སྤྱི་བསྒྲགས་བརྡ་ཁྱབ་ལོ་ཙཱའི་སྐོར་ཀྱི་རང་གི་ལྟ་ཚུལ་ཕྲན་བུ།

ཚེ་རིང་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


དང་པོ། སྤྱི་བསྒྲགས་བརྡ་ཁྱབ་ཀྱི་གོ་དོན་ཀྱི་སྐོར།

སྤྱི་བསྒྲགས་བརྡ་ཁྱབ་ལ་མཁས་པ་སོ་སོའི་ཞིབ་འཇུག་གི་ཟུར་མི་འདྲ་བའི་དབང་གིས་གོ་དོན་འགྲེལ་སྟངས་ཀྱང་མི་འདྲ་སྟེ། ཆིན་ཧྭ་སློབ་ཆེན་གྱི་འབུམ་རམས་སློབ་མའི་མཛུབ་སྟོན་དགེ་རྒན་ལུའུ་ཞན་མིན་དང་ཧྲིན་ཀྲིན་སློབ་ཆེན་གྱི་དགེ་རྒན་ལི་ཞོའོ་ཧྭ་གཉིས་ཀྱིས། སྤྱི་བསྒྲགས་བརྡ་ཁྱབ་ནི་མི་མང་འདུ་འཛོམས་བྱ་ཡུལ་དུ་བྲིས་ཡོད་པའི་ཡི་གེར་བྱ་ཞེས་དང་། ནུབ་བྱང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ལི་ཞུའུ་ཡན་གྱིས་མི་མང་འདུ་འཛོམས་བྱ་ཡུལ་དུ་བཤམས་སྟོན་བྱས་པའི་ཡི་གེ་ལ་ཟེར། ཞེས་སྤྱི་བསྒྲགས་ཡི་གེ་ནི་མི་མང་འདུ་འཛོམས་བྱ་ཡུལ་དུ་ཡོད་པའི་ཡི་གེ་ཁོ་ནར་གོ་བར་བཤད། དེ་མིན་ལུའུ་ཧོ་ཧྥ་དང་ཏའེ་ཙུང་ཞན་གཉིས་ཀྱིས་བཏོན་པའི་གོ་དོན་ལྟར་ན། མི་མང་འདུ་སར་མི་རྣམས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་སོགས་འགྲོ་འདུག་བསྐྱོད་གསུམ་དང་འབྲེལ་བའི་མཛུབ་སྟོན་དང་དྲན་སྐུལ། གསལ་འདེབས། གསལ་བཤད། ཐ་ཚིག སྐུལ་སློང་བཅས་ཀྱི་བྱེད་ལས་ཐོན་པའི་ཡི་གེར་གོ་ཞེས་པའི་གོ་དོན་འདི་ལ་ཀུན་གྱིས་ཁས་ལེན་བྱེད་བཞིན་ཡོད་མོད། དེར་སྤྱི་བསྒྲགས་བརྡ་ཁྱབ་ཡིན་ན་ཡི་གེ་ཁོ་ན་ཡིན་པས་མ་ཁྱབ་སྟེ། དཔེར་ན། ང་ཚོའི་ནམ་རྒྱུན་མཐོང་ཐུབ་པའི་མེ་འཁོར་དང་རླངས་འཁོར་ས་ཚིགས། སྤྱི་སྤྱོད་རླངས་འཁོར། གནམ་གྲུ་འབབ་ཚིགས་སོགས་སུ་ལམ་སྟོན་དང་སྣེ་ཁྲིད་བྱེད་པའི་པར་རིས་མཚོན་རྟགས། དེ་མིན་ཁྲོམ་སྲང་གི་སྒོ་བྱང་དང་སྤྱི་གླིང་ནང་གི་གསལ་འདེབས་ཡི་གེ །གྲོང་ཁྱེར་དུ་རྒྱ་ལམ་འཕྲེད་དུ་བསྐྱོད་སྐབས་ཀྱི་གློག་ཞུ་དམར་སེར་ལྗང་གསུམ་གྱིས་ཀྱང་གསལ་འདེབས་ཀྱི་བྱེད་ལས་ཐོན་བཞིན་ཡོད། དེ་བས་སྤྱི་བསྒྲགས་བརྡ་ཁྱབ་ཅེས་པ་ནི་མི་མང་འདུ་སར་མི་རྣམས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་སོགས་འགྲོ་འདུག་བསྐྱོད་གསུམ་དང་འབྲེལ་བའི་མཛུབ་སྟོན་དང་དྲན་སྐུལ། གསལ་བཤད། ཐ་ཚིག སྐུལ་སློང་བཅས་ཀྱི་བྱེད་ལས་ཐོན་པའི་ཡི་གེ་དང་པར་རིས། མཚོན་རྟགས་ལ་བྱ་ཞེས་ན་ཅུང་ཆ་ཚང་ཡིན་པར་འདོད།

