༄༅། །རྫོགས་ཆེན་དང་དེའི་འཚོལ་ཞིབ་གླེང་བ།

ནམ་མཁའི་ནོར་བུ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 06-20


  སྟོན་པ་གཤེན་རབ་མི་བོ་ཆེ་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་པའི་ཞང་ཞུང་བའམ་བོད་པ་ཞིག་རེད།ཡིན་ནའང་དུས་སྐབས་དེར་ཁོང་གིས་གསུངས་པའི་བོན་གྱིས་དེ་སྐབས་ཞང་ཞུང་གི་མངའ་ཁུངས་ཙམ་དུ་མ་ཟད། ཏ་ཟིག་དང་། རྒྱ་དཀར་ནག་གི་ཡུལ་སོགས་སུའང་ཁྱབ་ཐུབ་བྱུང་ཡོག་རེད།  བོན་གྱི་ལོ་རྒྱུས་ཁུངས་ཡོད་འགའ་ནས། སྟོན་པ་གཤེན་རབ་མི་བོ་ཆེས་བསྟན་པའི་བོན། ཕྱྭ་གཤེན་དང་། སྣང་གཤེན་དང་། འཕྲུལ་གཤེན་དང་སྲིད་གཤེན་བཅས་ལྷ་བོན་སྒོ་བཞི་ཟེར་བ་དེ་ཚོ་དང་། བཤོས་ཀྱི་ལྷ་བོན་དང་། གྲོང་གི་འདུར་བོན། ཡང་དག་པའི་སེམས་བོན་བཅས་བོན་སྐོར་རྣམ་པ་གསུམ་པོ་དེ་ཚོ། ཏ་ཟིག་གི་མཁས་པ་ཆེན་པོ་དམུ་ཚ་ཏྲ་ཧེ་དང་། སུམ་འབའི་མཁས་པ་ཆེན་པོ་ལྷ་བདག་སྔགས་རྡོ། རྒྱ་ནག་གི་མཁས་པ་ཆེན་པོ་ལེགས་ཐང་རྨང་པོ། ཁྲོམ་གྱི་མཁས་པ་ཆེན་པོ་གསེར་ཐོག་ལྕེ་བྱམས་ཟེར་བ་དེ་ཚོས་རང་རང་གི་སྐད་དུ་བསྒྱུར་ནས་དར་རྒྱས་སུ་མཛད་པའི་ཚུལ་བཤད་ཡོག་རེད། སྟོན་གཤེན་རབ་མི་བོ་ཆེས་བསྟན་པའི་ཡང་དག་པའི་སེམས་བོན་ཟེར་བ་དེའི་སྙིང་པོ་རྫོགས་པ་ཆེན་པོ་གནའ་བོའི་ལུགས་ཤིག་བྱུང་ཡོད་ངེས་པ་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་སྐོར་བརྒྱུད་པ་བར་མ་ཆད་པར་བྱུང་བའི་ལོ་རྒྱུས་གསལ་ཁ་ཅན་དེ་ག་རང་ནས་མཁྱེན་ཐུབ་ཀྱི་རེད། སྟོན་པ་གཤེན་རབ་མི་བོ་ཆེས་རྫོགས་པ་ཆེན་པོ་བསྟན་ཡོད་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་ཐམས་ཅད་ཀྱི་མཐར་ཐུག་ཀྱང་དེ་ལས་གཞན་པ་ཞིག་མེད་པ་ཡིན་ཙང་། སྐྱེས་བུ་ཚད་མ་ཡིན་མིན་ལ་ཐེ་ཚོམ་མ་དགོས་པ་ཞིག་ཏུ་ཆགས་ཡོད་གི་ཡོག་རེད།སྟོན་པ་གཤེན་རབ་མི་བོ་ཆེས་རྫོགས་ཆེན་བསྟན་པ་དེས། བོད་ལ་མི་རིགས་རང་གི་ཤེས་རིག་དང་། ཤེས་རིག་གི་ལོ་རྒྱུས་ཡོད་པ་ཙམ་དུ་མ་ཟད། ཧ་ཅང་གཟི་བརྗིད་ཆེ་བ་དང་། ཧ་ཅང་གཏིང་ཟབ་པའི་ནང་དོན་རིག་པའི་ཁུངས་ཁྱད་པར་ཅན