རྒྱུ་དུས་བརྩོན་པ་མ་བཏང་ན།། འབྲས་དུས་ཡོན་ཏན་ཐམས་ཅད་སྨིན།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 06-09



——རྔ་བ་ཁུལ་གྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བའི་གནས་ཚུལ། 


 

       གནས་འདི་རུ། སྣོད་བཅུད་མཛེས་སྡུག་གི་གཡང་གི་རུ་མ་ཞོ་ལྟར་ཆགས་ཡོད་ལ། དུས་རབས་རིམ་བྱུང་གི་བཀྲ་ཤིས་མཚན་མ་མཐའ་དག་ལྗོངས་འདིའི་དཔལ་དུ་ཆེ། གཡུ་འབྲུག་ཐང་ལ་འཁྱུག་འདྲའི་རྨ་འབྲི་གཙང་པོའི་པང་ན་གནས་པའི་སྲིད་ན་འགྲན་ཟླ་དབེན་པའི་དགེ་མཚན་མ་ལུས་རང་ཆས་སུ་མངའ་བའི་དག་ཞིང་འདི་རུ། ས་ཡི་དགེ་བཅུ་མངོན་པར་རྒྱས་ཤིང་ཡན་ལག་བརྒྱད་ལྡན་དལ་གྱིས་འབབ་པས། ཡུལ་འདིའི་བྱ་གཞག་མ་ལུས་ཡར་ངོའི་ཟླ་ལྟར་འཕེལ་བའི་འཛད་མེད་ཐོན་ཁུངས་་ཀྱི་རྒྱབ་བརྟེན་ལྷག་པར་བཙན།


       གནས་འདི་རུ་ལོ་རྒྱུས་ཀྱི་ཞབས་རྗེས་དྲོན་མོ་བསུབ་ཏུ་མེད་པ་རྡོ་རྗེའི་རི་མོའི་གཤིས་སུ་གྲུབ་ཅིང་། ཀྲུང་ཧྭའི་དཔལ་ཡོན་རྣམ་པར་བཞད་པའི་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་མཛངས་མི་ཏ་ཡུས་གནས་འདི་ནས་འཁྲུངས། སྲིད་ཀྱི་བདེ་སྡུག་ཁུར་བའི་དམར་དམག་རྒྱང་བསྐྱོད་ཀྱི་ཞབས་རྗེས་གནས་འདི་རུ་བཀོད་པས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དམིགས་པ་རྒྱང་དུ་ཕྱོགས་པའི་སྙིང་སྟོབས་ཀྱི་ས་བོན་བརྟན་པོ་ལྷག་པར་བརྗིད།


       གནས་འདི་རུ། དུས་རབས་ཀྱི་གོམ་འགྲོས་བརྟན་པོ་མགྱོགས་མྱུར་རྟ་ཕོའི་བང་ལ་འགྲན་བཞིན་ནམ་ཡང་ལྷོད་པ་མེད་པར། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་གྱི་དམིགས་འབེན་དང་ཁ་ཕྱོགས་ཀྱིས། རྔ་བའི་ས་ཁུལ་གྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བགྲོད་ལམ་རིང་མོའི་ཁྲོད་ཀྱི་འགན་འཁྲི་ལྕི་མོ་ཁུར་བའི་བླ་མེད་སྙིང་སྟོབས་གསལ་ལེར་བཀྲལ་ཡོད།


       ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བཅས་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་ཀའི་རླབས་རྒྱུན་འཕྱུར་བའི་སྔ་གཞུག་ཏུ། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མཐོ་སྒང་དུ་གཞིས་ཆགས་ཤིང་། ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནས་མཆོག་རྔ་བས་ཀྱང་དུས་ཀྱི་འཕེལ་འགྱུར་རིང་མོའི་རྡོ་རིང་གི་ངོས་སུ། མཛེས་སྡུག་ཡིད་དུ་འོང་ཞིང་སྤྱད་པས་ངོམས་པ་མེད་པའི་ལེགས་བྱས་དུ་མས་སྣ་དྲངས་ཏེ། སྤུས་ལེགས་ཐོད་བརྒལ་གྱི་འཕེལ་རྒྱས་སྦྱོར་བ་དངོས་ཀྱིས་ལག་ཏུ་བསྟར་ཅིང་། དེ་ལས་ཐོབ་པའི་གྲུབ་འབྲས་མཐའ་དག་གཟུགས་ཅན་བཞིན་དུ་སྐྱེ་འགྲོ་ཀུན་གྱི་མིག་ལ་བསྟར་ཏེ། ཡུལ་ལུང་འདིའི་ཡིད་ཀྱི་རེ་བ་དང་། ཕུགས་ཀྱི་འདུན་མ་ཡོད་ཚད་གསལ་ལེར་མཚོན་ཞིང་། འཚོལ་སྙེག་གསར་བ་ཞིག་དང་བགྲོད་ལམ་གསར་བ་ཞིག་གི་ལམ་ལ་ཆས་བཞིན་འདུག


 


 དོན་གྱི་སྙིང་པོ་གོང་ནས་གོང་དུ་འཕེལ་ཞིང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྨང་རྡོ་སྲ་བརྟན་དུ་བཏང་།




       ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གསར་གཏོད་འཕེལ་རྒྱས་ཀྱི་ལྟ་བ་ལག་བསྟར་ནན་མོ་བྱས་ཤིང་། ཐོད་བརྒལ་རང་བཞིན་གྱི་བློ་སྤོབས་བརྟན་པོས་འཕེལ་རྒྱས་གནད་དུ་འཛིན་ཅིང་། རྨང་གཞི་བརྟན་པོ་གདིང་བ། དཀའ་ཁག་འཕྲལ་དུ་སེལ་བ་སོགས་ཀྱི་སྦྱོར་བ་ལག་ཏུ་བསྟར་བས། རྔ་བའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་གསར་དུ་བཏོད།