གཉིས་པ། རྒྱ་བོད་སྤྱི་བསྒྲགས་བརྡ་ཁྱབ་ལོ་ཙཱའི་འགྱུར་སྐྱོན་གྱི་འབྱུང་རྐྱེན་སྐོར།

སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་ལ། དེ་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་གནང་བའི་དབང་ཆ་ཡིན་པ་དང་། དེ་མིན་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལས་སྐད་ཡིག་བེད་སྤྱོད་གཏོང་བའི་གཏན་འབེབས་དོན་ཚན་བཅུ་གཅིག་ནང་དུ། རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་རིམ་པ་ཁག་དང་དམངས་ཚོགས། ཁེ་ལས། བྱ་གཞག་ཚན་ཁག་གི་ལས་ཁུངས་ཀྱི་ཐམ་ག་དང་ལག་འཁྱེར། སྒོ་བྱང་། ཁྲོམ་གཞུང་། ཚོང་ཁང་། དེ་མིན་ཞབས་ཞུའི་སྡེ་ཚན་བཅས་ཀྱི་མིང་རྣམས་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་འབྲི་རྒྱུ། རང་སྐྱོང་ལྗོངས་ནས་ཐོན་སྐྱེད་བྱས་པའི་ཚོང་རྫས་ཀྱི་མིང་དང་ཚོང་རྟགས། གཞན་ཚོང་ཁང་གི་ཟོག་གོང་དང་མཆན་འཛེར། ཐམས་ཅད་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་འབྲི་རྒྱུ ཞེས་གཏན་འབེབས་གནང་ཡོད་པར་མ་ཟད། མི་རིགས་རང་སྐྱོང་ཁུལ་དང་རྫོང་སོ་སོ་ལའང་རང་གི་སྐད་ཡིག་བེད་སྤྱོད་གཏོང་བར་རྩ་ཁྲིམས་ཀྱིས་གཏན་འབེབས་གནང་མོད་ཀྱང་། ས་ཆ་སོ་སོ་ནས་སྤྱི་བསྒྲགས་བརྡ་ཁྱབ་བེད་སྤྱོད་བཏང་བའི་ཐད་ནས་ཡ་ང་བའི་ཚད་དུ་འདུག དཔེར་ན། ཁོ་མོས་དཀར་མཛེས་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་མཚོ་སྔོན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་སྤྱི་བསྒྲགས་བརྡ་ཁྱབ་ཉིས་བརྒྱ་ལྷག་འཚོལ་བསྡུ་བྱས་པ་ལས། བརྒྱ་ཆའི་ཉི་ཤུ་ཙམ་གྱི་འགྱུར་ཡང་དག་ཡིན་པ་དང་། བརྒྱ་ཆའི་བཅུ་གཉིས་སྟེང་བོད་ཡིག་བཀོད་མེད། དེ་མིན་བརྒྱ་ཆའི་དྲུག་ཅུ་རེ་བརྒྱད་ལ་སྒྲ་བསྒྱུར་དང་ཐད་བསྒྱུར་ཐལ་དྲགས་པ། ལ་ལ་ནང་དོན་རྩ་བ་ནས་མེད་པས་བོད་ཡིག་གི་ཡིག་འབྲུ་རེ་གཉིས་ཀྱི་འཐུས་པར་བྱས་འདུག་པ་བཅས་ལ་གཞིགས་ན། གཏན་འབེབས་གནང་བའི་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ཡོང་མེད་པ་མཚོན་པར་མ་ཟད། ཀུན་གྱིས་གཙིགས་སུ་བཟུང་མེད་པའང་མཐོང་ཐུབ།

