པོར་མཐུད་ཡོད་པ་འདིར་མཛེས་དཔྱོད་ཀྱི་ཆ་ནས་ཀྱང་རང་ངོས་ཀྱི་དགེ་མཚན་ཆེན་པོ་ལྡན། ཡང་མིག་གཅིག་ཅན་ལྟ་བུར་མཚོན་ན་ཤད་གཅིག༄།དང་ཤད་གཉིས༄། །འདི་ལྟ་བུར་སྦྱོར་བའི་སྲོལ་གཉིས་ཡོད་པ་ལས་མཛེས་དཔྱོད་ཀྱི་ཆ་ནས་ཤད་གཅིག་སྦྱར་ན་ལེགས་པ་འདི་ལྟར༄།ཧི་མ་ལ་ཡི་ཉིན་སྲིབ། ༄། །ཧི་མ་ལ་ཡི་ཉིན་སྲིབ། ལྟ་བུ་གཉིས་ལ་མཚོན་ན་ཉིས་ཤད་བཞག་ན་ས་ཆོད་ཀྱི་ཆ་ནས་དབུ་ཁྱུད་རང་ལས་བརྒལ་འགྲོ་བས་སྤྱིར་དབུ་ཤད་གཉིས་རྐྱེན་གྱི་ཡི་གེ་ཡིན་རུང་། འདིའི་སྐབས་ཤད་ཀྱིས་དབུ་ལ་རྐྱེན་བྱས་ཡོད་ལ་དབུ་གཙོ་བོ་དང་ཤད་ཕལ་པ་ཡིན་པས་ས་ཆོད་ཀྱི་ཆ་ནས་དབུ་ཁྱུད་ལས་ཆུང་ན་ལེགས་སྙམ་པ་འདི་ནི་གྲོས་གཞི་ཙམ་ཡིན་ནོ། །


 ལུང་ཁུངས།


 [1]ཨ་ཁུ་བདེ་མཆོག་གིས་རྒྱལ་བའི་གསུང་རབ་ཇི་ལྟར་ཉར་ཚགས་བྱེད་ཚུལ་སྐོར་གྱི་འཆད་ཁྲིད་སྐབས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1