དཀར་མཛེས་ཁུལ་གྱི་ཐོག་འགོག་གནོད་སེལ་གྱི་བྱ་ཐབས་དོན་ཚན་བཅུ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-07



        གཅིག། འགན་འཁྲི་ནན་དུ་བཏང་ནས་ཐོག་འགོག་པ། རྫོང(གྲོང་ཁྱེར)སོ་སོའི་སྲིད་གཞུང་གིས་ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཐོག་འགོག་གནོད་སེལ་ལས་དོན་ལ་སྣེ་ཁྲིད་སྒྲིག་འཛུགས་དང་མགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་། ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་སྟེ་དུས་ཐོག་ཏུ་ཐོག་འགོག་གནོད་སེལ་གྱི་ལྟ་སྐུལ་དོ་དམ་ལས་ཀའི་ཁྲོད་ཀྱི་གལ་ཆེ་བའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱ་དགོས། འཚུབ་བསྟུན་དོ་དམ་སྡེ་ཁག་གིས་ཐོག་འགོག་གནོད་སེལ་ལས་དོན་ལ་གཅིག་གྱུར་གྱིས་མཐུན་སྦྱོར་དང་ཉེན་མེད་ཕྱོགས་བསྡུས་ཀྱིས་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ་དང་།གནམ་གཤིས་སྡེ་ཁག་གིས་ཐོག་འགོག་གནོད་སེལ་ལས་དོན་སྒྲིག་འཛུགས་དང་དོ་དམ་བྱེད་འགན་འཁུར་རྒྱུ། ཁུལ་དང་རྫོང་གི་འབྲེལ་ཡོད་ལས་རིགས་སྡེ་ཚན་གྱིས་དོ་དམ་གསུམ་དང་ངེས་པར་དུ་གསུམ་ཞེས་པའི་རྩ་དོན་ལྟར་ཐོག་འགོག་གནོད་སེལ་གྱི་འགན་འཁྲི་ནན་ཏན་བསྒྲུབ་དགོས། རིམ་ཁག་སྲིད་འཛིན་ཁེ་ལས་དང་བྱ་གཞག་སྡེ་ཚན།ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱིས་ཐོག་འགོག་གནོད་སེལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་སྡེ་ཁག་དང་ལས་ཁུངས་དེ་གའི་ཐོག་འགོག་གནོད་སེལ་གྱི་ལས་དོན་ཡག་པོ་བསྒྲུབ་དགོས།

        གཉིས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱས་ཏེ་ཐོག་འགོག་པ། རྫོང(གྲོང་ཁྱེར)ཁག་གིས་ཐོག་འགོག་གནོད་སེལ་གྱི་ནང་དོན་དེ“ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་གཏོང་ཐེངས་བརྒྱད་པའི”ནང་དོན་གལ་ཆེན་དུ་གཞག་དགོས། ཁ་པར་དང་རླུང་འཕྲིན།བརྙན་འཕྲིན།ཚགས་པར།དྲ་བ་སོགས་གཞི་སྟེགས་སྣ་ཚོགས་ཡག་པོ་སྤྱད་དེ། འཕྲེད་འགེལ་ཡིག་རིས་དང་། སྦྱར་ཡིག་སྦྱར་བ་དང་། ཐོག་འགོག་ཤེས་བྱའི་ལག་དེབ་སྒྲིག་པ། བརྙན་ཐུང་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་ནས། ཞིང་འབྲོག་ཁུལ་དང་ནགས་ཁུལ།སློབ་གྲྭ།ཁེ་ལས།སྤྱི་ཁུལ།དགོན་སྡེ་སོགས་སུ་ཐོག་འགོག་གནོད་སེལ་གྱི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བྱས་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་ཤེས་སུ་འཇུག་ཐུབ་པ་བྱ་དགོས།སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་ཐོག་འགོག་དང་།ཚན་རིག་དང་མཐུན་པའི་ཐོག་འགོག་པ།རང་འགུལ་ངང་ཐོག་འགོག་པ་སོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་དམངས་ཡོངས་ཀྱི་རང་ཉིད་འགོག་སྲུང་དང་།འཚུབ་བསྟུན་ཉེན་གཡོལ།རང་སྐྱོབ་རེས་སྐྱོབ་བཅས་ཀྱི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས།