       དུས་ཀྱི་འཕེལ་རིམ་རིང་མོར་འབད་འབུངས་ཀྱི་རྐང་རྗེས་བཞག་སྟེ། ལོ་རྒྱུས་ཀྱི་ཕུགས་བསམ་གསར་བའི་ལེའུ་ལ་དབུ་ཁྱུད་འབྲི། དམིགས་འབེན་གྱི་རི་མོ་སྣ་གཅིག་ལེགས་པར་འགྲུབ་པ་དང་། སྐབས་སོ་སོས་རང་འཁྲིའི་ལས་དོན་ལེགས་པར་བསྒྲུབ་པ། རང་ཁུལ་བརྟན་བརླིང་དང་དར་རྒྱས་ཀྱི་ལས་དོན་འཆར་འགོད་དང་ལག་བསྟར་ནན་གྱིས་བྱེད་པ་བཅས་མཐའ་འཁྱོངས་དང་། ལྷག་པར་དུ་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། རང་ཁུལ་གྱིས་ཞིང་ཨུའི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་ཐབས་ཇུས་རང་བཞིན་གྱི་གཏན་འཁེལ་ལ་དམ་པོར་དམིགས་ཏེ། རང་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་རྟོག་དཔྱོད་དང་དབྱེ་ཞིབ་གཏིང་ཟབ་བྱས་མཐར། མ་ལག་རང་བཞིན་ལྡན་པའི་སྒོ་ནས་སྐབས་སོ་སོའི་ཁུལ་ཨུའི་ལས་ཀའི་ཐབས་ལམ་ལ་ཕྱོགས་སྡོམ་དང་གསལ་འགྲེལ་བྱས་ཏེ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་མགྱོགས་མྱུང་ངང་འཛུགས་སྐྲུན་བྱེད་དགོས་པའི་ཐབས་ཇུས་ཀྱི་དམིགས་འབེན་གསར་བ་བཏོན་པ་དང་། སྒྲིབ་དངོས་གཅིག་དང་རྒྱུད་བཞི། ཁོངས་ཡོངས་སྐྱེ་ཁམས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་གསར་བ། ས་ཁུལ་གསུམ་མཉམ་སྐྲུན། ལས་རིགས་ལྔ་མཉམ་དུ་ལེགས་བསྒྱུར་གྱི་ཐོན་ལས་ཀྱི་སྒྲིག་གཞི་གསར་བ། ཕྱོགས་བཞིར་གཞུང་ལམ་སྐྲུན་པ། ཁོངས་ཡོངས་རྒྱ་བསྐྱེད་པའི་སྒོ་འབྱེད་ཀྱི་རྣམ་པ་གསར་བ་བཅས་འཛུགས་སྐྲུན་བྱེད་པ་གཏན་འཁེལ་བྱས། གཞན་ཡང་། སྐྱེ་ཁམས་ཀྱི་སྲུང་བ་རྣམ་བདུན་གྱི་འགུལ་སྐྱོད་དང་། བཅོས་སྐྱོང་རྣམ་བདུན་གྱི་ལས་གཞི་ལག་བསྟར་བྱེད་པ་དང་། 6+Nརྣམ་པའི་མཐོ་སྒང་ཁྱད་ལྡན་རོང་འབྲོག་ལས་དང་། 5+Nརྣམ་པའི་སྐྱེ་ཁམས་བཟོ་ལས། 1+6རྣམ་པའི་དེང་རབས་ཞབས་ཞུའི་ལས་རིགས་སོགས་གསར་འཛུགས་ཀྱི་ཐོན་ལས་སྒྲིག་གཞི་གསར་བའི་ལས་དོན་བཀོད་སྒྲིག་བྱས་ཏེ། ཐོན་ལས་སྒྲིག་གཞི་ཆག་མེད་ངང་ལེགས་བསྒྱུར་དང་། འཕེལ་རྒྱས་འགུལ་ནུས་མགྱོགས་མྱུར་གྱིས་བརྗེ་སྤོར། དམངས་འཚོའི་མཐུན་རྐྱེན་ལེགས་བསྒྱུར་བཅས་མངོན་འགྱུར་བྱུང་ཞིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ནས་བརྟན་བརླིང་དང་། བྱེ་བྲག་ལེགས་པའི་ཕྱོགས་སུ་འཕེལ་བའི་རྣམ་པ་ཞིག་ཆགས་པས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་དུ་འགྱུར་བར་རྨང་གཞི་སྲ་བརྟན་ཞིག་བཏིང་།

 

       གཞི་གྲངས་ལས་མངོན་པ་ལྟར་ན། ཁུལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་2016ལོའི་སྒོར་དུང་ཕྱུར་291.53ནས་ཚོད་རྩིས་ལྟར་ན་སྒོར་དུང་ཕྱུར་450ལ་འཕར་བ་དང་། མི་རེའི་ཆ་སྙོམས་GDP2016ལོའི་སྒོར་ཁྲི་3.34ནས་སྒོར་ཁྲི་5.5ལ་འཕར་བས། དེ་གཉིས་ལོ་རེའི་ཆ་སྙོམས་འཕར་ཚད་རིམ་པ་བཞིན་དུ་བརྒྱ་ཆ་5.1དང་བརྒྱ་ཆ་6.3ཡིན། འཆར་ཅན་སྤྱི་བའི་འགྲོ་སོང་2016ལོའི་སྒོར་དུང་ཕྱིར་221.1ནས་སྒོར་དུང་ཕྱིར་310ལ་འཕར་བ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆ་6.3ཡིན། ཐོན་ལས་ཀྱི་རྨང་རྡོ་མུ་མཐུད་དུ་སྲ་བརྟན་དུ་བཏང་བ་སྟེ། 6+Nརྣམ་པའི་མཐོ་སྒང་ཁྱད་ལྡན་རོང་འབྲོག་ལས་ཀྱི་རྒྱུ་སྤུས་དང་ནུས་ཕྱོད་ཇེ་མཐོར་བཏང་། 5+Nརྣམ་པའི་སྐྱེ་ཁམས་བཟོ་ལས་བདེ་ཐང་ངང་འཕེལ་རྒྱས་བྱུང་། 1+6རྣམ་པའི་དེང་རབས་ཞབས་ཞུའི་ལས་རིགས་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་། ཐོན་ལས་གསུམ་གྱི་སྒྲིག་གཞི་དེ་2016ལོའི་15.7:47.2:37.1ནས་19.6:23.8:56.6ལ་སྙོམ་སྒྲིག་བྱས།


