ཞི་ཅིན་ཕིང་ནས་སི་ཁྲོན་དུ་རྟོག་ཞིབ་གནང་བར་ལན་ཆ་བཟང་པོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-16


        ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། སྔ་རྗེས་སུ་མེ་ཧྲན་དང་དབྱི་པིན་སོགས་ས་ཆར་ཕེབས་ནས་གྲོང་གསེབ་དང་། རིག་དངོས་སྲུང་སྐྱོབ་ཚན་པ། སློབ་གྲྭ། ཁེ་ལས་སོགས་སུ་བརྟག་ཞིབ་གནང་བ་དང་། སི་ཁྲོན་གྱིས་རང་འགུལ་ངང་གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱེད་པ། དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས། སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་གཏོང་རྒྱུ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད། སི་ཁྲོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་བློ་ལ་བརྟན་པོར་ངེས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ནུས་ཤུགས་ཡོད་རྒུས་སི་ཁྲོན་གོང་འཕེལ་གྱི་ལེའུ་གསར་པ་བརྩམ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

        མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐེ་ཧོ་གྲོང་རྡལ་ཡུང་ཧྥེང་གྲོང་ཚོར་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཚོད་ལྟའི་ཞིང་ནང་དུ་ཕེབས་ནས་ཆུ་འབྲས་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཞིང་ལས་རིགས་གཅིག་མཁས་པར་བརྟེན་དགོས་ལ། རྒྱ་ཆེའི་སོ་ནམ་པར་ཡང་བརྟེན་དགོས་ཞེས་བསྟན་གནང་བ་རེད། ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གསན་རྗེས། སི་ཁྲོན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མཱ་ཅུན་ལ་འགན་འཁྲི་ལྕི་པོ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་། ཁོང་གིས། ང་ཚོའི་སློབ་གྲྭས་ཞིབ་འཇུག་གསར་སྤེལ་བྱས་པའི་ལག་རྩལ་འདི་གར་སྤྱད་ནས་སྔར་བས་ར་སྤྲོད་དང་། རྒྱ་སྐྱེད། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། གཞི་ཁྱོན་ཆེན་པོས་ཁྱབ་གདལ་གཏོང་རྒྱུར་རྨང་གཞི་བཟང་པོ་ཞིག་འདིང་རྒྱུ་ཡིན། འགྲན་བསྡུར་བྱེད་སྒོ་སྤེལ་བ་བརྒྱུད་ས་གནས་དེ་གའི་འབྲུ་འདེབས་དུད་ཆེན་སྒྲིག་འཛུགས་བྱ་རྒྱུ་ཡིན། དེ་འདྲ་བྱས་ན་ཁོང་ཚོའི་འབྲུ་འདེབས་ཧུར་སེམས་ཆེ་རུ་འགྲོ་ཐུབ། ཚང་མས་བསམ་བློ་གཅིག་མཐུན་བྱས་ཚེ། གཞི་ནས་བྱ་བ་དེ་ཡག་པོ་བསྒྲུབ་ཐུབ་ཅེས་གསུངས་པ་རེད།