        གསུམ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་བཏང་ནས་ཐོག་འགོག་པ། རིམ་པ་སོ་སོའི་གནམ་གཤིས་སྡེ་ཁག་གིས་གློག་འཁྱུག་ཐོག་རྒྱག་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ལས་སྒོའི་མ་ལག་འཛུགས་པར་ཤུགས་བརྒྱག་དགོས། གློག་འཁྱུག་ཐོག་རྒྱག་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཐབས་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གཏད་རྒྱུག་གནམ་གཤིས་དྲག་པོར་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རེག་བརྡ་དང་གློག་འཁྱུག་གནས་ཡུལ་དཔྱད་ཆས་སོགས་སྒྲིག་བཀོད་དང་སྒྲིག་ཆས་བེད་སྤྱོད་གང་ལེགས་བྱེད་ཅིང་།གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་དམ་ཟབ་བྱ་དགོས།གཏད་རྒྱུག་གནམ་གཤིས་སྔོན་བསྒྲགས་ཐེངས་གྲངས་མང་དུ་གཏོང་བ་དང་། དུས་ཐུང་ནང་གློག་འཁྱུག་ཐོག་རྒྱག་གི་ཉེན་བརྡ་དང་ཉེན་བརྡ་གཏོང་བའི་བརྡ་རྟགས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་གློག་འཁྱུག་ཐོག་རྒྱག་གི་གནམ་གཤིས་ལྟ་ཞིབ་ཚད་ལེན་སྔོན་བསྒྲགས་ཀྱི་གནད་འཁེལ་ཚད་དང་དུས་གོ་ཆོད་ཚད་ཇེ་མཐོར་གཏང་དགོས།

        བཞི། ཉེན་བརྡ་བཏང་ནས་ཐོག་འགོག་པ། རྫོང(གྲོང་ཁྱེར)ཁག་གིས་དྲག་ཆར་འབབ་པའི་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་སྤྱི་ཚོགས་བརྡ་ཁྱབ་ལམ་ལུགས་འཐུས་ཚང་དུ་བཏང་ནས་གཞི་རིམ་གྱི་འགན་འཁུར་བའི་སར་བསླེབ་ཐུབ་པའི་དྲག་ཆར་ཉེན་བརྡ་དང་དུ་ལེན་པའི་ནང་སྲོལ་འཐུས་སྒོ་ཚང་དུ་གཏང་དགོས། རླུང་འཕྲིན་དང་།བརྙན་འཕྲིན།འཕྲིན་ཐུང་། གྲོང་སྡེའི་རྒྱང་སྒྲོག་སོགས་སྤྱད་དེ་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེའི་ཉེན་བརྡའི་ཆ་འཕྲིན་དང་ཉེན་ཟོན་ཉེན་གཡོལ་དྲན་སྐུལ་བསྟུད་མར་བསྒྲགས་པ་དང་། ཡུལ་ཤོག་དང་གྲོང་རྡལ།གྲོང་ཚོ་དང་ཚོ་ཆུང་གི་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དེ་ཆེས་མགྱོགས་ཤོས་ཀྱི་ཐོག་ནས་གྲོང་ཚོ་དང་།དུད་ཚང་།མི་བཅས་ལ་ཐད་ཀར་བརྒྱུད་སྤྲོད་ཐུབ་པའི་འགན་ལེན་བྱ་དགོས། གྲོང་ཚོ་དང་ཚོ་ཆུང་གི་ཐོག་འགོག་གནོད་སེལ་གྱི་ཆེད་ལས(གཅིག་ལྕོགས་)ལས་གནས་ཆ་འཕྲིན་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ཁྲིད་སྟོན་དང་། ཉེན་མེད་ཞིབ་བཤེར། ཆ་འཕྲིན་བསྡུ་རུབ་བརྒྱུད་སྤྲོད། གནོད་འཚེའི་སྙན་ཞུ་སོགས་ཀྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱ་དགོས།

