དུས་རབས་གསར་པའི་ལོ་ཙཱ་བར་འཛོམས་དགོས་པའི་ཆ་རྐྱེན་འགའ།

འཇམ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


དང་པོ། ལོ་ཙཱའི་གལ་ཆེན་རང་བཞིན་སྐོར།
ཅི་ཞན་ལིན་མཆོག་གིས་“རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་བར་ལ་གལ་ཏེ་འགྲོ་འོང་དང་སྤེལ་རེས་བྱེད་དགོས་ཚེ། ལོ་ཙཱ་དགོས་མཁོ་ཆེ་བ་ཡིན། དེ་མ་གཏོགས་བསམ་བློ་བརྗེ་རེས་བྱེད་ཐབས་བྲལ་བ་དང་། རིག་གནས་ཀྱང་བརྗེ་རེས་བྱེད་ཁག་པོ་ཡིན་ལ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱང་མདུན་སྐྱོད་བྱེད་ཐབས་བྲལ་བ་ཡིན་”ཞེས་ལོ་ཙཱའི་གལ་ཆེན་རང་བཞིན་ཐད་ནས་གསུངས་བཤད་གྲངས་མེད་གནང་ཡོད། མིའི་རིགས་ཀྱི་བསམ་བློ་དང་རིག་གནས་ཀྱི་བརྗེ་རེས་བྱེད་པའི་ཁྲོད་དུ་ལོ་ཙཱའི་ནུས་པ་ནི་ང་ཚོ་སུ་ཞིག་ཀྱང་ཐེ་ཚོམ་སྐྱེ་མི་དགོས་པ་ཞིག་རེད། ལོ་ཙཱ་ཡིས་མི་རིགས་ཤིག་གི་རིག་གནས་རྒྱུན་མཐུད་ཐུབ་པར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། དེའི་ཚེ་སྲོག་ཀྱང་རྒྱ་སྐྱེད་པའམ་རིང་དུ་གཏོང་ཐུབ་པ་དང་། རིག་གནས་སྤེལ་རེས་ཀྱི་མཐོ་ཚད་ནས་ལོ་ཙཱའི་བྱེད་སྒོ་ཤེས་རྟོགས་བྱས་ཚེ། ང་ཚོས་སྔར་ལས་གཏིང་ཟབ་པའི་མཐོ་ཚད་ཅིག་ནས་ལོ་ཙཱའི་བྱེད་སྒོའི་ངོ་བོ་ཁོང་དུ་ཆུད་པར་ཕན་ཐོགས་ཡོད་ལ། ང་ཚོས་ཧུར་བརྩོན་དང་གཟབ་ནན་གྱི་སྒོ་ནས་ལོ་ཙཱ་ལག་ལེན་བྱེད་པར་ཕན་ཐོགས་ཡོད་པ་དང་ལོ་ཙཱ་བྱེད་རིང་འཕྲད་པའི་ལག་ལེན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཡང་ཕན་ཐོགས་རྒྱ་ཆེན་ཡོད། ལོ་ཙཱ་བྱེད་པའི་གོ་གནས་ལ་ངོས་ལེན་ཡང་དག་ཅིག་བྱེད་པ་དེ་ནི་ལོ་ཙཱ་བྱེད་པའི་ལས་དོན་གཉེར་མཁན་གྱི་མི་རྣམས་ལ་མཚོན་ན། ཁས་ལེན་དང་སྐུལ་ལྕག་གནང་བ་ཞིག་ཡིན་པ་གདོན་མི་ཟ། ལོ་རྒྱུས་དང་དངོས་ཡོད་གང་རུང་ལས་ཀྱང་བདེན་དཔང་བྱས་ཡོད་པ་ལྟར། ལོ་ཙཱའི་བྱ་གཞག་ནི་རྒྱལ་ཁབ་བར་དང་མི་རིགས་བར་དུ་རིག་གནས་བརྗེ་རེས་བྱེད་པའི་ཟམ་ཆེན་ལྟ་བུ་ཞིག་ཡིན་གཤིས། མི་རིགས་མང་བའི་ང་ཚོའི་རྒྱལ་ཁབ་འདིར་ཆ་མཚོན་ནས་བརྗོད་ནའང་། ལོ་ཙཱ་ནི་ནུས་པ་ཆེ་ཞིང་མེད་དུ་མི་རུང་བའི་ལས་དོན་རླབས་ཆེན་ཞིག་ཡིན་པ་དང་། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱིས་སྔར་ནས་བཟུང་ལོ་ཙཱའི་ལས་དོན་འདི་ལ་མཐོང་ཆེན་དང་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་བཞིན་ཡོད། ང་ཚོས་ལོ་ཙཱའི་བྱ་གཞག་འདི་བརྒྱུད་དེ་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པ། བོད་མི་རིགས་དང་སྤུན་ཟླ་མི་རིགས་བར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་བར་རིག་གནས་དང་། སྒྱུ་རྩལ། ཚན་རིག་ལག་རྩལ་སོགས་ཀྱི་ཐད་སྤེལ་རེས་བྱས་པ་བརྒྱུད་དེ་མི་རིགས་ཁག་བར་གྱི་འབྲེལ་བ་ཇེ་དམ་ཇེ་ལེགས་སུ་གཏོང་བ་དང་། མི་རིགས་ཁག་བར་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ། ཆ་འཕྲིན་དང་ཉམས་མྱོང་སྣ་ཚོགས་ཁྱབ་སྤེལ་བྱས་ཏེ། མི་རིགས་ཁག་གི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་བྱེད་པ་དང་། ད་དུང་དེ་ལ་བརྟེན་ནས་མི་རིགས་ཁག་གི་སྐད་ཡིག་འཕེལ་རྒྱས་གཏོང་ཐུབ། དེར་བརྟེན་ང་ཚོས་ལོ་ཙཱའི་ལས་དོན་ནི་གལ་འགངས་ཤིན་ཏུ་ཆེ་ཞིང་། དོན་སྙིང་ཧ་ཅང་ཆེ་ལ་གཟི་བརྗིད་ཀྱང་ལྡན་པའི་ལས་དོན་ཞིག་ཡིན་ཞེས་སྤྲོ་སེམས་ལྡན་པའི་སྒོ་ནས་སྨྲ་ཆོག །
གཉིས་པ། ལོ་ཙཱ་བར་བསྒྱུར་བྱ་མ་ཡིག་དང་སྒྱུར་བྱེད་བུ་ཡིག་གི་རྨང་གཞི་བརྟན་པོ་ཞིག་དགོས།
ལོ་ཙཱ་བ་དོན་ལྡན་ཞིག་བྱེད་དགོས་ན། ཐོག་མར་བསྒྱུར་བྱ་མ་ཡིག་དེར་གོ་བ་གཏིང་ཟབ་པ་ཞིག་ལོན་པར་བྱ་རྒྱུ་ནི་ཤིན་ཏུ་འགལ་འགངས་ཆེ་བས་དེ་ནི་ལོ་ཙཱ་བ་ཞིག་ལ་མཚོན་ན་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་གྲུབ་ཡོད་པ་སྨོས་ཅི་ལ་དགོས་ཏེ། དེ་ཡང་རིག་པའི་གནས་ཀུན་ལ་མི་འཇིག་སྤོབས་པའི་གཟེང་མཐོ་ཞིང་སྙན་པའི་གྲགས་པ་ས་གཞིར་ཁྱབ་པའི་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་འདི་སྐད་དུ། སྒྱུར་བྱེད་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཚུལ་འདི་ཉིད་འཇིག་རྟེན་དུ་ཡུན་རིང་གནས་ན་ཅི་མ་རུང་སྙམ་པའི་བསམ་པས་ཐུབ་བསྟན་གཅེས་པར་འཛིན་པ་འབའ་ཞིག་ཡིད་ལ་བརྣགས་ཏེ། ཁེ་འདོད་དང་གྲགས་འདོད་ཀྱི་ཕྱོགས་སུ་མ་ལྷུང་བའི་ཡིད་སྤངས། གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གིས་ཇི་ལྟ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལའང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཙོམ་བཅད་ནས། ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན། རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བར་ནུས་ཤིང་རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པར་འགྱུར་བས་བསོད་ནམས་ཀྱི་ཕུང་བོ་གཞལ་དུ་མེད་པ་འཐོབ་པར་འགྱུར་གྱི། གཞན་དུ་ན་རང་ཉིད་མཁས་པ་མིན་ཀྱང་མཁས་པར་རློམ་པས་དྲེགས། གཞན་མཁས་པར་གྱུར་ཀྱང་དེ་ལ་ཕྱོགས་སུ་ལྷུང་བའི་ཡིད་ཀྱིས་སྡང་བས་བློ་མིག་བསྒྲིབས། དམ་ཆོས་ལ་གལ་ཆུང་དུ་བཟུང་བས་ཉི་མ་འཕུད་ཐབས་ཀྱིས་སྦྱོར་བས་པོ་ཏི་ཇེ་མང་ཇེ་མང་དུ་བསྒྱུར་བ་ལ་དགའ་བ་དག་གིས་ནི། སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ལོག་བཤད་ཉེས་བཤད་ཀྱི་བཙོག་ཆུས་བསླད་པའི་འབྲས་བུ་རང་གཞན་ཀུན་ལ་འདི་ཕྱིར་བཟོད་པར་དཀའ་བའི་སྡུག་བསྔལ་འབྱུང་བ་ལ་ཅིར་ཡང་མི་སེམས་པར་ཟད་དོ། ཞེས་གསུངས་གནང་ཡོད་པ་བཞིན་དུ་ད་ལྟའི་བོད་ཀྱི་ལོ་ཙཱ་བ་རྣམ་དག་ཅིག་ཡིན་ན་ངེས་པར་དུ་མིག་ལྟོས་འཛིན་དགོས་པ་གལ་འགངས་ཤིན་ཏུ་ཆེ།《བོད་ཀྱི་ལོ་ཙཱའི་གཞུང་ལུགས་མཐའ་དཔྱོད་སྐད་གཉིས་སྨྲ་བའི་འཇུག་སྒོ་》ཞེས་པའི་ནང་།“མ་ཡིག་ལ་བསྟུན་པ་ཞེས་མ་ཡིག་གི་དོན་དང་འགལ་མི་རུང་བར་བསྟན་པ་སྟེ། བསྒྱུར་བྱ་གང་དེའི་བསྟན་དོན་ཧྲིལ་པོར་ཆད་ལྷག་ནོར་འཛོལ་ཅི་ཡང་མེད་པར་མ་ཡིག་ལ་ཇི་ལྟ་ཇི་ལྟར་ཡོད་པ་འགྱུར་ཡིག་ཏུའང་དེ་ལྟ་དེ་ལྟར་མཚོན་པར་བྱེད་དགོས། བོད་སྔ་རབས་པས་ལོ་ཙཱ་བའི་མིང་ལ་སྐད་གཉིས་སྨྲ་བ་དང་ནེ་ཙོ་ཞེས་བརྗོད་པ་ལྟར། ལོ་ཙཱ་བ་ཞིག་གི་འོས་འགན་ནི་གཞན་གྱིས་བརྗོད་ཟིན་པའི་དོན་གང་ཞིག་ཡིག་རིགས་གཞན་ཞིག་གི་ལམ་ནས་ཡང་བསྐྱར་མཚོན་པར་བྱེད་པ་ལས་དེ་ཉིད་ལ་འགྲིག་མི་འགྲིག་དང་། ལེགས་མི་ལེགས་སོགས་གང་ཞིག་བྱུང་ཡང་རང་གི་འདོད་མོས་ལྟར་བཅོས་ན་མི་རུང་ངོ་། །”ལོ་ཙཱ་བ་རྣལ་མ་ཞིག་ཡིན་ཕྱིན་མ་ཡིག་ལ་བསྟུན་རྒྱུ་ནི་གནའ་དེང་ཕྱི་ནང་མཁས་དབང་ཀུན་གྱིས་མཉམ་གཅིག་ཏུ་ཁས་ལེན་གནང་བའི་ཐུན་མོང་གི་ཚད་གཞི་ཡིན་པ་དང་། ལོ་ཙཱའི་ལས་ཀ་དོན་དུ་གཉེར་མཁན་ཞིག་གི་ངོས་ནས་ཆེས་རྩ་བའམ་མ་མཐའི་རེ་བའང་ཡིན། དེ་མ་ཟད་ལོ་ཙཱ་བར་ངེས་པར་ཕྱོགས་མང་པོའི་ཤེས་རྒྱ་དང་ཐོས་རྒྱ་དགོས་པའི་ཁར། མ་ཡིག་གི་བསྟན་དོན་མཐིལ་ཕྱིན་པ་མ་རྟོགས་བར་དུ་གང་བྱུང་དུ་སྒྱུར་མི་རུང་། གལ་ཏེ་ཨུ་ཚུགས་ཀྱི་རྣམ་ཐར་བསྐྱངས་ཚེ་མཇུག་འབྲས་ནི་བློས་དཔོག་པར་དཀའ། དེ་བས་ལོ་ཙཱའི་བྱ་བ་སྒྲུབ་པ་ལ་མ་མཐའ་ཡང་གོ་རིམ་གཉིས་ཙམ་ངེས་པར་སྒྲུབ་དགོས་པ་སྟེ། གཅིག་ན་མ་ཡིག་གི་བསྟན་བྱའམ་གོ་དོན་གསལ་པོར་རྟོགས་དགོས་པ་དང་། གཉིས་ན་མ་ཡིག་གི་ནང་དོན་ཇི་བཞིན་ཕབ་སྒྱུར་བྱ་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པས་ལོ་ཙཱའི་རྩ་དོན་དང་ལོ་ཙཱ་བའི་འགན་འཁུར་ལྷག་བསམ་རྣམ་དག་སྒོས་དང་ལེན་བྱེད་པ་སྨོས་ཅི་ལ་དགོས། མ་ཡིག་གི་བརྗོད་དོན་དེ་བཞིན་དུ་གོ་བ་ཡག་པོར་ལེན་རྒྱུ་ནི་ལོ་ཙཱའི་སྲོག་ཤིང་ལྟ་བུར་ཆགས་ཡོད་པའི་དབང་གིས་མ་ཡིག་གི་གོ་བ་ལེགས་པོར་བླངས་ནས་བུ་ཡིག་ཏུ་དེ་བཞིན་དོན་སྟོན་པར་བྱ་རྒྱུ་ནི་འགངས་ཆེ་བས་མ་ཡིག་གི་ནང་དོན་ཇི་བཞིན་མ་ཐོན་པར་ཚིག་སྙན་པ་ཙམ་ལ་མགོ་འཁོར་ན་ནི་ལོ་ཙཱ་བ་རྣལ་མ་ཞིག་གཏན་ནས་མིན་པས་ཤོག་བུ་འཕྲོ་བརླགས་ཙམ་དུ་ཟད་པས་དགོས་པ་ཅི་ཡང་མ་མཐོང་བར་སེམས། དཔེར་ན།我为人人、人人为我 ཞེས་པ་བོད་ཡིག་ཏུ་བསྒྱུར་སྐབས། ཁ་ཤས་ཀྱིས། རང་གིས་གཞན་གྱི་ཆེད་དུ་བྱ་བ་སྒྲུབ་པ་དང་། གཞན་གྱིས་རང་གི་ཆེད་དུ་བྱ་བ་སྒྲུབ་པ། རང་ཉིད་ཀྱིས་མི་ཐམས་ཅད་བསམ་པ་དང་མི་ཐམས་ཅད་ཀྱིས་རང་ཉིད་བསམ་པ། ཞེས་བསྒྱུར་ཡོད་པ་ནི་བསྒྱུར་སྟངས་ཡང་དག་ཅིག་མ་ཡིན་ཏེ།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བོད་འགྱུར་མ་དེབ་གཉིས་པའི་ནང་དུ། ངས་མི་ཐམས་ཅད་ཀྱི་དོན་བསམ། མི་ཐམས་ཅད་ཀྱིས་ངའི་དོན་བསམ། ཞེས་བསྒྱུར་ཡོད་པ་ནི་དངོས་གནས་མ་ཡིག་གི་ནང་དོན་ཡོངས་སུ་མཚོན་ཡོད་པའི་ཁར་བོད་པ་རང་གི་བརྡ་སྤྲོད་ཀྱི་ལུགས་དང་ཡང་མཐུན་པས་ཧ་ཅང་རྨད། དཔེར་ན།世界潮流,浩浩荡荡,顺之则昌,逆之则亡。འདི་ལྟ་བུར་མཚོན་ནའང་། ལོ་ཙཱ་བ་ཁ་ཤས་ཀྱིས་མ་ཡིག་གི་གོ་དོན་ཡོངས་སུ་མ་རྟོགས་པའི་དབང་གིས་ལོག་སྒྱུར་བྱས་ཡོད་པ་འདི་ལྟར། འཇིག་རྟེན་ཆུ་བོའི་རྒྱུན། །ཕར་གཡུག་ཚུར་གཡུག་བྱེད། །ཕྱོགས་དང་བསྟུན་པའི་ཚེ། །མི་འཆི་དབང་མེད་འབྱུང་། །འདི་ལས་མཐོང་གསལ་བཞིན་མ་ཡིག་གི་ནང་དོན་མ་གོ་བའི་དབང་གིས་བུ་ཡིག་ལ་ར་མ་ལུག་གི་འགྱུར་འདི་འདྲ་བྱུང་བ་རེད། ཡང་དག་པའི་བསྒྱུར་སྟངས་ནི་འདི་ལྟར་ཡིན་ཏེ། འཛམ་གླིང་གི་འཕེལ་རྒྱུན་ནི་ལང་ལོང་དུ་འབབ་བཞིན་ཡོད་པས། དེ་ལ་བསྟུན་ན་དར་རྒྱས་འབྱུང་བ་དང་། དེ་ལས་ལྡོག་ན་ཉམས་ཉེས་སུ་འགྲོ་བ་རེད། འདི་ལྟར་བསྒྱུར་ཚེ་གཅིག་ནས་ཚིག་དོན་གྱི་ཆ་ལ་གོ་ནོར་མེད་པ་དང་གཉིས་ན་བོད་པ་རང་གི་བརྗོད་པ་དང་ཡང་ཡོངས་སུ་མཐུན་པ་ཡིན། ད་དུང་དཔེར་ན།岁月不居,时节如流。འགྱུར་དང་པོ། ལོ་ཟླ་མི་སྡོད། དུས་ཚིགས་དེ་བཞིན། འགྱུར་གཉིས་པ། ཟླ་བ་སྡོད་བཟོད་མེད་པར། རིམ་གྱིས་འཕུར་རྒྱུག་བྱེད། འགྱུར་གསུམ་པ། ནམ་ཟླའི་འཁོར་ལོ་སྡོད་པའི་བསྐལ་བ་མེད། །དུས་ཀྱི་ཆུ་མོ་ཆད་མེད་མདུན་དུ་རྒྱུག །འགྱུར་བཞི་པ། ལོ་ཟླ་བགྲོད་པ་ཟློག་ཐབས་མེད། ། ཆུ་བོའི་རྒྱུན་བཞིན་སྡོད་སྐལ་མེད། ། འགྱུར་ལྔ་པ། ལོ་ཟླའི་བགྲོད་པར་སྡོད་སྐལ་མེད། །དུས་ནི་ཆུ་བོའི་བཞུར་རྒྱུན་འདྲ། །གོང་གི་འགྱུར་ལྔ་ལས་མངོན་གསལ་ལྟར། འགྱུར་གསུམ་པ་ནི་ཚིག་དོན་གང་གི་ཆ་ནས་ཀྱང་འགྱུར་གཞན་དག་ལས་ཅུང་ཡང་དག་པར་མཐོང་།