       གཞི་གྲངས་ལ་གཞིགས་ན། རང་ཁུལ་གྱི་འཕེལ་རྒྱས་ཀྱི་མྱུར་ཚད་དང་། སྤྱི་འབོར་དང་རྒྱ་ཁྱོན་གྱི་ཐད་ནས་ནང་ལོག་གི་གྲོང་ཁྱེར་དང་བསྡུར་ན་བར་ཐག་ངེས་ཅན་ཞིག་ཡོད་པ་ཤེས་ཐུབ་མོད། འཕེལ་རྒྱས་ཀྱི་རིགས་ལམ་ཡང་དག་དང་། གོམ་སྟབས་བརྟན་མོ། གནས་བབ་ལེགས་པོ་བཅས་དང་། གཞན་ཡང་ཡུལ་ཕྱོགས་ཀུན་ནས་སྟོབས་ཤུགས་འདོན་པ་དང་། དཀའ་གནད་གདོང་གིས་བསུ་བའི་སྦྱོར་བ་མཐའ་དག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་ཐོད་རྒལ་གྱི་འཕེལ་རྒྱས་ཤིག་ལ་དམིགས་ནས་མདུན་དུ་སྐྱོད་བཞིན་པ་དེའང་ཤེས་ཐུབ།


       དཀའ་བའི་ལས་མ་བྱས་ན། ཞིམ་པའི་ཟས་མི་རག་པའི་དཔེ་ལྟར། གྲུབ་འབྲས་འདི་དག་ཐོབ་པར་ཡང་དཀའ་ལས་མང་པོ་བརྒྱབ་ཡོད་ལ། འདི་ལ་ཁས་ལེན་དང་བསྟོད་བསྔག་བྱས་ན་ཡང་འོས་ཤིང་མཐུན་པ་ཞིག་རེད་ལ། དེ་ལས་ཀྱང་གཙོ་ཆེ་བ་ནི་འདི་ལ་བླ་ལྷག་གིས་གཅེས་སྤྲས་བྱེད་དགོས་པ་དེ་ཡིན།

 

       གྲུབ་འབྲས་འདི་དག་ནི་རང་ཁུལ་གྱིས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ལྟ་བ་གསར་བ་ལག་ཏུ་བསྟར་བའི་སྦྱོར་བ་གསོན་ཉམས་ལྡན་པ་དག་ལས་བྱུང་ཞིང་། རང་ཁུལ་གྱིས་རང་བཞིན་གྱིས་བྱས་རྗེས་འཇོག་པ་དང་འགན་འཁྲི་ཁུར་བའི་མཚོན་སྟངས་ཤིག་ཀྱང་རེད།  ད་ལྟའི་དུས་ཀྱི་རྔ་བ་ནི། དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་སད་མང་པོ་རེ་རེ་བཞིན་བརྒལ་ཅིང་། བློ་རིག་དང་ཉམས་མྱོང་གི་སྟོབས་ཤུགས་ལུས་ལ་རྫོགས་ཏེ། ས་ཁུལ་གསུམ་མཉམ་སྐྲུན། ལས་རིགས་ལྔ་མཉམ་དུ་ལེགས་བསྒྱུར་གྱི་ཐོན་ལས་ཀྱི་སྒྲིག་གཞི་གསར་བ་དང་། ཕྱོགས་བཞིར་གཞུང་ལམ་སྐྲུན་པ། ཁོངས་ཡོངས་རྒྱ་བསྐྱེད་པའི་སྒོ་འབྱེད་ཀྱི་རྣམ་པ་མགྱོགས་མྱུར་གྱིས་གྲུབ་ཅིང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་གོམ་པ་བརྟན་ལ་སྟོབས་ཤུགས་ཀྱིས་ཁེངས་པ་ཞིག་ཡིན།