        ལྔ། ལུགས་མཐུན་ཉེན་གཡོལ་བྱས་ཏེ་ཐོག་འགོག་པ། གློག་འཁྱུག་ཐོག་རྒྱག་གི་གནམ་གཤིས་དང་འཕྲད་པའམ་གློག་འཁྱུག་ཐོག་རྒྱག་གི་ཉེན་ཟོན་སྔོན་བརྡ་འབྱོར་སྐབས། ཉེན་ཟོན་ཉེན་སེལ་གྱི་དྲན་སྐུལ་ལྟར “མཐོ་ས་ལས་གཡོལ་བ་དང་ཆུ་ལས་གཡོལ་བ།ལྕགས་རིགས་ལས་གཡོལ་བ”བྱ་དགོས་པ་དང་། རྐང་འཁོར་མི་བཞོན་པ་དང་།ཉི་གདུགས་མི་རྒྱག་པ།ལུས་པོ་མི་འཁྲུ་བ།ཁ་པར་མི་རྒྱག་པ།མི་མང་མི་འདུས་པ།གློག་སྡོང་དང་ཤིང་སྡོང་སོགས་ཀྱི་ཉེ་སར་མི་བཅར་བ།ཕྱི་རོལ་དུ་ལུས་སྦྱོང་མི་བྱེད་པ། ཕྱི་རོལ་དུ་ལས་ཀ་མི་བྱེད་པ། འགོག་སྲུང་མེད་པའི་ཁང་པ་དང་སྤྱིལ་ཁང། བསིལ་ཁང་སོགས་སུ་མི་འགྲོ་བ། མཐོ་གནོན་གློག་སྐུད་དང་ལྕགས་སྒྲོམ་རིགས།གློག་ལྡན་སྒྲིག་ཆས་བཅས་ལས་ཐག་རིང་དུ་གཡོལ་བ་དང་། ཁང་པ་དང་བྲག་ཕུག། རླངས་འཁོར། ས་བབ་ཅུང་དམའ་ས་བཅས་སུ་གབ་པ་དང་། ཆར་གོས་གྱོན་པ། ལག་པས་པུས་མོ་བསྡམས་ཏེ་སྡོད་པ།ཁ་གྲམ་ནས་གཡོལ་བ་སོགས་ཀྱི་ཉེན་གཡོལ་བྱ་ཐབས་སྤྱད་ནས་ཕྱི་རོལ་གྱི་བྱེད་སྒོ་དང་ལས་ཀ་གནས་སྐབས་སུ་མཚམས་གཞག་དགོས། རང་འགུལ་ངང་གཡོལ་དགོས་རིགས་ལ་འཕྲལ་མར་གཡོལ་དགོས་པ་དང་། སྔོན་ནས་ཕྱིར་འཐེན་བྱ་དགོས་རིགས་ལ་འཕྲལ་མར་ཕྱིར་འཐེན་བྱ་དགོས།

