དྭངས་གསལ་དུས་ཆེན་ལ་དཔྱིད་མཇུག་དུས་ཆེན་དང་དུར་མཆོད་དུས་ཆེན། ཟླ་གསུམ་དུས་ཆེན། མཆོད་འབུལ་དུས་ཆེན་སོགས་ཀྱང་ཟེར། དུས་ཡུན་ནི་དཔྱིད་ཟླ་གཉིས་པ་དང་དཔྱིད་ཟླ་གསུམ་པའི་འབྲེལ་མཚམས་སུ་ཡིན། དྭངས་གསལ་དུས་ཆེན་ནི་གནའ་བོའི་མེས་པོའི་དད་པ་དང་དཔྱིད་མཆོད་ཀྱི་གོམས་སྲོལ་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཟབ་རྒྱས་ཀྱི་མེས་པོར་མཆོད་འབུལ་བྱེད་པའི་དུས་ཆེན་ཞིག་ཡིན་པར་མ་ཟད། དེར་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་ཆེན་པོ་གཉིས་ལྡན་ཞིང་། དེ་ནི་རང་བྱུང་དུས་ཚིགས་ཡིན་ལ། སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཀྱང་ཡིན། དུར་ཕྱགས་མཆོད་འབུལ་དང་ཡུལ་སྐོར་བྱེད་པ་ནི་དྭངས་གསལ་དུས་ཆེན་རིང་གི་གུས་སྲོལ་ཆེན་པོ་གཉིས་རེད། སྲོལ་རྒྱུན་གྱི་གུས་སྲོལ་ཆེན་པོ་དེ་གཉིས་རང་རྒྱལ་དུ་གནའ་སྔ་མོ་ནས་བཟུང་རྒྱུད་འཛིན་བྱས་ཏེ་ད་བར་དུའང་རྒྱུན་ཆད་མེད།
རིག་གནས་ཀྱི་གོ་དོན།
དྭངས་གསལ་དུས་ཆེན་ནི་ཀྲུང་ཧྭ་མི་རིགས་ཀྱི་དུས་ཆེན་གལ་འགངས་ཆེ་བ་ཞིག་གི་ཆ་ནས་མི་རིགས་ཀྱི་སྙིང་སྟོབས་གཅིག་ཏུ་འདུས་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་མཆོད་འབུལ་རིག་གནས་རྒྱུད་འཛིན་བྱས་ཡོད་པར་མ་ཟད། མི་རྣམས་ཀྱིས་མེས་པོར་བཀུར་བ་དང་། ཕུགས་འདུན་རྒྱུད་འཛིན་གྱི་ཀུན་སྤྱོད་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད། མཆོད་འབུལ་ཞེས་པ་ནི་དུར་ཁུང་མཆོད་འབུལ་ཏེ་མེས་པོ་ལ་རྗེས་དྲན་བྱེད་དུས་ཀྱི་གུས་བཀུར་ལ་གོ་བ་དང་། སྟོན་དཔྱིད་གཉིས་ལ་དུས་མཆོད་ཐེངས་རེར་བྱེད་པ་དེ་གནའ་བོའི་དུས་ནས་ཡོད་པ་རེད། དྭངས་གསལ་དུས་ཆེན་གྱི་ལོ་རྒྱུས་རྒྱུན་རིང་ཞིང་། གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་ལྟར་ན། མིའི་རིགས་ཀྱི་ཆེས་གདོད་མའི་དད་མོས་རིགས་གཉིས་ཏེ། གཅིག་ནི་གནམ་སའི་དད་མོས་དང་། གཉིས་ནི་མེས་པོའི་དད་མོས་ཡིན། གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པར་གཞིགས་ན། ཀོང་ཏུང་དབྱིན་ཏེ་ཆིང་ཐང་གནའ་ཤུལ་ནས་ལོ་ངོ་ཁྲི་ཕྲག་སྔོན་གྱི་བང་སོ་རྙེད་པ་དེ་ནི་ཀྲུང་གོའི་ལོ་རབས་ཆེས་སྔ་ཤོས་ཀྱི་གཏན་འཁེལ་ཐུབ་པའི་དུར་འཇུག་རྣམ་པའི་བང་སོ་ཡིན་པ་དང་། དེའི་ཐོག་ནས་གནའ་བོའི་མེས་པོ་ཚོས་ལོ་ངོ་ཁྲི་ཕྲག་སྔོན་ནས་གཏན་འཁེལ་ཐུབ་པའི་འདུ་ཤེས་ཅན་གྱི་དུར་སའི་བྱ་སྤྱོད་དང་གུས་སྲོལ་ཡོད་པ་མཚོན་ཐུབ། བང་སོའི་མཆོད་འབུལ་གྱི་གོམས་སྲོལ་ལ་ལོ་རྒྱུས་ཀྱི་འབྱུང་ཁུངས་ཡུན་རིང་ལྡན། དྭངས་གསལ་དུས་ཆེན་གྱི་བང་སོའི་མཆོད་འབུལ་ནི་སྲོལ་རྒྱུན་གྱི་དཔྱིད་དུས་ཀྱི་གོམས་སྲོལ་ཕྱོགས་བསྡུས་དང་ཇེ་ལེགས་སུ་བཏང་བ་ཞིག་རེད། གནའ་རབས་ཡན་ལག་སྐར་རྩིས་གཏན་འབེབས་ལས་དུས་ཆེན་ལ་སྔོན་འགྲོའི་ཆ་རྐྱེན་མཁོ་འདོན་བྱས་ཡོད། མེས་པོའི་དད་པ་དང་དུར་མཆོད་རིག་གནས་ནི་དྭངས་གསལ་གོམས་སྲོལ་ཆགས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། དྭངས་གསལ་དུས་ཆེན་གྱི་གོམས་སྲོལ་ཕུན་སུམ་ཚོགས་པོ་ཡོད་ཅིང་། སྤྱི་ཁྱབ་ཏུ་སྲོལ་རྒྱུན་ཆེན་པོ་གཉིས་ཏེ། གཅིག་ནི་མེས་པོར་གུས་བཀུར་དང་རྗེས་དྲན་ཞུ་བ་དང་། གཉིས་ནི་ཡུལ་སྐོར་སྤྲོ་འཆམ་བྱས་ཏེ་རང་བྱུང་ཁམས་དང་ཉེ་བཅར་བྱེད་པའི་བརྗོད་དོན་གཙོ་བོ་གཉིས་ཡིན། ལོ་རྒྱུས་འཕེལ་རིམ་ཁྲོད་དྭངས་གསལ་དུས་ཆེན་ནི་ཐང་སུང་དུས་སྐབས་ཀྱི་འཁྱག་ཟས་དུས་ཆེན་དང་སྦྲུལ་ལོའི་དུས་ཆེན་གྱི་གོམས་སྲོལ་མཉམ་འདྲེས་ཐུབ་པ་དང་ས་ཆ་མང་པོ་ཞིག་གི་དམངས་སྲོལ་མང་པོ་གཅིག་ཏུ་འདྲེས་ནས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཡོད།
འོ་ན་དྭངས་གསལ་དུས་ཆེན་ལ་ཕན་ཚུན་རྟེན་འབྲེལ་ཞུ་ཆོག་གམ་ཞེ་ན། དེའི་ཐད་ནས་རྟེན་འབྲེལ་ཞུ་ན་མི་འགྲིག་པའི་ལྟ་ཚུལ་ཡང་ཡོད་དེ། དྭངས་གསལ་དུས་ཆེན་གྱི་བྱེད་སྒོ་གཙོ་བོ་ནི་མཆོད་འབུལ་དང་། དུར་ཕྱགས་བྱེད་པ་སོགས་ཡིན་ལ། དུས་མཚུངས་སུ་དེ་ནི་འཆི་བ་དང་ལྷ་སྲིན་དང་འབྲེལ་བ་ཡོད་པས། སྤྲོ་སྣང་གྱི་རྣམ་འགྱུར་དེ་ནི་མི་འགྲིག་པ་ཞིག་རེད་ཅེས་བརྗོད།