 


 ལྗང་མདོག་འཕེལ་རྒྱས་སྐྱེད་སྲིང་བྱས་ཤིང་། སྐྱེ་ཁམས་གཙོ་བོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་བར་བསྐྱོད།




       སྔོ་ལྗང་རི་ཆུ་རིན་ཆེན་གསེར་ལས་ལྷག་ཅེས་པ་ལྟར། ལྗང་མདོག་སྐྱེ་ཁམས་ནི་རྔ་བའི་ཆེས་རྩ་ཆེ་བའི་ལོངས་སྤྱོད་དང་། ཆེས་ཆེ་བའི་དགེ་མཚན། ཆེས་ཆེ་བའི་བག་ཉལ་གྱི་སྟོབས་ཤུགས། ཆེས་ལེགས་པའི་སྤུས་རྟགས་ཤིག་ཡིན། སྐྱེ་ཁམས་ཀྱི་དགེ་མཚན་གསོ་སྐྱོང་ལ་ཤུགས་བརྒྱབ་ཏེ། ལྗང་མདོག་གི་རྔ་བ་འཛུག་སྐྲུན་བྱེད་པ་ནི་རང་ཁུལ་གྱི་ཐབས་ཇུས་རང་བཞིན་གྱི་གདམ་ཀ་ཞིག་ཏུ་གྱུར།