གསུམ་པ། ལོ་ཙཱ་བ་ཀུན་མཐུན་ཞིག་བྱས་ཏེ་རང་འདོད་ལྟར་བསྒྱུར་བ་སྤངས་དགོས།
ང་ཚོས་ལོ་ཙཱ་བྱེད་སྐབས་ངེས་པར་དུ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་མ་ཡིག་གི་དོན་ངོ་མ་དང་མ་ཡིག་གི་ངོ་བོ་ཉིད་དོན་གཉེར་བྱེད་དགོས་ཤིང་། དེ་ནི་མ་ཡིག་དང་འགྱུར་ཡིག་སྤྱོད་མཁན་གྱི་སྤྱི་ཚོགས་འཚོ་བའི་གོམས་གཤིས་དང་། བསམ་གཞིགས་གོམས་གཤིས། སྐད་བརྡའི་གོམས་སྲོལ་བཅས་དང་འབྲེལ་བ་ཡོད། དེ་བས། སྐད་རིགས་གཉིས་ཀྱི་ཕྱོགས་འདི་གསུམ་གྱི་གོམས་གཤིས་ནི་ང་ཚོས་ལོ་ཙཱ་བྱ་བར་ངེས་པར་དུ་འབད་པ་བྱེད་དགོས་ས་དེ་ཡིན། རྒྱལ་སྤྱིའི་ལོ་ཙཱ་ཚོགས་པས་1963ལོའི་ཟླ་9པར་གཏན་འཁེལ་གནང་བའི་《ལོ་ཙཱའི་ལས་དོན་གཉེར་མཁན་གྱི་སྒྲིག་ཡིག་》ཅེས་པའི་ནང་། འགྱུར་རྩོམ་གང་ཞིག་ཀྱང་ངེས་པར་དུ་མ་ཡིག་གི་ནང་དོན་དང་མཐུན་དགོས་ལ། མ་རྩོམ་གང་གི་བསམ་བློ་དང་རྣམ་པ་དེ་ཡང་དག་པར་མཚོན་དགོས་ཞེས་བཀོད་ཡོད། ལོ་ཙཱ་བ་ཀུན་མཐུན་ཞིག་བྱེད་དགོས་ཚེ། ཐོག་མར་ལོ་ཙཱའི་གཞུང་ལུགས་ལ་མཁས་ཤིང་དེ་ནས་ལག་ལེན་ལ་གོམས་པ་ཞིག་བྱེད་དགོས། དེང་སང་མ་དག་རྒྱུན་འབྱམས་སུ་གྱུར་བ་མཐའ་དག་བདེན་པ་ཉིད་དུ་འཛིན་པ་དང་འགན་མི་འཁུར་བའི་ལོ་ཙཱ་བ་ཁ་ཅིག་གིས་མ་ཡིག་ལ་གོ་བ་ལོག་པར་བླངས་ནས་ཡ་མ་བརླའི་འགྱུར་སྣ་ཚོགས་བྱུང་ཡོད་པ་ནི་དངོས་གནས་ཡིད་སྐྱོ་བ་ཞིག་ཏུ་སེམས་ལ། མ་ཡིག་གི་དོན་རྟོགས་པར་བྱ་རྒྱུ་ནི་ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན་གོ་རིམ་ཐོག་མ་དང་རྨང་གཞི་ཞིག་ཀྱང་ཡིན་ཏེ། དཔེར་ན།江山代有才人出,自古英雄出少年。འགྱུར་དང་པོ། སྲིད་དབང་རབས་སུ་འཇོན་མི་འབྱུང་། ། གནའ་ནས་དཔའ་བོ་ལོ་ཆུང་སྐྱེས། ། འགྱུར་གཉིས་པ། རྒྱལ་སྲིད་གང་ཡིན་དེ་བཞིན་དཔོན་མི་འཁྲུངས། ། གནའ་ནས་ད་བར་དཔའ་བོ་གྲངས་མེད་འབྱུང་། ། འགྱུར་གསུམ་པ། རྒྱལ་སྲིད་རབས་བཞིན་འཇོན་ལྡན་སྐྱེས། ། གནའ་ནས་དཔའ་བོ་གཞོན་ནུ་ཁྲོད། །འགྱུར་བཞི་པ། མི་རབས་ཚང་མར་མཁས་པ་ཕུལ་བྱུང་མཆིས། དཔའ་བོ་ཐམས་ཅད་ལོ་ཆུང་གྲལ་ནས་སྐྱེས། །才者,材也,养之贵素,使之贵器。