དེའི་ཐད་ནས་པེ་ཅིང་དམངས་སྲོལ་རིག་གཞུང་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་ཀའོ་ཝུའེ་ཡིས་བཤད་རྒྱུར། དྭངས་གསལ་དུས་ཆེན་དུ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ་ཆོག་པ་དང་། འདི་འདྲའི་རྟེན་འབྲེལ་ཞུ་སྟངས་ཀྱང་ལོ་མང་པོ་སོང་ཡོད། དེ་དང་བསྡུར་ན། དྭངས་གསལ་དུས་ཆེན་ལ་རྟེན་འབྲེལ་ཞུ་ན་མི་འགྲིག་ཅེས་པ་དེ་ནི་ཉེ་བའི་ལོ་ཤས་ནང་གཞི་ནས་ཐོན་པའི་བཤད་སྲོལ་ཞིག་རེད། རྩོད་གཞི་ཡོད་པའི་རྒྱུ་མཚན་ནི་མི་རྣམས་ཀྱིས་དྭངས་གསལ་དུས་ཆེན་གྱི་ནང་དོན་ལ་རྒྱུས་ལོན་ཟབ་མོ་བྱུང་མེད་པས་རེད། ཀའོ་ཝུའེ་ཡིས་དབྱེ་ཞིབ་ལྟར་ན། དྭངས་གསལ་དུས་ཆེན་ནི་དཔྱིད་དུས་ཀྱི་དུས་ཆེན་གལ་ཆེ་ཤོས་ཤིག་ཡིན་པས་བརྗོད་དོན་གཙོ་བོའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དྭངས་གསལ་དུས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི་དུར་ཕྱགས་ཙམ་མིན་པར། དེ་བས་གལ་ཆེ་བ་ཞིག་ནི་དུར་ཕྱགས་དང་སྤྲོ་སྐྱིད་ཟུང་འབྲེལ་བྱ་རྒྱུ་དེ་རེད། ང་ཚོས་རྟེན་འབྲེལ་ཞུ་བར་འགྲོ་བའི་སྐབས་སུ་ང་ཚོར་སྐྱོ་སྣང་དང་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་པའི་བློ་སྟོབས་ཡོད་པ་མཚོན་བཞིན་ཡོད། དེ་ཡང་ཧུར་བརྩོན་ཡར་སྐྱེད་ཀྱི་སེམས་ཁམས་ཤིག་རེད།
དྭངས་གསལ་དུས་ཆེན་དང་དཔྱིད་གསར་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་བཅས་ལ་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ཆེན་པོ་བཞི་ཟེར་ཞིང་། ཀྲུང་གོ་ཕུད་འཛམ་གླིང་ཐོག་ད་དུང་རྒྱལ་ཁབ་དང་ས་ཁུལ་ཁག་ཅིག་གིས་ཀྱང་དྭངས་གསལ་དུས་ཆེན་གཏོང་བཞིན་ཡོད། དཔེར་ན། ཝེད་ནམ་དང། ལྷོ་ཁོ་རེ་ཡ། མ་ལེ་ཞི་ཡ། སིང་གྷ་ཕོར་སོགས་ལྟ་བུ་རེད། སྤྱི་ལོ་2006ལོའི་ཟླ་5པའི་ཚེས་20ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་པུའུ་ཡིས་ཡིག་ཐོག་སྙན་ཞུ་ཕུལ་བའི་དྭངས་གསལ་དུས་ཆེན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་ནས་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོར་ཚུད་པའོ། །