       ཟླ་4བ་ནི་ཀུ་ཤུའི་སྡོང་བོར་མེ་ཏོག་བཞད་པའི་དུས་ཚིགས་ཤིག་སྟེ། བཙན་ལྷ་རྫོང་གི་དབང་ཞིང་ཡུལ་ཚོའི་བོར་རོམ་སྡེ་བར་སྐྱོད་པ་ན། ཞིང་ཁ་ཀུན་ཏུ་ཀུ་ཤུའི་སྡོང་བོའི་མེ་ཏོག་རྣམ་པར་བཞད་ཅིང་། ཕན་ཚུན་རྩོད་པའི་ཚུལ་གྱིས་རང་གི་མཛེས་སྡུག་ངོམ་ལ་བྲེལ། དཀར་ལ་དམར་མདངས་ཆགས་པའི་མེ་ཏོག་རྣམས་ནི་ཚོམ་བུ་ཚོམ་བུར་བཞད་ཅིང་། དྲི་བཞོན་རླུང་གི་འགྲོས་དང་བསྟུན་ཏེ་དྲི་ངད་ཁོར་ཡུག་ཀུན་ཏུ་ཁྱབ། ཉེ་བའི་ལོ་ཤས་ནས་བཟུང་སྟེ། ཀུ་ཤུའི་ཐོན་ལས་དབང་ཞིང་གྲོང་རྡལ་གྱི་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལམ་དུ་བགྲོད་པའི་གཙོ་ཁྲིད་ཐོན་ལས་་སུ་གྱུར། གྲོང་རྡལ་ཡོངས་སུ་ཀུ་ཤུའི་སྡོང་བོ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་2300ལྷག་ཡོད་ཅིང་། དུས་མཚུངས་སུ།  དབང་ཞིང་གྲོང་རྡལ་གྱི་བོར་རོམ་སྡེ་བའི་ཀུ་ཤུ་མཉམ་སྤྱོད་ཞིང་གྲོང་གིས་གྲོང་གསེབ་དར་རྒྱས་ལ་སྟོབས་ཤུགས་གསར་བའི་སྣོན་མ་བཏབ། གྲོང་སྡེ་འདིས་རང་སྟེང་གི་དགེ་མཚན་དང་ཟུང་དུ་སྦྲེལ་ནས། ལུས་ལ་འཚམ་པའི་གོས་ཞེས་པའི་དཔེ་ལྟར། སྲིད་གཞུང་གིས་སྣེ་ཁྲིད་དང་། སྡེ་དམངས་མཉམ་ལས་ཀྱིས་མཚམས་སྦྱར་ཏེ། རོང་འབྲོག་མི་དམངས་ནང་ཞུགས། ཁྲོམ་རའི་འཁོར་བསྐྱོད་ཀྱི་རྣམ་པ་དང་གཞི་གཅིག་ཏུ་སྦྲེལ་ཏེ། ཞིང་བ་རྣམས་མ་དངུལ་འཇོག་མཁན་དུ་བསྒྱུར་ཅིང་། ཞིང་བའི་ཁང་བ་མགྲོན་ཁང་དུ་བསྒྱུར། ཞིང་ཁ་སྤྱི་གླིང་དུ་བསྒྱུར་བར་མ་ཟད། ལྗོངས་སྐོར་ལྗོངས་གཟིགས་དང་སིལ་ཏོག་འཐུ་བའི་ཉམས་ལེན་གཉིས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་ནས། གློག་རྡུལ་ཚོང་ལས་དང་དྲྭ་ལམ་ཚོང་ལས། འཁྱུགས་དབྱངས་སོགས་ཀྱི་སྤྱི་སྟེགས་དང་ཐབས་ལམ་ནས་བཙན་ལྷའི་ཀུ་ཤུ་ཕྱིར་འཚོང་བྱས་ཤིང་། སྡེ་དམངས་རྣམས་ཀྱི་དཔལ་འབྱོར་གྱི་ཡོང་འབབ་ལ་འཕར་སྣོན་ཆེན་པོ་བྱུང་།

 

       མིག་སྔར། བཙན་ལྷ་རྫོང་དུ་དབང་ཞིང་གྲོང་རྡལ་དང་ཟུར་ཡུལ་ཚོ། མི་ཝོ་ཡུལ་ཚོ་སོགས་ལྟེ་བར་བྱས་པའི་མུའུ་ཁྲི་3ལྷག་གི་སྤུས་ལེགས་ཀུ་ཤུའི་ཐོན་ལས་རྒྱུད་ཐོག་མར་གྲུབ་ཅིང་། བཙན་ལྷའི་ཀུ་ཤུ་ནི་དལ་བ་དལ་བུས་བཙན་ལྷ་རྫོང་གི་མིང་བྱང་ཞིག་ཏུ་འགྱུར་བཞིན་འདུག ཉེ་བའི་ལོ་ཤས་ནས་བཟུང་། བཙན་ལྷ་རྫོང་གིས་ས་བབ་དང་མཐུན་པའི་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སུ་བཏང་། དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། ཡུག་གཅིག་ཏུ་འབྲེལ་བའི་འཆར་འགོད་དང་། གཅིག་བསྡུས་ཀྱིས་གསར་བསྐྲུན་བྱེད་པ། ས་ཚིགས་སྦྲེལ་ནས་ཐིག་དང་། ཐིག་སྦྲེལ་ནས་རྒྱུད། རྒྱུད་སྦྲེལ་ནས་ས་ཁོངས་བཅས་ཀྱི་ས་ཁོངས་དཔལ་འབྱོར་འཆར་བཀོད་དང་བསྟུན་པ་ནས། ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་ཕྱོད་མཐོར་འདེགས་བཏང་། བཙན་ལྷའི་ཀུ་ཤུ་དང་། མཐོ་སྒང་གི་རྒྱ་སེ། ཆང་སྐྱུར་རྒུན་འབྲུམ། སྐྱེ་ཁམས་སྔོ་ཚལ། མཐོ་སྒང་ནོར་གནག་བཅས་གཙོ་ཁྲིད་ཐོན་ལས་ལྔའི་གཞི་རྒྱ་མུ་རུ་བསྐྱེད་ཅིང་། བཙན་ལྷ་རྫོང་ལ་ཞིང་ཆེན་ཡོངས་ཀྱི་སྔོ་ཚལ་ཀང་ཨོ་ཐེ་གསུམ་ལ་ཐད་འཚོང་གི་རྟེན་གཞིའི་ཚོད་ལྟའི་རྫོང་དང་། ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་ལས་དོན་གྱི་སྔོན་ཐོན་རྫོང་སོགས་ཀྱི་མཚན་སྙན་དང་གཟེངས་བསྟོད་སྔ་གཞུག་ཏུ་ཐོབ།