        དྲུག། མངོན་མེད་རྐྱེན་ངན་བསལ་ནས་ཐོག་འགོག་པ། སློབ་གྲྭ་དང་།སྨན་ཁང་།རླངས་འཁོར་འབབ་ཚུགས།ཡུལ་སྐོར་ལྗོངས་ཁུལ།མགྲོན་ཁང་།ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་བྱེད་སྒོ་སྤེལ་ས་སོགས་མི་མང་འཛོམས་ས། སྣུམ་སྣོན་ས་ཚུགས་དང་།སོལ་རླངས་ས་ཚུགས།འབར་རྫས་མཛོད་ཁང་སོགས་འབར་སླ་བ་དང་གས་ཐོར་ཡོང་སླ་བའི་ཡུལ། གློག་ཤུགས་དང་འཕྲིན་གཏོང་སོགས་གཙོ་གནད་ལས་རིགས་དང་།དེ་བཞིན་ཁྲོན་བོད་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ།ཆུ་གློག་གསར་སྤེལ་སོགས་གཙོ་གནད་ཨར་ལས་འཛུགས་སྐྲུན་ལས་གཞིའི་ཐོག་འགོག་ཉེན་མེད་ལ་ཁྱོན་ཡོངས་ནས་ཚགས་བཤེར་བྱས་ཏེ་ཐོག་འགོག་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་དང་།ཐོག་འགོག་སྒྲིག་ཆས་ཚད་མི་ལོན་པ།གཏན་འབེབས་ལྟར་ཐོག་འགོག་སྒྲིག་ཆས་ཞིབ་དཔྱད་ཚད་ལེན་མ་བྱས་པ་བཅས་ལ་དུས་བཀག་ནང་བཅོས་སྒྲིག་བྱ་དགོས་པའི་བཀའ་བཏང་སྟེ་དོ་དམ་ནན་པོ་བྱ་དགོས།

        བདུན། སྒྲིག་ཆས་བསྣན་ནས་ཐོག་འགོག་པ། རྫོང(གྲོང་ཁྱེར)ཁག་གིས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ལས་གྲྭ་དང་ལས་ཡུལ།གལ་ཆེ་བའི་སྒྲིག་ཆས་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱ་དགོས་པ་དང་།བླང་བྱ་ལྟར་ཐོག་འགོག་སྒྲིག་ཆས་སྒྲིག་སྦྱོར་མ་བྱས་པར་འཕྲལ་མར་གསར་དུ་བསྣན་དགོས། གསར་སྐྲུན་དང་བསྐྱར་སྐྲུན། རྒྱས་སྐྲུན་བྱེད་པའི་ལས་གྲྭར་བླང་བྱ་ལྟར་དུས་གཅིག་ཏུ་ཇུས་འགོད་དང་ཐོག་འགོག་སྒྲིག་ཆས་བཟོ་དགོས། འབྲོག་ཁུལ་དང་ནགས་ཁུལ་གྱི་ཐོག་འགོག་རྨང་གཞིའི་སྒྲིག་བཀོད་འཛུགས་ཤུགས་ཆེ་རུ་བཏང་ནས་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་ཐོན་སླ་བའི་དབྱར་རྩྭ་དགུན་འབུ་རྐོ་ས་དང་རི་སྐྱེས་ཤ་མོ་འཐུ་ས།རྐོ་མཁན་དང་འཐུ་མཁན་གྱི་འདུ་གནས་བཅས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་།སྟབས་བདེའི་ཐོག་འགོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ།གནས་སྐབས་གཡོལ་ཐབས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་སྔོན་འགོག་ཏན་ཏིག་བྱ་དགོས།

        བརྒྱད། འགོག་ཟོན་གནད་སྨིན་བྱས་ཏེ་ཐོག་འགོག་པ། གནམ་གཤིས་གནོད་འཚེའི་ཉེན་ཁ་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་ལ་གཞིགས་ནས་ཐོག་བརྒྱབ་པའི་ལོ་རྒྱུས་ཀྱི་དན་གྲངས་དང་། གནོད་སྐྱོན་བྱུང་བའི་རྒྱུ་རྐྱེན། ཐོན་ཁུངས་ཁྱབ་ཚུལ། ཨར་སྐྲུན་བྱ་ཡུལ་འདེམས་པ་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ཏེ་ཁུལ་ཡོངས་ཀྱི་ཐོག་བརྒྱབ་ཉེན་ཆེ་བའི་ས་ཁུལ་དབྱེ་འབྱེད་ཞིབ་འཇུག་བྱས་ནས་རིམ་དབྱེའི་དོ་དམ་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་དང་། གཙོ་གནད་སྡེ་ཚན་དང་།གལ་ཆེ་བའི་གནས་ཡུལ།གལ་ཆེ་བའི་སྒྲིག་བཀོད་བཅས་ལ་དམིགས་ཏེ་གནད་སྨིན་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཐོག་འགོག་ཉེན་མེད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱ་དགོས།