གསུམ་པ། རྒྱ་བོད་སྤྱི་བསྒྲགས་བརྡ་ཁྱབ་ཀྱི་བསྒྱུར་ཐབས་དང་དོ་དམ་བྱེད་ཐབས་སྐོར།

དུས་རབས་བཅུ་དགུ་པའི་ནང་དབྱིན་ཇིའི་མིའི་རིགས་རིག་པའི་ཆེད་མཁས་ཐའེ་ལིར་གྱིས་རིག་གནས་ལ་བཞག་པའི་མཚན་ཉིད་ནི། མཉམ་འདུས་ཀྱི་ཕུང་པོ་ཞིག་སྟེ། དེར་ཤེས་བྱ་དང་དད་མོས། སྒྱུར་རྩལ། ཀུན་སྤྱོད། ཁྲིམས་ལུགས། ཡུལ་སྲོལ་གོམས་གཤིས་ལས་གཞན། མི་རྣམས་སྤྱི་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས་ཐོབ་པའི་ནུས་པ་དང་གོམས་གཤིས་ལ་གོ ཞེས་བཀོད་ཡོད། སྤྱི་བསྒྲགས་བརྡ་ཁྱབ་ནི་རྣམ་ཀུན་དངོས་ཡོད་འཚོ་བའི་ཁྲོད་བེད་སྤྱོད་གཏོང་བཞིན་པའི་ཉེར་མཁོའི་ཡིག་རིགས་ཤིག་ཡིན་པས། སྤྱི་ཚོགས་འཚོ་བ་དང་རིག་གནས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། མཚོན་དོན་གཙོ་བོ་ཡང་མི་རིགས་ཤིག་གི་རིན་ཐང་ལྟ་ཚུལ་དང་བསམ་བློའི་འཁྱེར་སོ། ཀུན་སྤྱོད། ཆོས་ལུགས་དད་མོས་བཅས་ལས་གཞན་སྒྱུ་རྩལ་རྩོམ་རིག་གི་གྲུབ་འབྲས་དང་ཐོན་རྫས་སོགས་བསམ་པའི་རིག་གནས་ཡིན་ཞིང་། རིག་གནས་ཀྱི་དོན་སྤྱི་དེ་དག་མ་ལུས་པར་རྟེན་གཞི་སྐད་དང་ཡི་གེས་ལམ་ནས་མཚོན་དགོས་པ་བསྙོན་དུ་མེད་པས། སྤྱི་བསྒྲགས་བརྡ་ཁྱབ་ལོ་ཙཱའི་ལག་ལེན་ནང་དུའང་རིག་གནས་ཀྱི་དོན་སྤྱི་དེར་དམིགས་ཐུབ་པ་བྱུང་ཚེ། རྒྱ་བོད་སྤྱི་བསྒྲགས་བརྡ་ཁྱབ་ལོ་ཙཱར་དཔྱད་བསྡུར་བྱེད་ཐུབ་པར་མ་ཟད། སྔ་ན་མེད་པའི་ཕན་ནུས་ཤིག་ཀྱང་ཐོན་ཐུབ་པར་མཐོང་། སྤྱི་བསྒྲགས་བརྡ་ཁྱབ་ཀྱི་ལོ་ཙཱའི་བྱ་ཐབས་ཐད་ལ་ད་ཕན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འདི་ཡིན་བྱ་བ་ཞིག་མེད་པས་ལོ་ཙཱ་བ་དག་གིས་རང་འདོད་བཞིན་སྒྲ་བསྒྱུར་དང་ཐད་བསྒྱུར་གྱི་ལམ་ནས་ཡིག་འབྲུ་ཐོད་གཏུགས་ནས་བསྒྱུར་ན་སྤྱི་བསྒྲགས་བརྡ་ཁྱབ་ཀྱི་ཕན་ནུས་ཐོན་མེད་པས། འདིར་ཁོ་མོས་རྨོངས་ཚོད་ལྟར་ན་དེང་རབས་དབྱིན་ཇིའི་ལོ་ཆེན་ཉེའུ་མར་ཁིས་བཏོན་པའི་ཡིག་ཆར་རིགས་དབྱེ་དང་མཐུན་འབྲེལ་ལོ་ཙཱ་ཡི་ལོ་ཙཱའི་ཐབས་ལམ་སྤྱད་ན་ཤིན་ཏུ་འཚམ་པར་འདོད།