འགྱུར་དང་པོ། ཤེས་ལྡན་པ་དང་རྒྱུ་ཆ་ཡང་། གསོ་བྱའི་རྐྱེན་གཙོ་བོ་སྟེ། རིན་པོ་ཆེའོ། འགྱུར་གཉིས་པ། ནུས་པ་དང་རྒྱུ་ལ་ནི་གལ་གྱི་དམ་པ་ཡིན། འགྱུར་གསུམ་པ། མི་འཇོན་ཐང་ཅན་གསོ་སྐྱོང་བྱེད་པ་ནི་སྡོང་པོ་འཛུགས་པ་དང་འདྲ་ལ། སྐྱོང་བར་དྲོད་གཤེར་ལྡན་པ་གཙོ་བ་དང་། བཀོལ་བར་རང་གི་ཁྱད་ཆོས་ཡོད་ས་ལའོ། 不惰者,众善之师也。འགྱུར་དང་པོ། རྣམ་གཡེང་བ་ནི་དགེ་འདུས་དགེ་རྒན་ཡིན། འགྱུར་གཉིས་པ། ཆགས་པར་ཞེན་པ་ནི་དགེ་རྒན་མིན་པའི་རྟགས། འགྱུར་གསུམ་པ། སྒྱིད་ལུག་མི་བྱེད་མཁན་ནི་ལེགས་དཔྱོད་ཀུན་གྱི་སློབ་དཔོན་ཡིན། གོང་བཀོད་དཔེ་མཚོན་གསུམ་གྱི་བུ་འགྱུར་ཁྲོད་ནས་མ་ཡིག་གི་ནང་དོན་ཇི་བཞིན་ཐོན་པའི་འགྱུར་གྱི་མཆོག་ནི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་མགོ་ལོག་རྣམ་རྒྱལ་ལགས་ཀྱིས་བསྒྱུར་བའི་འགྱུར་གསུམ་པ་མིག་མཐོང་ལག་ཟིན་དུ་གྲུབ་འདུག །མའོ་ཙེ་ཏུང་གི་སྙན་ངག装点此关山,今朝更好看。ཅེས་པ། འགྱུར་ཀ་པ། ཀོན་རི་ཁ་བས་གཡོག་པ་ན། །དོ་ནུབ་ཧ་ཅང་ཡག་པར་མཐོང་། །འགྱུར་ཁ་པ། ཀྲོང་ཏན་གནས་འགག་རི། །ད་ལྟའི་རྒྱལ་རབས་སྔར་ལས་ཡག། འགྱུར་ག་པ། རྒྱན་པའི་ཚེ་ཀོན་རི། །དེང་ཉིད་ཧ་ཅང་སྡུག ཅེས་ལོག་སྒྱུར་བྱས་ཡོད་ཅིང་།《མའོ་ཀྲུའུ་ཞིའི་སྙན་ཚིག་》ནང་དུ། དེ་ཡིས་ཀོན་རིར་མཛེས་རྒྱན་སྤྲས། ། དེང་སང་ལྟ་དུས་ལྷག་པར་མཛེས། ། ཞེས་བསྒྱུར་ཡོད་ནའང་གཤམ་དུ་བསྒྱུར་ཡོད་པའི་མགོ་ལོག་རྣམ་རྒྱལ་ལགས་ཀྱི་འགྱུར་འདི་ཡང་དག་པར་མཐོང་སྟེ། ཀོན་ཧྲན་རི་འདབས་མཛེས་རྒྱན་སྤྲས་གྱུར་ན། །དེ་རིང་ཞོགས་པར་སྔར་ལས་མཛེས་ཤིང་སྡུག 奉法者强则国强,奉法者弱则国弱ཁྲིམས་ལུགས་བསྟར་མཁན་ཤུགས་པོ་ཆེ་ན་རྒྱལ་ཁབ་ལ་ནི་དེ་ལྟར་འགྱུར། ཁྲིམས་ཞུ་བ་ལ་ཤུགས་པོ་ཆུང་ན་རྒྱལ་ཁབ་ལ་ནི་དེ་ལྟར་འགྱུར། ཡང་དག་པའི་བསྒྱུར་ཐབས་ནི། ཁྲིམས་འཛིན་པ་ལ་སྟོབས་ཤུགས་ཆེ་ན་རྒྱལ་ཁབ་སྟོབས། ཁྲིམས་འཛིན་པ་ལ་སྟོབས་ཤུགས་ཞན་ན་རྒྱལ་ཁབ་ཞན། ལྟ་བུ། 出轨ཡང་གོ་ལོག་ཐེབས་ནས་ལྕགས་ལམ་ལས་བརྒལ་བ་ཞེས་པར་བསྒྱུར་འདུག་པ་ནི་དངོས་གནས་དགོད་བྲོ་བ་ཞིག་རེད། དོན་དམ་དུ། ལོག་གཡེམ། འཆལ་སྤྱོད། ཆགས་སྤྱོད། ཚངས་མི་སྤྱོད་སོགས་སུ་བསྒྱུར་ན་ཡང་དག་པར་སྙམ། ད་དུང་快递小哥ཁའེ་ཏི་ཞའོ་ཀོ། ཡིག་སྐྱེལ་གཞོན་ནུ། འཕྲིན་སྐྱེལ་ཕུ་བོ་ཆུང་ཆུང་སོགས་སུ་བསྒྱུར་བ་ནི་མ་དག་པ་དང་དགོད་བྲོ་བ་ཞིག་ཡིན་ཞིང་། ཡང་དག་པའི་བསྒྱུར་སྟངས་ནི། མྱུར་སྐྱེལ་ཕོ་གསར། མྱུར་སྐྱེལ་ཨ་ཇོ། ཡང་དཔེར་ན།第三者 