༄༅།།རྒྱ་བོད་བརྡ་སྤྲོད་ལས་ནང་གསེས་རྣམ་དབྱེའི་ཁྱད་པར་མདོ་ཙམ་བཤད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-09


ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་རྒྱ་བོད་བརྡ་སྤྲོད་ལས་རྣམ་དབྱེ་འགའི་ཁྱད་པར་མི་འདྲ་བའི་སྐོར་ལ་དཔེ་མཚོན་དང་སྦྲགས་ནས་རགས་ཙམ་གླེང་ཡོད།

བརྡ་ཆད་གཙོ་བོ། བརྡ་སྤྲོད། རྣམ་དབྱེ།

གླེང་གཞི།

 བརྡ་སྤྲོད་ཅེས་པའི་ཐ་སྙད་འདི་ལ་གོ་བརྡ་སྤྲོད་པ་དང་། སྐད་ཆའི་སྦྱོར་སྲོལ་གྱི་རིག་པ་ལ་གོ་བ་དུ་མ་ཡོད།”①ཅེས་པ་ལྟར། སྐབས་འདིའི་བརྗོད་དོན་བརྡ་སྤྲོད་ནི་ཕྱི་མ་སྟེ་སྐད་ཆའི་སྦྱོར་སྲོལ་ངེས་ཅན་ལ་གོ་ཞིང་། མི་རྣམས་ཀྱིས་རང་གི་རིག་གནས་དང་སེམས་ཁམས། ཡུལ་སྲོལ་གོམས་འདྲིས་སོགས་ལས་ཐོན་པའི་སྐད་ཆའི་སྦྱོར་ལུགས་ཐམས་ཅད་ཡུན་རིང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་གསོག་ཉར་བྱས་ཏེ་རིམ་བཞིན་གཏན་ཆགས་ཀྱི་རྣམ་པར་གྲུབ་པ་ནས་བརྡ་སྤྲོད་སྲོལ་བྱུང་བ་དང་། མི་རིགས་སོ་སོའི་འཚོ་སྟངས་དང་གནས་བབ་སོགས་མི་འདྲ་བའི་དབང་གིས་སྐད་ཆའི་སྦྱོར་སྲོལ་ལ་རང་རང་གི་ཆོས་ཉིད་ངེས་ཅན་རེ་ལྡན་ཞིང་བརྡ་སྤྲོད་ཀྱི་གོ་བའང་མི་འདྲ་བ་རེ་བསྐྱེད་པ་སྟེ། དཔེར་ན། རང་རེའི་བོད་སྐད་དུ་ཁྱིས་ལྟོ་འཐུང་ལྟ་བུ་གཏན་ཆགས་ཀྱི་རྣམ་པར་གྲུབ་ཟིན་པས་གང་འདོད་དུ་བརྗེ་སྤོར་བྱ་མི་རུང་ལ། དེ་མིན་ན་ལྟོ་ཡིས་ཁྱི་འཐུང་། ཞེས་བརྗོད་ན་གཏན་ཚིགས་དང་མི་མཐུན་པའི་ཕྱིར་ན་བརྡ་སྤྲོད་དུའང་འབྱུང་མི་རུང་བ་བཞིན་ནོ། ། རྒྱའི་སྐད་ལ་མཚོན་ནའང་དཔེར་ན། “经济发展 ”ཞེས་པ་འདི་གཙོ་བརྗོད་ཚིག་གྲུབ་ཀྱི་རྣམ་པ་ཞིག་ཡིན་མོད། གོ་རིམ་ལྡོག་སྟེ “发展经济”ཅེས་བརྗོད་ན་བྱ་ཡུལ་ཚིག་གྲུབ་ཀྱི་རྣམ་པར་འགྱུར་སྲིད་པས་དེ་དག་རེ་རེ་ལས་མཚོན་པའི་བརྡ་སྤྲོད་ཀྱི་གོ་དོན་ཡང་མི་འདྲ་བ་ལྟ་བུའོ། །རྒྱ་གར་དང་བོད་དང་སོག་པོ་གསུམ་ལ་རྣམ་དབྱེ་བརྒྱད་མེད་མི་རུང་ཞིང་། རྒྱ་ནག་ལ་རྣམ་དབྱེ་གཏན་ནས་མི་དགོས་པར་ཚིག་གོང་འོག་བརྗེ་བའི་ཁྱད་པར་ཙམ་ལས་མིང་ཐམས་ཅད་བརྗོད་པར་འདོད་ཅིང་། རྣམ་དབྱེའི་ཚབ་ཏུ་ཕིང་། ཧྲང་། ཆུས། རུའུ་ཞེས་བཞི་འདོད་ཅིང་། དེ་ཡང་དབྱངས་སམ་ང་རོ་ཡིན་པར་མངོན་པས། ཕིང་ཞེས་པ་དབུགས་ཆ་སྙོམ་པའི་ཤུགས་ཀྱིས་ཐོན་པ་དང་། ཧྲང་ཞེས་པ་དབུགས་གྱེན་དུ་བཏེགས་པའི་ཤུགས་ཀྱིས་ཐོན་པ་དང་། ཆུས་ཞེས་པ་དབུགས་ཐད་ཀར་ཕྱིར་འཕུལ་བའི་ཤུགས་ཀྱིས་ཐོན་པ་དང་། རུའུ་ཞེས་པ་དབུགས་ཐུར་དུ་ཕྱུང་བའི་ཤུགས་ཀྱིས་ཐོན་པ་དང་། མིང་གང་བརྗོད་ཅིང་བརྗོད་ཚུལ་བཞི་བོ་འདི་ལས་མ་འདས་ཟེར་རོ། ། ②ཞེས་པ་ལྟར། རྒྱའི་སྐད་ཡིག་གི་རྣམ་དབྱེ་ནི་འདི་བཞིའི་གདངས་མཐོ་དམའ་ལ་བརྟེན་ནས་འབྱེད་དགོས་པའམ་ཡང་ན་མིང་གི་གོ་རིམ་བསྣོར་བ་ལ་བརྟེན་ནས་མཚོན་པ་ཙམ་ལས་བོད་སྐད་ལྟར་དབྱེ་བ་ཁ་གསལ་གཏིང་གསལ་ཞིག་མེད་པར་གདའ།

