སྟོབས་ཤུགས་ཅི་ཞིག་གིས་མེ་ཏོག་སྐྱེ་རུ་འཇུག་སྲིད
ཇི་འདྲའི་མཚུངས་ཨང་། བསྐྱར་དུ་སྐྲུན་པའི་གྲོང་ཁྱེར།
མཚར་སྡུག་འོད་སྟོང་འབར་བའི་མིག་ཟུང་དར་གོས་ཀྱིས་བསྒྲིབས་འདུག
ཕན་ཚུན་སྦྲེལ་བའི་བརྩེ་དུང་གི་ལམ་ཆེན་འདི།
བདག་གིས་སྣང་ཚུལ་ཞིག་ལྟར་ངོས་འཛིན་བྱས་ཡོད།
བདག་གིས་མཁུར་ཚོས་སྟེང་མཛེས་སྡུག་གི་མེ་ཏོག་བཏབ་ཡོད།
མེ་ལྕེ་དང་ཡི་གེའི་བར་ནས།
ངའི་མཛེས་སྡུག་ཡིད་འོང་གི་ཁྱིམ་མཚེས་ལ་བལྟས།
ཁོ་མོའི་གློ་བུར་འཛུམ་པའི་མིག་ཟུང་།
ཇི་འདྲའི་བདེན་ཨང་། ང་རང་ཅིའི་ཕྱིར་སྐྱུག་བྲོ་བ་ཡིན།
ང་རང་ཅིའི་ཕྱིར་འདི་ལྟར་དལ་ཞིང་ལྷོད་པ་ཡིན།
བསྐལ་བར་འཚོ་བའི་ཆུ་གཟིགས་འདིའི་པགས་པར་གཟིགས་རོགས།
༢
དོན་དམ་དུ། ཆང་དྲི་སྣོམ་དུས།
ང་རང་ཡོངས་སུ་བཟི་འདུག
བདག་གིས་གོར་མ་ཡར་ལ་བཀྱགས་ནས་རང་གི་རྐང་པར་བརྡབས།
རང་གིས་རང་ལ་ལྷམ་ཆུང་ཞིག་བསྐོན་ཏེ།
ཁོ་བོར་སྲོད་ཁའི་མཚར་སྡུག་ཚོར་དུ་བཅུག
རྒྱང་ཐག་རིང་བའི་སྐད་ཅིག་མར།
ཁོ་བོར་ནད་ཀྱིས་གཙེས་དུས།
དུས་ཐུང་ཙམ་ལ་དྲན་འཛིན་མེ་ཏོག་གིས་ཁེངས་སོང་།
ཁོ་བོ་དོར་ཟིན་པ་ཏན་ཏན་རེད། གྲོང་ཁྱེར་དང་གྱེས་མཚམས་ཞུ་འགྲོ།
ཉམ་ཐག་ན་ཟུག་སྟོང་བའི་གྲུ་ཁ་འདི།
རྩྭ་ལྡུམ་དང་འདྲ་བའི་སྐྲ་ལོ་རིང་པོ། ཁ་ཕྱོགས་ངེས་མེད་ཟང་ཟིང་དུ།
ཁོ་བོའི་གཞོན་ཤ་རྒྱས་ཤིང་རེ་སྒུག་གིས་ཁེངས་པའི་ཕྲག་པར་འཕྱོ།
༣
སུ་ཞིག་མཇུག་མཐར་མེ་ཏོག་དང་མཉམ་དུ་སྡོད་ངེས།
སུ་ཞིག་གིས་གསང་བ་ཁོ་ན་རྒྱུད་འཛིན་བྱ་ངེས་སམ།
ཁོ་མོའི་པང་དུ་ཡོད་པའི་ཕུག་རོན་ཆུང་ཆུང་གཉི་ག
མཚན་མོའི་གླུ་སྒྲའི་ཁྲོད་དུ་བོར་བརླག་བྱུང་།
ཁོ་བོ་ཁོད་ཡངས་པའི་ལྷིང་འཇགས་ཁྲོད་ལྷུང་སོང་།
འདི་ནི་ཁོ་བོའི་བུ་དང་བུ་མོ་ཡིན་ཏེ།
དུས་རབས་ཀྱི་རྨད་དུ་བྱུང་བའི་རྡོ་རྗེ་ཕ་ལམ་ཡིན།
བདག་གིས་མིག་ཟུང་ཆེ་རུ་བགྲད་ནས་ཚེ་སྲོག་ཤོར་བར་ངང་གིས་བལྟས།
བདག་གིས་ཁྲོ་ལྕགས་གཡར་ནས་རང་ཉིད་ཀྱི་སྐྱི་པགས་བྲེག་པར་བལྟས།
མཚོ་གཟིག་གི་ཕྱི་གོས་འདིར། ལྷད་རྫས་སྤུ་ཙམ་ཡང་མེད་པ་རྟོགས་བྱུང་།
ཁོ་རང་ཉི་མ་དང་མཚེའུ། རྒྱ་མཚོ་ལ་བརྒྱུས་ཡོད།
དེ་ནི་ཕྲུ་གུ་དམར་འབྱར་ལ་འོ་མ་སྣུན་པའི་སྒྲོག་གུ་ཞིག
དུས་མཚུངས་སུ་བསྐྱར་ཟློས་གང་མང་བརྒྱུད་པ་འདི་ལ།
ཁོ་བོར་དོགས་པ་སྣ་ཚོགས་སྐྱེས་སུ་བཅུག
ང་རང་གྲོང་ཁྱེར་གྱི་མཚན་མོ་དང་རྒུན་ཆང་ལ་དགའ་མོད།
ཡིན་ནའང་སུ་ཞིག་གིས་ཁོ་བོར་འདུག་རོགས་བྱ་སྲིད།
སུ་ཞིག་གིས།
༤
ཤེས་རབ་ཀྱི་མིག་ཟུང་ཕྲ་མོ།
ངའི་བརྩེ་དུང་གི་ཚང་མལ་བསྙེགས་ཏེ།
མེ་ཏོག་ཅིག་དང་འདྲ་བར་འཛུམ་ཞིང་དགོད།
ཁོ་མོས་ན་ཟུག་ཆེན་པོ་འདུག་ཅེས་ཡང་དུ་བརྗོད།
འཛམ་གླིང་ཡུན་གྱིས་རྒ་བཞིན་འདུག ཁོ་བོའི་ཆང་གི་རྗེས་སུ།
ཕུག་རོན་ནམ་ཡང་བསྐྱར་དུ་སད་མི་ནུས།
ཁྱིམ་མཚེས་ཀྱིས་ཆེས་དཀོན་པའི་མེ་ཏོག་དེ་ལ།
ཟེའུ་འབྲུ་འབྱུང་བར་རེ་འབོད་བྱེད་བཞིན་སྒུག
ཁོ་བོའི་མིག་ཟུང་དུ་རྐང་མཐིལ་ཁོ་ན་ལས་མེད།
དངུལ་དཀར་འདིའི་སྲན་མ་རྡོག་བཅུ་ལས་མི་འདུག
བདག་གིས་འཁོན་འཛིན་གྱི་རྫ་བུམ་བཟུང་ནས་ལག་པ་གློད།
ཡུད་ཙམ་ལ། ན་ཟུག་རྒོད་པའི་མུ་ཏིག་འདི་གནམ་ས་གང་སར་ཁྱབ།