༄༅།།དོགས་དཔྱོད་ཉུང་བསྡུས།

རྣམ་འདྲེན་རྒྱ་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 06-13


    ༼   ༡  ༽  སྙོམས་འཇུག་གི་སྒྲིབ་པའི་དངོས་གཉེན་ལ་ཉན་ཐོས་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡོད་དམ། ཡོད་ན་དེ་འདྲའི་སྒྲིབ་པ་དེ་ཉན་ཐོས་དགྲ་བཅོམ་པས་སྤངས་པས་ཁྱབ་བར་འགྱུར་བས། དེ་དགྲ་བཅོམ་པའི་རྒྱུད་ལ་མེད་པར་འགྱུར་རོ།། དེའི་དངོས་གཉེན་ལ་རྒྱུད་མཐའི་བར་ཆད་མེད་ལམ་ལས་མེད་ན་དེ་སྤངས་པའི་ཐེག་དམན་མེད་པར་འགྱུར་བ་དང་། དེ་ཤེས་སྒྲིབ་ལས་མ་འདས་པར་འགྱུར་རོ།། ཉན་ཐོས་དེ་ལ་སྤངས་པ་ཡིད་པར་བཤད་པ་ཉམས་སྨད་ལ་བྱ་ཟེར་ན་དེས་དེ་ཤེས་སྒྲིབ་མ་ཡིན་པ་ཇི་ལྟར་འགྲུབ། དེ་རྣམས་ཀྱི་རྒྱུ་མཚན་ལ་འཕགས་བོད་ཀྱི་ལུང་ཚད་ལྡན་གང་དང་གང་ཡོད།

 

    ༼   ༢  ༽  རང་རེའི་ཡིག་ཆར་ཐལ་འགྱུར་བའི་ལུགས་ལ་ཤེས་སྒྲིབ་ལ་ཤེས་པ་ཡིན་པ་བདེན་གཉིས་ངོ་བོ་ཐ་དད་འཛིན་པའི་བློ་བཞག་ཡོད་ལ། དེ་ཤེས་སྒྲིབ་ཡིན་པར་རང་འགྲེལ་དང་རྗེའི་རྣམ་བཤད་སོགས་ལུང་འགའ་ཞིག་དྲངས་ནས་བསྒྲུབས་ཡོད་ལ། དེ་མིན་རྗེ་ཡབ་སྲས་དང་འཕགས་ཡུལ་པཎ་གྲུབ་ཀྱི་ལུང་གསལ་བོ་གང་ཡོད། ཤེས་སྒྲིབ་ལ་ཤེས་པ་མི་བཞེད་པའི་ཡིག་ཆ་རྣམས་ལ་སྒྲུབ་བྱེད་ཀྱི་ལུང་རིགས་གང་ཡོད། དེ་མཐར་གཏུགས་ན་གང་ཡིན།

 

    ༼   ༣  ༽  དུང་དཀར་སེར་བོར་སྣང་བའི་དབང་ཤེས་དེ་ལ་དུང་དཀར་ལམ་པ་འཁྲུལ་བའི་ཆ་གཅིག་ཡོད་མེད་རྒྱལ་དབང་བློ་དང་ཆོས་མཆོག་རྣམ་གཉིས་ཀྱི་བཞེད་ཚུལ་མི་མཐུན་པས། བློ་རིག་སྐབས་ཆོས་མཆོག་གི་བཞེད་པ་འཐད་པར་ཚད་མ་མདོའི་དར་ཊཱིཀ་གིས་བསྒྲུབས་ཡོད་ལ། དྲང་ངེས་དཀའ་འགྲེལ་དང་ལེའུ་གཉིས་པར་རྒྱལ་དབང་བློའི་བཞེད་པ་འཐད་ཕྱོགས་སུ་མཛད་པས་དེ་གཉིས་ལས་གང་གཟུང་། ཕྱོགས་གཉིས་ཀར་ལུང་ཡིན་མཉམ་ཡིན་པས། དེས་ན་རིགས་པ་མཐར་ཐུག་གང་ཡིན་དང་། ཕྱོགས་གླང་ཡབ་སྲས་ཀྱི་ལུང་གསལ་བོ་གང་ཡོད།