        དགུ། ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་ཐོག་འགོག་པ། རྫོང(གྲོང་ཁྱེར)ཁག་གིས་ཐོག་འགོག་ཉེན་མེད་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ནན་ཏན་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐོག་འགོག་ཉེན་མེད་ཀྱི་གཙོ་གནས་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ་རང་བཤེར་དག་ཐེར་ཏན་ཏིག་བྱ་དགོས། གནམ་གཤིས་སོགས་སྡེ་ཚན་གྱིས་ཁྲིམས་བཞིན་ཐོག་འགོག་སྒྲིག་ཆས་ཇུས་འགོད་སྒྲིག་སྦྱོར་དང་ཁྲིམས་འགལ་ཞིབ་དཔྱད་ཚད་ལེན་སོགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བརྒྱབ་སྟེ་ཁྲིམས་འགལ་ངང་ཐོག་འགོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་མཁན་ལ་ཞིབ་བཤེར་ཆད་གཅོད་མཐའ་གཅིག་ཏུ་བྱ་དགོས། ལས་རིགས་ཁག་གི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཐོག་འགོག་ཉེན་མེད་ལས་དོན་ལ་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཐོག་འགོག་ཉེན་མེད་ལ་ཤུགས་རྐྱེན་ཐེབས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ཡོ་བསྲང་དང་ཞིབ་བཤེར་ཆད་གཅོད་མཐའ་གཅིག་ཏུ་བྱ་དགོས། བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཐོག་འགོག་ཉེན་མེད་དེ་ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་དཔྱད་ཞིབ་མ་ལག་ནང་བཅུག་ནས་ལྟ་སྐུལ་དཔྱད་ཞིབ་ལ་དམ་འཛིན་ནན་པོ་བྱ་དགོས།

        བཅུ། སྔོན་ཇུས་འཐུས་ཚང་དུ་བཏང་ནས་ཐོག་འགོག་པ། “མི་དམངས་གོང་ན་མེད་པ་དང་ཚེ་སྲོག་གོང་ན་མེད་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་རྫོང(གྲོང་ཁྱེར)ཁག་གི་སྲིད་གཞུང་གིས་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་སེལ་བའི་ཕྱོགས་བསྡུས་འཚུབ་བསྟུན་སྔོན་ཇུས་བཟོ་དགོས་པ་དང་། ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྱབ་ཁོངས་དེ་གའི་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་སེལ་བའི་ཆེད་དོན་འཚུབ་བསྟུན་སྔོན་ཇུས་བཟོ་དགོས། གནས་ཡུལ་གཙོ་བོ་དང་།སྒྲིག་བཀོད་གལ་ཆེན།གནས་ཡུལ་གཙོ་བོ་བཅས་ཀྱི་དོ་དམ་སྡེ་ཚན་གྱིས་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་བྱུང་ཡུལ་གྱི་གནོད་སེལ་ཇུས་གཞི་བཟོ་དགོས། རིམ་པ་ཁག་གི་སྡེ་ཚན་སོ་སོས་དུས་ངེས་མེད་ངང་གྲབས་སྦྱོང་བྱས་ཏེ་ཐོག་འགོག་གནོད་སེལ་དང་མཉམ་འགོག་མཉམ་བཅོས་ཀྱི་ནུས་པ་དང་འཚུབ་བསྟུན་རོགས་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་གཏང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1