རྣམ་དབྱེ་དང་པོ་མིང་གི་ངོ་བོ་ཙམ་བརྗོད་པ་ལ་མཚོན་ན་ཡང་། སྐད་རིགས་གང་གི་མིང་ཡང་ཆོས་གང་ཉིད་ཀྱི་ངོ་བོ་ཙམ་གོ་བར་བྱེད་པ་ལས། ཆོས་གཞན་ཞིག་གི་ངོས་འཛིན་པར་མི་འགྱུར་བས། བོད་སྐད་ཀྱི་མིང་ངོ་ཅོག་རྣམ་དབྱེར་བརྩིས་ཆོག་ན། རྒྱ་སྐད་ལ་སོགས་པའི་མིང་ངོ་ཅོག་ཀྱང་རྣམ་དབྱེར་བརྩིས་ཆོག་པའི་ཕྱིར་རོ། ། འོ་ན་བོད་སྐད་ཀྱི་མིང་ངོ་ཅོག་རྣམ་དབྱེ་དང་པོར་བཞག་པ་ཨེ་འགྲིག་ཅེ་ན། འགྲིག་ཐག་ཆོད་རེད། ཅིའི་ཕྱིར་ཞེ་ན། བོད་སྐད་ཀྱི་མིང་གི་ངོ་བོ་གཞན་ཞིག་ཏུ་འགྱུར་བ་ལ། ལེགས་སྦྱར་གྱི་ལུགས་ལྟར་རྣམ་དབྱེ་དང་པོའི་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཡོད། འདི་ནི་བོད་རང་སྐད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། རྒྱ་སྐད་སོགས་ལ་འདི་འདྲའི་ཁྱད་ཆོས་མེད་དོ། ། ཅེས་པ་ལྟར། བོད་རང་སྐད་དུ་མིང་གཞི་གཅིག་ཀྱང་མགོ་འདོགས་དང་འཕུལ་རྟེན་སོགས་ཀྱི་དབང་གིས་དོན་དུ་མར་འཇུག་ཀྱང་དེ་དག་གི་དབྱེ་བ་མ་འདྲེས་པར་སོ་སོར་འབྱེད་པའི་ཁྱད་ཆོས་དང་ལྡན་པས་རྣམ་དབྱེ་ཁོངས་སུ་བཞག་པ་དང་།དཔེར་ན།དཔེ་ཆ་སོགས་བཀླག་ཀློག་བཀླགས་ཀློག་ལྟ་བུ། དེ་དག་གི་མིང་གཞི་སྤྱིར་འདྲ་ཡང་འཕུལ་ཡིག་ཡོད་མེད་དང་། དབྱངས་མཐོ་དམན་གྱི་རྣམ་དབྱེས་དེ་དག་གི་ངོ་བོ་སོ་སོར་དབྱེ་བ་ཡིན་ལ། རྒྱ་སྐད་ལ་མཚོན་ན་དེ་ལྟ་བུའི་མིང་གི་གཟུགས་འགྱུར་མེད་པས། སྔ་མ་དག་གི་ཚབ་ཏུ་ཡི་གེ“读”གཅིག་པུ་དང་ཕྱི་མར“写”གཅིག་པུ་ལས་མེད་པའོ། །