       འདི་ནི་རང་ཁུལ་གྱིས་མཛེས་སྡུག་གི་ཐོན་ཁུངས་སྐྱེ་ཁམས་དཔལ་འབྱོར་ལ་བསྒྱུར་བའི་བསྡུས་གཟུགས་ཤིག་ཡིན། རང་ཁུལ་གྱི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ལྗང་མདོག་གི་འདུས་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐབས་ལམ་ལ་ཡང་འགྱུར་ལྡོག་བྱུང་དང་འབྱུང་བཞིན་མཆིས།   


 

       སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་འདྲ་མཉམ་གྱི་སྤྱི་བའི་ཐོན་རྫས་ཡིན་ལ། དམངས་འཚོའི་བདེ་སྐྱིད་ལ་ཆེས་ཕན་པ་ཆེ་ཞིང་ཁྱབ་རྒྱ་ཆེ་བ་དེའང་ཡིན། ཉེ་བའི་ལོ་ཤས་ནས་བཟུང་། རང་ཁུལ་གྱིས་ཞིང་ཨུའི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་ཐབས་ཇུས་རང་བཞིན་གྱི་གཏན་འཁེལ་ལ་དམ་པོར་དམིགས་ཏེ། རང་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་རྟོག་དཔྱོད་དང་དབྱེ་ཞིབ་གཏིང་ཟབ་བྱས་མཐར། མ་ལག་རང་བཞིན་ལྡན་པའི་སྒོ་ནས་སྐབས་སོ་སོའི་ཁུལ་ཨུའི་ལས་ཀའི་ཐབས་ལམ་ལ་ཕྱོགས་སྡོམ་དང་གསལ་འགྲེལ་གནང་བ་དང་། སྐྱེ་ཁམས་ཐོན་ལས་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་། ལྗང་མདོག་ནི་དཔལ་འབྱོར་གྱི་སྒུལ་བྱེད་འཕྲུལ་འཁོར་དུ་བསྒྱུར་ཏེ། ས་ཁུལ་གསུམ་མཉམ་སྐྲུན། ལས་རིགས་ལྔ་མཉམ་དུ་ལེགས་བསྒྱུར་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཐོག་མར་གྲུབ་པ་དང་། ཐོན་ལས་གསུམ་གྱི་སྒྲིག་གཞི་མགྱོགས་མྱུར་ངང་སྔར་ལས་ལྷག་པའི་ཕྱོགས་སུ་སྐུལ་ཁྲིད་དང་། ཞབས་ཞུའི་ལས་རིགས་ཀྱི་ཟིན་ཚད་བརྒྱ་ཆ་56.7སླེབས་པ་དང་། སིལ་ཏོག་དང་སྔོ་ཚལ་ལྟེ་བའི་དཔེ་སྟོན་རྟེན་གཞི་76དང་། གཞི་ཁྱོན་ཚད་ལྡན་གྱི་གསོ་སྤེལ་ས་ཁུལ་87 དང་། དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་20བཅས་གསར་དུ་བཙུགས།  ཁུལ་ཡོངས་ལ་རྒྱལ་ཁབ་རིམ་པའི་གནོད་མེད་ཞིང་ལས་ཐོན་རྫས་ཐོན་སྐྱེད་ས་གནས་ཀྱི་ངོས་འཛིན་ཐོབ་ཅིང་། དག་ཞིང་རྔ་བའི་ས་ཁོངས་སྤུས་རྟགས་ཀྱི་མཚན་སྙན་ཞིང་ཆེན་ཡོངས་ལ་ཁྱབ།