ཁོང་གིས་ལོ་ཙཱའི་གནད་དོན་རྟོགས་དཔྱོད་དང་ལོ་ཙཱའི་རྣམ་གཞག་བརྩམས་ཏེ། ལོ་ཙཱའི་བྱེད་ཐབས་ལ་ཚིག་དོན་ལ་བསྟུན་པའི་ལོ་ཙཱ་བྱེད་ཐབས་དང་མཐུན་འབྲེལ་ལ་དམིགས་པའི་ལོ་ཙཱ་བྱེད་ཐབས་གཉིས་བཏོན་པ་དང་སྦྲགས། ཡིག་ཆར་རིགས་དབྱེ་སྟེ་གོང་གི་ལོ་ཙཱ་བྱེད་ཐབས་གཉིས་ཡིག་ཆ་གང་ཞིག་ལོ་ཙཱ་བྱེད་པ་ལ་བེད་སྤྱོད་གཏོང་ཚུལ་ཡང་བཏོན་ཡོད། ནུབ་གླིང་ལོ་ཙཱའི་ལོ་རྒྱུས་གནད་བསྡུས་ལས། བསྒྱུར་བྱའི་ཡིག་ཆར་དབྱེ་ན་ནང་སེམས་ཀྱི་འགྱུར་བ་མཚོན་པའི་ཡིག་ཆ་དང་བརྡ་འཕྲིན་མཚོན་པའི་ཡིག་ཆ། འབོད་སྐུལ་གྱི་བྱེད་ལས་ཐོན་པའི་ཡིག་ཆ་བཅས་གསུམ་ཡོད་དེ། ནང་སེམས་ཀྱི་འགྱུར་བ་མཚོན་པའི་ཡིག་ཆ་སྟེ། དཔེར་ན། བརྡ་སྦྱོར་དང་དྲིལ་བསྒྲགས་ཡིག་ཆ་ལྟ་བུ་ཞེས་པ་ལས། སྤྱི་བསྒྲགས་བརྡ་ཁྱབ་ཀྱིས་ཀྱང་མི་རྣམས་ལ་གསལ་འདེབས་དང་སྐུལ་སློང་གིས་བྱེད་ནུས་ཐོན་པའི་ཁོངས་སུ་གཏོགས་པ་ཤེས་ཐུབ། གཞན་འཇར་མན་གྱི་བུད་མེད་ལོ་ཆེན་སཱ་རེན་ནཱ་རེལ་སིས། ཡིག་ཆར་རིགས་དབྱེ་བ་ནི་ལོ་ཙཱའི་ཐབས་ལམ་གང་ཞིག་གདམ་པའི་གཞི་འཛིན་ས་ཡིན་ཞེས་ལོ་ཙཱའི་ཐབས་ལམ་གཉིས་ལས་གང་བེད་སྤྱོད་གཏོང་བ་ཐད་ཀར་ཡིག་ཆའི་ནང་དོན་ལ་རག་ལས་ཤིང་། གཞན་ཡིག་ཆ་གང་ལ་ལོ་ཙཱའི་ཐབས་ལམ་ཇི་འདྲ་ཞིག་སྤྱོད་དགོས་པ་ལའང་རྒྱུ་རྐྱེན་གསུམ་ཡོད་དེ། བསྒྱུར་བྱའི་མ་ཡིག་གི་རྣམ་པ་དང་ཞབས་འདེགས་ཞུ་ཡུལ། ལོ་ཙཱའི་དམིགས་ཡུལ་བཅས་ལ་རག་ལས་ཞེས་བརྗོད་ཡོད།

