ཟླ་6ཚེས་8ཉིན་ནི“འཛམ་གླིང་གི་རྒྱ་མཚོའི་ཉིན་མོ”ཐེངས་བཅུ་བཞི་པ་དང་“རྒྱལ་ཡོངས་ཀྱི་རྒྱ་མཚོའི་དྲིལ་བསྒྲགས་ཉིན་མོ”ཐེངས་བཅོ་ལྔ་པ་དེ་རེད། ད་ལོའི་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“རྒྱ་མཚོའི་སྣོད་བཅུད་མ་ལག་ལ་སྲུང་སྐྱོང་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད”ཅེས་པ་དེ་རེད།
རྒྱ་མཚོའི་སྐྱེ་དངོས་འགེབས་སྲུང་ཁང་གི་ནུས་པ་ཡོད་པའི་བྱུ་རུའི་བྲག་རྡོ་ནི་རྒྱ་མཚོའི་སྐྱེ་ཁམས་མ་ལག་ལ་ཤིན་ཏུ་གལ་ཆེ་བ་མ་ཟད། ད་དུང་ང་ཚོར་ཕུན་སུམ་ཚོགས་པའི་དངོས་རྫས་དང་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་འདོན་སྤྲོད་བྱེད་བཞིན་ཡོད།
ལོ་ངོ་དུང་ཕྱུར་5ཡི་ལོ་རྒྱུས་ལྡན་པའི་བྱུ་རུའི་སྐོར།
ཕར་བལྟས་ན་བྱུ་རུའི་སྡོང་བོ་ནི་ནགས་ཚལ་དང་འདྲ་ཞིང་། རྡོ་འདྲའི་མཁྲེགས་པོ་ཡིན་ལ་ཕྱིའི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་མོད། འོན་ཀྱང་དེ་ནི་དོན་དངོས་ཐོག་རྒྱ་མཚོའི་སྐྱེ་དངོས་ཏེ་མཚོ་གདུགས་ཀྱི་རིགས་སུ་གྱུར་བའི་སྲོག་ཆགས་ཤིག་ཡིན། དེ་ནི་སའི་གོ་ལའི་སྟེང་གི་ལོ་རྒྱུས་རིང་ཤོས་ཀྱི་རྒྱ་མཚོའི་སྐྱེ་དངོས་གྲས་ཤིག་ཡིན་པ་དང་། དེ་ལ་ལོ་དུང་ཕྱུར་ལྔ་ཙམ་གྱི་ལོ་རྒྱུས་ལྡན།
བྱུ་རུ་ནི་ཚ་ཁུལ་དང་ཚ་ཁུལ་ཕལ་བའི་མཚོ་ཁོངས་སུ་ཡོད་ཅིང་། དེ་ནི་བྱུར་འབུ་མང་དུ་འདུས་ནས་གྲུབ་པ་དང་། བྱུར་འབུ་ཁེར་རྐྱང་གི་གཟུགས་པོའི་རིང་ཚད་ལ་ཧའོ་སྨི་འགའ་ཡོད་ལ། ལག་པ་མང་པོར་བརྟེནཞིང་འོད་སྦྱོར་ནུས་པ་དང་གཡེང་སྐྱོད་སྐྱེ་དངོས་ཆུང་ཆུང་གི་རིགས་ཁ་ཟས་བྱས་ནས་འཚོ་བ་རོལ་བཞིན་ཡོད།
བྱུ་རུའི་ཁ་མདོག་བཀྲ་བ་དེ་གང་ནས་ཡོང་བ་རེད་དམ་ཟེར་ན། སྤྱིར་བཏང་བྱུར་འབུ་དང་མཉམ་དུ་སྐྱེས་པའི་ཆུ་རྩྭའི་རིགས་ཀྱི་འབུའི་མདོག་ཅི་ཞིག་ཡིན་ན་བྱུ་རུའི་ཁ་མདོག་ཀྱང་དེ་བཞིན་ཡིན་པ་རེད།
ཁོར་ཡུག་གི་སྐུལ་བསྟུན་ཕོག་དུས། བྱུར་གཟུགས་ནང་གི་ཁ་མདོག་སྤྲི་དཀར་དང་ཆེམ་འོད་སྤྲི་དཀར་གྱིས་ཁ་དོག་དམར་པོ་དང་། སྔོན་པོ། སྨུག་པོ། ཐ་ན་རང་ངོས་ལ་ཆེམ་འོད་ནུས་པ་ཡོད་པའི་ཁ་དོག་སྣ་ཚོགས་ཀྱིས་བྱུ་རུ་སྲུང་སྐྱོང་བྱེད་ཀྱི་ཡོད། དེའི་ཁྲོད་ཀྱི་ཆེས་རྩ་ཆེ་བའི་བྱུ་རུ་ནི་བྱུ་རུ་དམར་པོ་ཡིན་ཞིང་། དེ་ནི་དོམ་ཁྲ་དང་རིམ་པ་གཅིག་པའི་སྲུང་སྐྱོབ་སྲོག་ཆགས་རེད།
བྱུ་རུ་ལ་རང་རྒྱལ་དུ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཡོད། རང་དགར་ལྐོག་འཛིན་དང་ཉོ་ཚོང་། གཏོར་བརླག་བྱེད་པ་སོགས་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས། ང་ཚོས་བྱུ་རུར་སྲུང་སྐྱོབ་དང་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས། མཛེས་སྡུག་གི་རྒྱ་མཚོ་ཞིག་མཉམ་དུ་བསྐྲུན་དགོས།
རྒྱ་མཚོའི་ནོར་བུ་བྱུ་རུའི་བྲག་རྡོ།
བྱུ་རུ་ཚང་མ་བྱུ་རུའི་བྲག་རྡོ་རུ་འགྱུར་སྲིད་དམ་ཟེར་ན། དྲིས་ལན་ནི་འགྱུར་མི་སྲིད། བྱུར་འབུ་ནི་བྲག་རྡོ་མཁྲེགས་པོར་ཆགས་ཐུབ་མིན་དེ་“བྲག་རྡོ་”དང་“བྲག་རྡོ་མིན་པའི་”རིགས་གཉིས་སུ་དབྱེ་ཡོད།
བྲག་རྡོ་རིགས་ཀྱི་བྱུར་འབུ་ཡིས་མཚོ་ཆུའི་ནང་ནས་ཀལ་གཞི་རྒྱུ་དང་ཐཱན་སྐྱུར་རྩ་བའི་གྱེས་རྡུལ་བསྡུ་ལེན་བྱས་ཏེ། གཅིག་ཏུ་བསྲེས་ནས་ཐཱན་སྐྱུར་ཀལ་གྱི་“རུས་པ”གྲུབ་ཅིང་། བྱུར་འབུ་ཤི་རྗེས“རུས་པ”དེ་ཆུ་འོག་ནས་བྲག་རྡོ་རུ་གྱུར་ནས་བྱུར་འབུ་གསར་པའི་གཞི་རྟེན་དུ་གྱུར་བ་དང་། ཡང་སྐོར་བསྐྱར་སྐོར་བྱས་ཏེ། ལོ་ངོ་ཁྲི་ལྷག་རིང་ལ་རྒྱ་མཚོའི་གཏིང་དུ་བསགས་པས་བྱུ་རུའི་བྲག་རྡོ་རུ་གྱུར་བ་རེད། བྲག་རྡོ་རིགས་ཀྱི་བྱུ་རུ་ནི་བྲག་རྡོར་འགྱུར་བའི་གཙོ་ཤུགས་དེ་ཡིན་པ་དང་། རང་རྒྱལ་དུ་ཆུ་འོག་བྲག་རྡོ་འགྱུར་བའི་བྱུ་རུའི་རིགས་400ལྷག་ཡོད་ཅིང་། དེས་རིགས་སྤྱི་ཡི་ཕྱེད་ཀ་ཙམ་ཟིན་ཡོད།