 

    ༼   ༤  ༽  ལུང་རིགས་ཀྱི་སེམས་ཙམ་པ་གཉིས་ཀྱིས་མཐར་ཐུག་ཐེག་གསུམ་དུ་དང་ཐེག་གཅིག་འདོད་ཚུལ་མི་མཐུན་པས། དེ་ལ་ལུང་གི་རྗེས་འབྲང་རྣམས་མཐར་ཐུག་ཐེག་གསུམ་སྟོན་པའི་ལུང་དེ་སྒྲ་ཅི་བཞིན་པར་འདོད་ཀྱང་ཅིག་ཤོས་ཀྱིས་མི་འདོད། ཐེག་གཅིག་སྟོན་པའི་ལུང་ཡང་སྔ་ཕྱི་གཉིས་ཀྱིས་སྒྲ་ཇི་བཞིན་པ་ཡིན་མིན་འདོད་ཚུལ་མི་མཐུན་པས། ལུང་ཙམ་གྱིས་སྒྲུབ་མི་ནུས་པས། དེས་ན་རིགས་པས་བསྒྲུབ་དགོས། སྔ་མའི་ཐེག་གསུམ་སྒྲུབ་བྱེད་མཐར་ཐུག་ནི། རིགས་བདེན་པར་གྲུབ་པས་ཡིན་ལ། དེ་གྲུབ་ན། རིགས་དེ་གནས་སྐབས་རྐྱེན་གྱིས་ཅུང་ཟད་བསྒྱུར་རུང་ཡང་། དཔེར་ན། ཉན་ཐོས་རིགས་ངེས་ཀྱི་རིགས་ལྟ་བུ་འཚང་རྒྱ་བ་མི་སྲིད་དེ། དེ་ཉན་ཐོས་ཀྱི་རིགས་སུ་བདེན་པར་གྲུབ་པས་ཟེར། དེ་ལྟར་ན། ཕྱི་མས་ཀྱང་མཐར་ཐུག་ཐེག་གསུམ་གྲུབ་པར་འདོད་དགོས་ཏེ། སྔ་མའི་སྒྲུབ་བྱེད་དེ་རྣམས་ཁས་ལེན་པའི་ཕྱིར། ཡང་ཕྱི་མས་མཐར་ཐུག་ཐེག་གཅིག་ཡིན་པ། རྟག་གཉིས་ཕྱིར་རམ་Xརྒྱུ་ཡོད་ཕྱིར་དང་། ཞེས་སོགས་རྟགས་ཟུར་ལྔའི་སྒོ་ནས་བསྒྲུབས་པ་དེ་སྔ་མས་ཀྱང་ཁས་ལེན་པའི་ཕྱིར། སྔ་ཕྱི་གཉིས་ཀའི་སྒྲུབ་བྱེད་རྣམས་མཚུངས་པར་འགྱུར་རོ།། དེས་ན་ཕྱོགས་གཉིས་ཀར་སྒྲུབ་བྱེད་རྣམ་དག་གང་ཡོད། སྒྲུབ་བྱེད་སོ་སོ་ལ་ཕན་ཚུན་ལན་འདེབས་ནུས་སམ་མི་ནུས། སྔ་མ་ལ་ཕྱི་མས་ལན་འདེབས་ནུས་ན་ཐེག་གསུམ་ལ་སྒྲུབ་བྱེད་རྣམ་དག་མེད་པར་འགྱུར། མི་ནུས་ན་ཐེག་གཅིག་ལ་སྒྲུབ་བྱེད་རྣམ་དག་མེད་པར་འགྱུར་བས་ལན་འདེབས་ཚུལ་ཅི་ལྟར་ཡིན། གྲུབ་མཐའི་ཁྱད་ཕྱེ་ནས་ཟེར་བ་ནི་རྒྱ་གར་མཁས་པའི་ལུགས་མིན་པས་དེས་ན་ཅི།

   

          


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1