1.བསྒྱུར་བྱའི་ཡིག་ཆའི་ངོས་ནས་བཤད་ན། སྤྱི་བསྒྲགས་བརྡ་ཁྱབ་ནི་འབོད་སྐུལ་གྱི་བྱེད་ནུས་ཐོན་པའི་ཡིག་ཆའི་ཁོངས་སུ་གཏོགས་ཤིང་། ཡོངས་བསྒྲགས་ཀྱི་རྣམ་པར་མི་མང་འདུ་སར་མི་རྣམས་ཀྱི་འཚོ་བ་དང་ཐོན་སྐྱེད་བཅས་ལ་མཛུབ་སྟོན་དང་དྲན་སྐུལ། གསལ་བཤད། ཐ་ཚིག སྐུལ་སློང་བཅས་ཀྱི་ནུས་པ་འདོན་པར་བྱེད་པའི་ཡི་གེ་དང་པར་རིས། མཚོན་རྟགས་ལ་སོགས་ཀྱི་བརྡ་འཕྲིན་རྒྱ་ཡིག་གི་སྤྱི་བསྒྲགས་བརྡ་ཁྱབ་ཀྱི་བྱེད་ནུས་ཇི་བཞིན་བོད་ཡིག་གི་ངོས་ནས་ཀྱང་གོ་འཛོལ་མེད་པར་མཚོན་ཐུབ་པ་ཞིག་ཡིན་དགོས་ཏེ། དཔེར་ན། “有电危险!” ལྟ་བུ་བོད་ཡིག་ཏུ་ཕབ་སྒྱུར་བྱས་ན“གློག་ཡོད་པས་ཉེན་ཁ་ཆེ” ཞེས་ན་ཡང་རྒྱ་ཡིག་གི་བྱེད་ནུས་ལྟ་བུ་ཐོན་ཐུབ་ཀྱང་། གལ་ཏེ་བོད་ཡིག་ངོས་ནས་དོན་མི་གསལ་བ་དང་ལོག་པར་བསྒྱུར་ན་སྤྱི་བསྒྲགས་བརྡ་ཁྱབ་ཀྱི་བྱེད་ནུས་མ་ཐོན་པའི་དབང་གིས་རྒྱུ་ནོར་གྱི་གྱོང་གུད་ཐེབས་སུ་འཇུག་པར་མ་ཟད། ཚེ་སྲོག་ལའང་ཉེན་ཁ་བཟོ་སྲིད།

2.ཞབས་འདེགས་ཞུ་ཡུལ་གྱི་ངོས་ཐད་ནས་བཤད་ན། རྩོམ་རིག་བརྩམས་ཆོས་ལོ་ཙཱ་བྱེད་ན་མ་ཡིག་གི་ནང་དོན་དང་རྩོམ་པ་པོའི་རྩོམ་གཤིས། རྩོམ་པ་པོའི་ཚོར་འདུ། རིག་གནས། གོམས་སྲོལ་ལ་སོགས་པ་སོར་འཇོག་བྱ་དགོས་མོད། སྤྱི་བསྒྲགས་བརྡ་ཁྱབ་ཀྱིས་ཞབས་འདེགས་ཞུ་ཡུལ་ནི་ཆེ་ས་ནས་མཁས་པ་དང་ཆུང་ས་ནས་ཡིག་ངོ་ཆོད་པ་ཙམ་གྱི་མང་ཚོགས་དཀྱུས་མ་ཐམས་ཅད་འདུ་བས་ལོ་ཙཱའི་སྐབས་སུ་མ་ཡིག་གི་བསྟན་དོན་གཞིར་བཞག་སྟེང་། མི་དམངས་མང་ཚོགས་ཀྱི་གོ་བདེ་བ་ཞིག་དོན་དུ་བཟུང་ནས་བསྒྱུར་དགོས་པ་ཡིན། ལར་མང་ཚོགས་ཀྱི་གོ་ཐུབ་པ་ཞིག་ཡིན་དགོས་ན་བོད་རང་གི་སྐད་ཀྱི་ལུགས་བཞིན་སྦྱོར་དགོས་པ་ལས་རྒྱ་ཡིག་འགྲོས་བཞིན་ཐད་སྒྱུར་བྱས་པ་དང་། ཁྱད་པར་དུ་བརྡ་སྤྲོད་ཀྱི་གཞུང་ལུགས་ལ་མ་བསྟུན་ན་ནོར་ཉེན་ཤིན་ཏུ་ཆེ།