གོ་རིམ་གསུམ་པ། ཨང་གསུམ་པ། ཐེངས་གསུམ་པ་སོགས་སུ་བསྒྱུར་འདུག་པ་ནི་མ་དག་པར་མཐོང་སྟེ། དོན་དམ་དུ། ཕུང་གསུམ་པ་དང་། བཟའ་འདྲེ། བཟའ་བཤིག་སོགས་སུ་བསྒྱུར་ན་ལེགས། ད་དུང་“要真研究问题、研究真问题”ཞིབ་འཇུག་ངོ་མར་གནད་དོན་དགོས། ཞིབ་འཇུག་ངོ་མའི་གནད་དོན། ད་དུང་བདེན་པའི་ཞིབ་འཇུག་གི་གནད་དོན། ཞིབ་འཇུག་ངོ་མའི་གནད་དོན། ཡང་དག་པའི་བསྒྱུར་སྟངས་ནི་“གནད་དོན་ལ་ཞིབ་འཇུག་ངོ་མ་བྱེད་པ་དང་། གནད་དོན་ངོ་མར་ཞིབ་འཇུག་བྱེད་དགོས།”གོང་དུ་བཀོད་པ་བཞིན་འདི་འདྲའི་དཔེར་མཚོན་ཤིན་ཏུ་མང་ནའང་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་འདི་ཙམ་གྱིས་འཐུས་པར་བྱའོ། །

བཞི་པ། ལོ་ཙཱ་བའི་དཔུང་སྡེ་ཡག་པོ་ཞིག་འཛུགས་དགོས།

དུས་རབས་གསར་པའི་ཚད་ལྡན་གྱི་ལོ་ཙཱ་བ་ནི་མིའི་རིགས་ཀྱི་ཆབ་དཔལ་རིག་གསུམ་གང་ཅིའི་ཐད་ནས་ནུས་པ་བླ་ལྷག་འདོན་མཁན་ཞིག་ཏུ་གྱུར་ཡོད་པའི་སྟབས་ཀྱིས། དེས་མིའི་རིགས་ཀྱི་ཤེས་རིག་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དང་ལེན་ཐད་ནས་གཞན་དྲིང་མི་འཇོག་པའམ་གང་གིས་ཀྱང་ཚབ་བྱེད་མི་ནུས་པའི་ལེགས་སྐྱེས་ཆེན་པོ་བཞག་ཡོད། གལ་སྲིད་མི་རིགས་ཕན་ཚུན་བར་ལ་སྐད་དང་ཡི་གེའི་བར་ནས་སློབ་སྦྱོང་བྱེད་དགོས་ཚེ་ལོ་ཙཱའི་ལམ་བུ་འདི་ཉིད་མེད་པ་ཡིན་ན་དེའི་མཇུག་འབྲས་ནི་ཧ་ཅང་ཉེན་ཚབས་ཆེ། ལོ་ཙཱའི་རིན་ཐང་ཆེ་མིན་ནི་ལོ་ཙཱའི་ལོ་རྒྱུས་སོགས་ལ་ཕྱིར་མིག་བལྟས་ན་གསལ་པོར་རྟོགས་ངེས་པ་བཞིན་དུ་ལོ་ཙཱའི་དཔུང་ཁག་ནི་ལོ་ཙཱ་མཐར་ཕྱིན་པ་ཞིག་ཡོང་མིན་དང་ཐད་ཀར་འབྲེལ་བ་ཡོད་པས། དུས་རབས་གསར་པའི་བོད་ཀྱི་ལོ་ཙཱའི་དཔུང་ཁག་འཛུགས་སྐྲུན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད། ད་ལྟའི་དུས་འདིར་ལོ་ཙཱའི་ལས་ཀར་འཇུག་མཁན་ཉིན་རེ་བཞིན་མང་དུ་འགྲོ་བཞིན་པ་དང་། མི་རིགས་སློབ་གྲྭ་ཆེན་མོ་སོ་སོ་ནའང་ལོ་ཙཱའི་ཆེད་ལས་དང་འབྲེལ་བའི་དངོས་གཞི་དང་ཞིབ་འཇུག་སློབ་མ་གང་མང་ཞིག་གསོ་སྐྱོང་བྱེད་བཞིན་ཡོད་པ་ནི་དངོས་གནས་རྗེས་སུ་ཡི་རངས་དང་དགའ་འོས་པའི་བྱ་བཞག་རླབས་ཆེན་ཞིག་རེད། ལོ་ཙཱ་བྱེད་དུས་ཀྱང་མི་སྒེར་གྱི་འདོད་མོས་བཞིན་ཕྱོགས་ཞེན་གྱི་དབང་ལ་བརྟེན་ནས་ས་ཁུལ་དང་ཡུལ་སྐད་ཀྱི་དབང་གིས་གང་འདོད་དུ་བསྒྱུར་བ་ནི་ལོ་ཙཱའི་དཔུང་སྡེ་བསྐྲུན་པའི་འགག་རྡོ་ལྟ་བུ་ཡིན་པས། བྱ་སྤྱོད་འདི་རིགས་ནི་ལོ་ཙཱ་བ་ཞིག་གི་ངོས་ནས་གླེང་ན་ཧ་ཅང་མི་རུང་བ་ཞིག་ཡིན་པས་མ་དག་རྒྱུན