 

       སྐྱེ་ཁམས་ལྗོངས་སྐོར་དང་། དེང་རབས་རོང་འབྲོག་ལས་ཀྱིས་མཚོན་པའི་རང་ཁུལ་གྱི་རྫོང་(གྲོང་ཁྱེར)སོ་སོའི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་མི་གཅིག་ཁ་ཁ་ཡིན་ནའང་། ཕན་ཚུན་སློབ་སྦྱོང་དང་རྒྱུད་འཛིན་གྱི་འབྲེལ་བ་ཤིན་ཏུ་དམ་པ་སྟེ། མི་དང་རང་བྱུང་ཁམས་དབར་གྱི་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱུང་བས། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་པའི་སྐལ་བ་བཟང་པོ་མངོན་འགྱུར་བྱས།

 

       ལོ་ཟླ་མཐར་གྱིས་འདས་པའི་འགྱུར་ལྡོག་གི་ཁུག་སོ་རིང་མོ་ནས། དུས་ཚོད་ཀྱིས་འབད་འབུངས་ཀྱི་རྐང་རྗེས་རེ་རེར་བདེན་པའི་དཔང་པོ་བྱེད།  རྔ་བའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་དཀའ་བའི་ལས་མྱངས་ཏེ་ཞིམ་པའི་ཟས་རོལ་བའི་གོ་རིམ་ཞིག་ཡིན། ད་ཡོད་ཀྱི་གྲུབ་འབྲས་འདི་དག་གིས་ཡུལ་ལུང་འདིས་མ་འོངས་པ་ན་ཕུགས་ཀྱི་དམིགས་པ་རྒྱང་ལ་ཕྱོགས་པར་སྲ་བརྟན་གྱི་རྨང་གཞི་་བཏིང་ཞིང་། རེ་བའི་འདུན་པ་མཐོ་སར་སྙེག་པའི་སྟོབས་ཤུགས་ཀྱང་གསོག་འཇོག་བྱས་ཡོད། ད་སྐབས། གོ་སྐབས་གསར་བ་དང་ཛ་དྲག་གི་འགྲན་རྩོད་སླེབས་ལ་ཉེ་བའི་དུས་འདིར། ཇི་སྐད་དུ། རྩོལ་བ་ཡི་ནི་གྲོགས་ཡོད་ན།། རི་རྒྱལ་རྩེ་མོའང་མཐོ་བ་མིན།།ཞེས་པ་ལྟར། རང་ཁུལ་གྱིས་སྔར་ལས་ལྷག་པའི་བློ་སྤོབས་བརྟན་པོ་དང་། སྔར་ལས་ལྷག་པའི་དཔའ་མཛངས་ཆེན་པོ། སྔར་ལས་ལྷག་པའི་དོན་གཉེར་གྱི་སྤྱོད་པས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཞིག་ལ་དབུ་ཁྱུད་འབྲི་བའི་བརྩོན་པ་ཤ་ཐང་དུ་འབད་ངེས་སོ།། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1