བཞི་པ། སྤྱི་བསྒྲགས་བརྡ་ཁྱབ་ལ་གཞུང་སྒེར་གཉིས་ནས་ལྟ་སྐུལ་དོ་དམ་བྱེད་དགོས།

རྒྱལ་ཁབ་ཀྱི་སྐད་དང་ཡི་གེ་ཨུ་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་སྲོལ་ཡིག་གི་ལེའུ་གཉིས་པའི་དོན་ཚན་བཅུ་གསུམ་པ དང་བོད་རང་སྐྱོང་ལྗོངས་སྐད་ཡིག་གཞུང་ལས་ཁང་གིས་གཏན་འབེབས་གནང་བའི་དོན་ཚན་བཅུ་གཅིག་པ། གཞན་བོད་ཀྱི་ས་གནས་སོ་སོའི་སྐད་ཡིག་གཞུང་ལས་ཁང་གི་སྲོལ་ཡིག་ནང་བཀོད་པའི་དགོངས་དོན་གཙིགས་སུ་བཟུང་ནས་ས་ཁུལ་སོ་སོར་གནས་པའི་སྒོ་བྱང་སོགས་སྤྱི་བསྒྲགས་བརྡ་ཁྱབ་སྟེང་དུ་ནོར་འཁྲུལ་མཆིས་སྲིད་པ་ཐམས་ཅད་བཏང་སྙོམས་སུ་འཇོག་མི་རུང་པར་བཅའ་ཁྲིམས་སྲོལ་ཡིག་གིས་གཏན་འབེབས་ནང་བཞིན་ཐག་གཅོད་ནན་མོ་བྱེད་དགོས། སྤྱི་བསྒྲགས་བརྡ་ཁྱབ་ཚད་ལྡན་དུ་གཏོང་དགོས་ན་མི་གཅིག་གམ་ཚོགས་པ་རེ་གཉིས་ཀྱི་ནུས་པར་བརྟེན་ན་ཚད་ལྡན་ཞིག་ཡོང་ཐབས་བྲལ་བས་མང་ཚོགས་རྣམས་ལའང་འགྱུར་སྐྱོན་ལ་ཐེར་འདོན་བྱེད་པར་སྐུལ་སློང་བྱེད་པ་དང་། སྒོས་སུ་ཡིག་སྒྱུར་ཆེད་ལས་ཀྱི་སློབ་མ་རྣམས་ལ་སྤྱི་ཚོགས་བརྟག་དཔྱད་ཀྱི་ཚུལ་དུ་ལས་བྱ་བཀོད་སྒྲིག་བྱས་ཏེ། རང་རང་ས་གནས་ཀྱི་ཚོང་ཁང་དང་ལས་ཁུངས་ཀྱི་སྒོ་བྱང་། ལམ་ཐོ། མི་མང་འདུ་སའི་སྤྱི་བསྒྲགས་བརྡ་ཁྱབ། རླངས་འཁོར་དང་མེ་འཁོར། གནམ་གྲུ་ས་ཚིགས་ཀྱི་སྤྱི་བསྒྲགས་བརྡ་ཁྱབ། མང་ཚོགས་ཀྱི་ལས་སྒོ་སྒྲུབ་སའི་སྤྱི་བསྒྲགས་བརྡ་ཁྱབ་བཅས་ལ་བརྟག་དཔྱད་དམ་ཕྱོགས་སྡོམ་བྱས་ནས་གོང་རིམ་སྐད་ཡིག་གཞུང་ལས་ཁང་ལ་སྤྲད་ན་བོད་ཡིག་གི་སྤྱི་བསྒྲགས་བརྡ་ཁྱབ་ཚད་ལྡན་གཏོང་བར་ཕན་པར་མ་ཟད། སློབ་མ་རང་ཉིད་ཀྱང་སྤྱི་ཚོགས་བྱེད་སྒོ་རུ་དངོས་སུ་ཞུགས་ནས་བྱ་བའི་ཉམས་མྱོང་མང་དུ་བསགས་ནུས་པས་རང་གཞན་གཉིས་ལ་ཕན་པ་རེད། གཞན་ས་གནས་སྐད་ཡིག་གཞུང་ལས་ཁང་གིས་དུས་ངེས་མེད་དུ་སྒོ་བྱང་དང་མི་དམངས་འདུ་འཛོམས་བྱེད་ས་མ་ལུས་པའི་སྤྱི་བསྒྲགས་བརྡ་ཁྱབ་ལ་གོ་འཛོལ་ཡོད་མེད་དང་ཡིག་ནོར་ཡོད་མེད། ཡང་དག་ཡིན་མིན་བཅས་ལ་ལྟ་སྐུལ་བྱས་ན་རིམ་བཞིན་སེལ་ཐུབ་པར་འདོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1