བྱུ་རུའི་བྲག་རྡོ་ནི་ཇི་ཙམ་གལ་ཆེ་བ་རེད་དམ་ཟེར་ན། དེ་ནི་“རྒྱ་མཚོའི་ནང་གི་ཚ་ཁུལ་ཆར་ནགས་”ཡིན་ཞིང་། མཚོ་འགྲམ་ཐིག་ལ་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། མཚོ་གཏིང་གི་སྐྱེ་དངོས་སྣ་མང་རང་བཞིན་ལའང་སྲུང་སྐྱོབ་བྱེད་ཐུབ། རྒྱ་མཚོའི་རླུང་འཚུབ་ཀྱིས་བྱུ་རུའི་བྲག་རྡོ་བརླག་སྲིད་མོད། འོན་ཀྱང་དེས་རང་ཉིད་ཉམས་གསོ་ནུས་པ་ལ་བརྟེན་ནས་ཚད་ངེས་ཅན་ཞིག་གི་ཐོག་ནས་དྲག་རླུང་དང་མཚོ་ཡོམ་གྱིས་མཚོ་འགྲམ་ལ་ཐེབས་པའི་གནོད་སྐྱོན་ཡང་དུ་གཏོང་བཞིན་ཡོད།
མཛེས་སྡུག་ལྡན་པའི་བྱུ་རུའི་བྲག་རྡོ་ཡིས་ད་དུང་ང་ཚོར་ཕུན་སུམ་ཚོགས་པའི་དངོས་རྫས་མཁོ་འདོན་བྱེད་ཀྱི་ཡོད། མིག་སྔར་ཤེས་རྟོགས་བྱུང་བའི་བྱུ་རུའི་བྲག་རྡོའི་ཉ་རིགས་རིགས་600ལྷག་ཙམ་ཡོད་པ་དང་། དེའི་ནང་དུ་སྐྱེ་དངོས་དེ་བས་མང་པོ་རིགས་ཁྲི་ཡན་ཡོད། དེ་དག་ནི་ཞིམ་ཟས་ཀྱི་འབྱུང་ཁུངས་ཡིན་པ་མ་ཟད། ཐ་ན་སྨན་རྫས་གསར་པ་མང་པོ་ཞིག་ཀྱང་དེའི་ནང་ནས་ལེན་བཞིན་ཡོད།
བྱུ་རུའི་བྲག་རྡོ་ནི་རྒྱ་མཚོའི་སྐྱེ་དངོས་བཞི་ཆ་གཅིག་གི་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་ཡིན་ལ། གོ་ལ་ཧྲིལ་པོའི་མི་འབོར་དུང་ཕྱུར་བཅུ་ཙམ་ལ་ཟས་རིགས་དང་དཔལ་འབྱོར་གྱི་འབྱུང་ཁུངས་མཁོ་འདོན་བྱེད་ཀྱི་ཡོད་པས། བྱུ་རུའི་བྲག་རྡོ་ནི་གོ་ལ་ཧྲིལ་པོའི་ཁོར་ཡུག་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་གལ་འགངས་ཧ་ཅང་ཆེན་པོ་ཡོད་ཅེས་བཤད་ཆོག
བྱུ་རུའི་བྲག་རྡོ་ཞིག་ཉམས་གསོ་བྱེད་པར་ལོ་10ནས་20བར་ནང་གཞི་ནས་ཕན་འབྲས་རགས་ཙམ་ཐོན་གྱི་ཡོད། སྔོན་འགྲོའི་ཆ་རྐྱེན་ལ་ད་དུང་ཉམས་ཞན་དུ་འགྲོ་བའི་གནོན་ཤུགས་འབྱུང་ཁུངས་མེད་པ་བཟོ་རྒྱུ་དེ་ཡིན་མོད། འོན་ཀྱང་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དཀའ།