  རྣམ་དབྱེ་གཉིས་པའི་སྐབས།དཔེར་ན།པེ་ཅིན་དུ་འགྲོ་ཞེས་རྣམ་དབྱེ་སྦྱར་ཡུལ་པེ་ཅིན་སྔོན་དུ་འཇོག་པ་དང་། འགྲོ་བ་རྣམ་དབྱེའི་རྗེས་སུ་སྦྱར་ནས་བར་དུ་ལ་སྒྲ་མེད་ན། པེ་ཅིན་འགྲོ་ཞེས་བྱ་བ་དང་བྱ་ཡུལ་གཉིས་ངོ་བོ་གཅིག་ཏུ་འགྱུར་འགྲོ་བས་དེ་མེད་མི་རུང་། རྒྱ་སྐད་དུ“去北京”ཞེས་མིང་གི་གོ་རིམ་ལ་བརྟེན་ནས་བརྡ་སྤྲོད་ཀྱི་གོ་དོན་མཚོན་པ་ཙམ་ལས་རྣམ་དབྱེ་ཞེས་ལོགས་སུ་སྦྱོར་རྒྱུ་ཞིག་མེད་དོ། །རྣམ་དབྱེ་གསུམ་པའི་སྐབས།དཔེར་ན།ངས་ཟ་ཞེས་ཟ་བ་བོ་ང་ཡིན་ལ། བཟའ་བྱ་དེ་ལས་ལོགས་སུ་ཡོད་པ་བར་གྱི་ཕྲད་འིས་ཀྱི་ནུས་པས་སྟོན། འོན་ཀྱང་རྒྱ་སྐད་ལ་དེ་ལྟ་མ་ཡིན་པར“我吃”ང་ཟ། བྱེད་པ་པོ་སྔོན་དུ་སྦྱར་བ་ཙམ་གྱིས་སྟོན་པར་བྱེད།

རྣམ་དབྱེ་བཞི་པའི་སྐབས། རྟ་ལ་རྩྭ་བྱིན་ལྟ་བུ། རྟ་ལ་ཤ་ཤེད་རྒྱས་པའི་ཆེད་དུ་རྩྭ་བྱིན་པར་སྟོན་པ་ནི་རྣམ་དབྱེའི་ཕྲད་ཀྱི་ནུས་པས་གོ་བ་ཡིན་ལ།རྒྱ་སྐད་ལ་མཚོན་ན“为了生活而劳动”ཞེས་ཚིག་ཕྲད་སྔ་ཕྱི་སྦྲེལ་བར་བྱེད་པའི“为的是,以免”སོགས་འགའ་རེ་ལས་ཆེད་དུ་རྣམ་དབྱེ་ཞེས་སྦྱོར་རྒྱུ་མེད།

རྣམ་དབྱེ་ལྔ་པའི་སྐབས། དཔེར་ན། རྟ་ལས་བབས། ཞེས་འབྱུང་ཡུལ་སྔོན་དང་བྱ་བ་རྗེས་སུ་འཇོག་སྟེ། རྒྱའི་སྐད་ཡིག་ལ་མཚོན་ན་རྣམ་དབྱེ་ལྔ་པ་འབྱུང་ཁུངས་མེད་པས་རྟ་བབས་ཟེར་ལ། ང་ཚོའི་བློ་ངོར་རྟ་ཁོ་རང་མར་བབས་པ་ལྟ་བུ་འཆར་བ་དང་། ཡང་ན “离开北京去拉萨”ཞེས་པ་ལྟ་བུར་མཚོན་ན་ཡང་བྱ་བའི་མིང“离开”སྦྱར་ནས་ཡུལ་གང་ལས་བྱུང་བ་སྟོན་པར་བྱེད།

རྣམ་དབྱེ་དྲུག་པའི་སྐབས། དཔེར་ན། ང་ཡི་ལག་པ་ཡལ་ག་ཞེས་ཡན་ལག་དང་ཡན་ལག་ཅན། ཁྱད་གཞི་དང་ཁྱད་ཆོས་སོགས་ཀྱི་འབྲེལ་བ་མཚོན་བྱེད་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྲད་གི་ཀྱི་གྱི་འི་ཡི་ལྔ་ཡོད་མོད། རྒྱ་སྐད་ལ“和、跟、同、与、而”སོགས་སྦྲེལ་ཚིག་དང“的、之”སོགས་གྲོགས་ཚིག་ལ་བརྟེན་ནས་མཚོན་པ་ཙམ་ལས་རང་སྐད་ལྟར་ཁ་གསལ་གཏིང་གསལ་ཞིག་མེད།

རྣམ་དབྱེ་བདུན་པའི་སྐབས། དཔེར་ན། རྩྭ་ཐང་དུ་ནོར་ལུག་ཡོད། ཅེས་པ་ལྟ་བུར་གནས་གཞི་རྩྭ་ཐང་དུ་གནས་ཆོས་ནོར་ལུག་ཡོད་པ་རྣམ་དབྱེའི་ཕྲད་དུ་ཞེས་པས་སྟོན་པ་ཡིན། རྒྱ་སྐད་ལ་མཚོན་ན་རྣམ་དབྱེ་མེད་སྟབས“上下左右里外”སོགས་སྟེང་འོག་དང་ཁ་ཕྱོགས་སོགས་སྟོན་པའི་མིང་རྣམས་ལ་བརྟེན་ནས་དངོས་པོའི་གནས་མལ་སོགས་སྟོན་པ་དཔེར་ན།“ 世界上,社会上”ལྟ་བུ་དང་། རྒྱ་སྐད་ལ་མཚོན་ན་ཚིག་ཕྲད་མང་པོ་མེད་སྟབས་མིང་རྣམས་ལ་བརྟེན་ནས་མཚོན་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1