་འབྱམས་ཀྱི་ལས་སུ་གོམས་པར་གཏན་ནས་བྱེད་མི་རུང་། ལོ་ཙཱ་བ་གྲགས་ཅན་རིགས་ཀྱི་འགྱུར་མར་དཔེ་བྱས་ཏེ་སློབ་སྦྱོང་དང་ལད་ཟློས་བྱས་ནས་དེ་དག་གི་ལོ་ཙཱའི་ཉམས་མྱོང་གང་ལེགས་ཕྱོགས་བསྡོམས་མཛད་དགོས་ཤིང་། དེ་ལས་ལྡོག་སྟེ་ར་མིན་ལུག་མིན་གྱི་ལོ་ཙཱ་སྟེ་སྤྱི་ཚོགས་ཐོག་སྐད་གྲགས་ཅི་ཡང་མེད་ཅིང་བབ་ཚོད་ལྟར་བསྒྱུར་བའི་བརྩམས་ཆོས་རིགས་རིང་དུ་སྤང་ནས་འགྱུར་སྐྱོན་དེ་རིགས་ལ་གཟབ་གཟབ་དང་གཡོལ་ཅི་ཐུབ་བྱེད་པར་གོམས་པར་བྱ་བ་ནི་ལོ་ཙཱ་བའི་དཔུང་སྡེ་ལེགས་པར་སྐྲུན་པའི་གནད་ཅིག་གོ །

ལྔ་པ། ལོ་ཙཱ་བྱེད་པའི་ཀུན་སློང་ཡག་པོ་ཞིག་དགོས།

ལོ་ཙཱ་བྱེད་པའི་སྐབས་སུ་རང་གི་འདོད་མོས་ལྟར་མི་བསྒྱུར་བར། མཁས་དབང་རིམ་བྱོན་གྱི་ལོ་ཙཱའི་གཞུང་ལུགས་ལ་བསྟུན་ཅི་ཐུབ་བྱེད་དགོས་པ་ཤིན་ཏུ་གལ་ཆེ་ཞིང་། ལོ་ཙཱའི་ལས་ལ་འཇུག་པའི་སྐབས་སུ་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོ་ལུགས་དང་མཐུན་ཞིང་ཐ་སྙད་གཅིག་གྱུར་ཡོང་བར་མ་གཞོལ་བར་ཐ་སྙད་རེར་མི་རེའི་བསྒྱུར་སྟངས་སྣ་ཚོགས་པ་རེ་བྱུང་ནས་རྙོག་དྲ་ཆེན་པོ་བཟོས་ཚེ་མི་རིགས་རང་གི་སྐད་ཡིག་ལ་གནོད་པ་ཆེ་བ་དང་ལོ་ཙཱའི་བགྱི་བ་རླབས་པོ་ཆེ་འདི་ལའང་དངོས་ཤུགས་གང་རུང་ནས་གྱོང་གུད་འབྱུང་ངེས་པས་དེའི་ཕྱོགས་ལ་ངེས་པར་གཟབ་པ་ཤིན་ཏུ་གལ། མདོ་དབུས་ཁམས་གསུམ་ལས་རང་རང་གི་ཡུལ་སྲོལ་དང་རེ་འདུན་ལྟར་ཕྱོགས་རེ་བའི་བསམ་པ་གུ་དོག་པ་ཞིག་ཡིད་ལ་ཉར་ནས་ལོ་ཙཱ་བྱས་ན་ནི་ཕན་ཐོགས་ཅི་ཡང་མི་འབྱུང་བས་དེའི་ཕྱོགས་ལ་མཉམ་འཇོག་ཆེན་པོ་བྱེད་དགོས།

དེ་ཡང་ཀུན་གྱིས་མཁྱེན་གསལ་བཞིན་དུ་བརྩམས་ཆོས་གང་ཡང་རུང་བ་ཞིག་མི་རིགས་རང་གི་སྐད་ཡིག་ཏུ་བསྒྱུར་སྐབས། བསྒྱུར་བྱ་མ་ཡིག་གི་ནང་དོན་ཇི་བཞིན་ངང་བསྒྱུར་དགོས་པ་ལ་སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར། འཕྲི་སྒྱུར། སྣོན་སྒྱུར་སོགས་སྒྱུར་ཐབས་གང་རུང་སྤྱད་དེ་བསྒྱུར་བྱ་ཉིད་བརྡ་སྤྲོད་ངོས་ནས་མི་རིགས་རང་གི་བརྡ་སྤྲོད་འགྲོ་ལུགས་དང་རྩ་བར་མཐུན་དགོས་པའི་ཁར་ད་དུང་ཚིག་སྦྱོར་སོགས་གང་ཅིའི་ཐད་ནས་ཀྱང་ལ་བཏུས་ལུང་བཏུས་ཀྱི་ཕལ་སྐད་དང་གྲོང་སྐད་རིགས་སྣ་ཚོགས་མི་བསྲེ་པར་ཡིག་སྐད་ངང་བསྒྱུར་ཏེ་མདོ་དབུས་ཁམས་གསུམ་གྱིས་གོ་ཐུབ་པ་ཞིག་ཏུ་གཏོང་དགོས་རྒྱུ་ནི་དུས་རབས་གསར་པའི་ལོ་ཙཱ་བ་ཞིག་གི་འོས་འགན་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1