        ཡུང་ཧྥེང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལིའུ་ཁྲའོ་ཡིས། འབྲུ་རིགས་ཐོན་སྐྱེད་བྱ་རྒྱུ་དེ་ང་ཚོའི་གཙོ་ཁྲིད་ཐོན་ལས་ཤིག་ལ་བརྩིས་ཐོག འབྲུ་རིགས་ལག་རྩལ་ལ་བརྟེན་པ་བརྒྱུད། འབྲུ་རིགས་ཇི་ཙམ་བཏབ་ན་དེ་ཙམ་གྱིས་ལེགས་ལ་དེ་ཙམ་གྱིས་ལོ་ལེགས་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན། ཏན་ཏན་ཏིག་ཏིག་གིས་མང་ཚོགས་ལ་སྣེ་ཁྲིད་ཡག་པོ་དང་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ནས། ང་ཚོའི་གྲོང་ཚོ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        སུང་བྱང་མའི་གྲགས་ཅན་རྩོམ་རིག་པ་སུའུ་ཞུན་དང་། སུའུ་ཧྲེ། སུའུ་ཀྲེ་བཅས་ཕ་བུ་གསུམ་གྱི་བཞུགས་གནས་སན་སུའུ་མཆོད་ཁང་ལ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གོང་དུ་བཀུར་བ་དང་རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད། སན་སུའུ་མཆོད་ཁང་གི་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་ཁྲེན་ཀྲུང་ཝུན་གྱིས། གཞི་རིམ་གྱི་རིག་གནས་དངོས་མང་བཤམས་སྟོན་ཁང་གི་ལས་དོན་མི་སྣ་ཞིག་དང་། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་མཁན་དང་། དར་སྤེལ་གཏོང་མཁན། རྒྱུན་འཛིན་བྱེད་མཁན་བཅས་ཡིན་པའི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་དང་བླང་བྱ་ལྟར་ཏུང་ཕོ་རིག་གནས་ཞིབ་འཇུག་དང་རྒྱུད་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་ཏུང་ཕོ་རིག་གནས་ཀྱི་དེང་རབས་རིན་ཐང་སྔོག་འདོན་བྱས་ནས་རིག་གནས་ཀྱི་བློ་སྤོབས་བརྟན་དུ་བཏང་སྟེ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛམ་གླིང་དུ་ཁྱབ་པ་དང་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        དབྱི་པིན་ནི་ཆུ་བོའི་འགྲམ་དུ་ཆགས་ཤིང་། ལེ་དབར་ཁྲི་ཡི་འབྲི་ཆུའི་གྲོང་ཁྱེར་ཨང་དང་པོ་ཞེས་པའི་མཚན་སྙན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་དེ་གར་རྟོག་ཞིབ་གནང་སྐབས། འབྲི་ཆུའི་སྟོད་རྒྱུད་དུ་གནས་པའི་སི་ཁྲོན་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་འབྱུང་ཁམས་སྲུང་ར་བརྟན་དུ་བཏང་ནས་དྭངས་གཙང་འབྲི་ཆུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། དབྱི་པིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧྥང་ཚུན་ཧའོ་ཡིས། མིག་སྔར་འབྲི་ཆུའི་ཆུ་རྒྱུན་གཙོ་བོའི་ཆུ་སྤུས་ལོ་གཅིག་ནང་ཉིན་སུམ་བརྒྱ་ལྷག་ཙམ་རིང་ས་ངོས་ཆུ་སྤུས་རིམ་པ་IIཔའི་ཚད་ལ་སླེབས་ཀྱི་ཡོད་པས། སྟོད་རྒྱུད་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་སྟོད་རྒྱུད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ཐོག འབྲི་ཆུའི་སྟོད་རྒྱུད་ཀྱི་འབྱུང་ཁམས་སྲུང་ར་ཡག་པོ་བསྐྲུན་རྒྱུ་དེ་ང་ཚོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། འབྱུང་འགྱུར་གཙང་གསུམ་ཆུ་མོར་ཉ་མོ་འཕྱོ་བའི་རྣམ་པ་ཞིག་ཆགས་རྒྱུ་ཡང་གྲོང་མིའི་རེ་སྒུག་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་གསུངས་པ་རེད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་སྟེ་དབྱི་པིན་སློབ་གླིང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས། ལས་གནས་ཀྱི་ཐོན་ཁུངས་བཙལ་འཚོལ་གང་ལེགས་བྱེད་པ་དང་ལས་ཞུགས་ཐད་མཛུབ་ཁྲིད་བྱེད་པའི་ལས་ཀ་ཞིབ་ཅིང་ཕྲ་བ་བསྒྲུབ་དགོས། སློབ་གྲྭ་དང་ཁེ་ལས། འབྲེལ་ཡོད་ཚན་པ་བཅས་ཀྱིས་སློབ་མའི་ལས་ཞུགས་གན་རྒྱ་འཇོག་པའི་ལས་ཀ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་ཞེས་བསྟན་གནང་བ་རེད། དབྱི་པིན་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ལེ་ཚའེ་ཡིས། ང་ཚོས་སློབ་གྲྭ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བརྒྱུད་རིམ་ལྡན་པའི་ངང་ང་ཚོའི་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་། འགྲན་བསྡུར་བྱེད་སྒོ་སྤེལ་བ་བརྒྱུད་སློབ་མའི་ལས་ཞུགས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ། ཐོན་སྐྱེད་དང་སློབ་ཁྲིད་ཟུང་འབྲེལ་བྱས་པ་བརྒྱུད་སློབ་མའི་ལས་རིགས་དང་འཚམ་མཐུན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        སྤྱི་ཁྱབ་ཧྲུའུ་ཅིས་སློབ་གྲོགས་ཚོར། བདེ་སྐྱིད་ཀྱི་འཚོ་བ་ནི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ཚང་མས་དྲང་གཞག་ཟོལ་མེད་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་སྒེར་གྱི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་དགོས་མཁོར་དངོས་ཡོད་དང་མཐུན་པའི་ལྟ་སྟངས་འཛིན་དགོས། དོན་དངོས་ལ་བསམ་བློ་བཏང་སྟེ་ལས་རིགས་དང་ལས་གནས་གདམ་ག་བྱེད་དགོས་ཞེས་གསུངས་པ་རེད། དབྱི་པིན་སློབ་གླིང་གི་སློབ་མ་ཀྲུའུ་ཕིང་ཧུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཉན་རྗེས། ང་ཚོས་སློབ་སྦྱོང་ཡག་པོ་བྱེད་པ་དང་འབད་བརྩོན་ཆེན་པོས་ལས་ཀ་བཙལ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་ལས་གནས་ཐོག་བསྐྱོད་དེ་རང་ནུས་ལེགས་སྐྱེས་སུ་འབུལ་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་ཞེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1