་ཞིག་ཡོད་པའང་བསྟན་ཐུབ་ཀྱི་ཡོག་རེད། འགའ་ཞིག་གི་བསམ་པར་རྫོགས་པ་ཆེན་པོ་ནི་ཨོ་རྒྱན་གྱི་ཡུལ་ནས་བྱུང་བས། སྟོན་པ་གཤེན་རབ་མི་བོ་ཆེས་བསྟན་པ་ཞིག་ག་ལ་ཡིན་བསམ་སྲིད་ཀྱི་རེད། ད་ག་རང་རེད། རྫོགས་པ་ཆེན་པོའི་ཁུངས་དེ་ཨོ་རྒྱན་གྱི་ཡུལ་དུ་བྱོན་པའི་སྟོན་པ་དགའ་རབ་རྡོ་རྗེ་ནས་བྱུང་བ་ཞིག་ཡིན་པ་ནི་ཡོངས་གྲགས་སུ་ངོས་འཛིན་གྱི་ཡོག་རེད། དེ་ཙམ་དུ་མ་ཟད་ནང་པ་སངས་རྒྱས་པའི་གསང་བ་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་གི་ཁུངས་གཏུག་ས་དེ་ཨོ་རྒྱན་གྱི་ཡུལ་ལ་བྱེད་ཀྱི་ཡོག་རེད། ཡིན་ནའང་ཨོ་རྒྱན་གྱི་ཡུལ་འདི་རེད་ཅེས་མཐའ་གཅིག་ཏུ་ཐག་ཆོད་པའི་ངོས་འཛིན་ཡུལ་རྙེད་དཀའ་བ་ཞིག་ཆགས་ཡོག་རེད། དེང་དུས་ཕྱི་རྒྱལ་མཁས་པ་མང་པོས་འཚོལ་གཞིག་གནང་བཞིན་པ་དང་། མང་ཞིག་གིས་པ་ཀིསྠན་གྱི་ཡུལ་སྭ་ཏི་ཟེར་བ་དེ་ལ་ངོས་འཛིན་གྱི་ཡོག་རེད། གང་ལྟར་ཡང་སྔོན་གྱི་ལོ་རྒྱུས་ཐམས་ཅད་ཁ་མཐུན་པར་རྒྱ་གར་གྱི་ནུབ་བྱང་ཕྱོགས་ཤིག་ཏུ་ཡོད་པ་གསལ་གྱི་ཡོག་རེད། དེ་དང་འདྲ་བ་ཤམ་བྷ་ལའི་ཡུལ་ཟེར་བ་དེའང་ལོ་རྒྱུས་ཙམ་མ་གཏོགས་དངོས་སུ་ངོས་འཛིན་ཡུལ་མ་རྙེད་པ་ཞིག་ཆགས་ཡོག་རེད། དོན་དུ་ལོ་རྒྱུས་རྣམས་ལ་དཔྱད་ན་ཕལ་ཆེར་ཨོ་རྒྱན་གྱི་ཡུལ་དང་ཕྱོགས་གཅིག་པ་འདྲ་ཞིག་ཡོག་རེད། གནའ་དུས་སུ་གྲགས་ཆེ་བའི་ཨོ་རྒྱན་གྱི་ཡུལ་དང་། ཤམ་བྷ་ལ་ཟེར་བ། རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱིས་དཀའ་བ་གྲངས་མེད་པ་སྤྱད་དེ་ཕེབས་ཡུལ་དེ་ཞང་ཞུང་དུ་གཏོགས་པའི་ཡུལ་ཞིག་ཀྱང་ཡིན་སྲིད་ལ། དེ་འདྲ་མིན་ནའང་ཞང་ཞུང་དང་ས་མཚམས་དམ་དུ་འབྲེལ་བའི་ཡུལ་ཞིག་ཡིན་པ་ནི་བཤད་མ་དགོས་པ་རེད། དེ་འདྲ་ཡིན་ཙང་སྟོན་པ་གཤེན་རབ་མི་བོ་ཆེས་བསྟན་པའི་རྫོགས་ཆེན་གནའ་བོའི་ལུགས་དེ་རིམ་བཞིན་དར་རྒྱས་སུ་ཕྱིན་པ་ཞིག་ཀྱང་ཡིན་སྲིད་ཀྱི་རེད། བོན་གྱི་རྫོགས་ཆེན་ཞང་ཞུང་སྙན་རྒྱུད་ལོ་རྒྱུས་ནང་དུ། སྟོན་པ་གཤེན་རབ་མི་བོ་ཆེ་ནས་སློབ་བརྒྱུད་བཅུ་གཉིས་ཀྱི་རྗེས་སུ་རྫོགས་ཆེན་གྱི་སློབ་དཔོན་ཞང་ཞུང་དགའ་རབ་ཟེར་བ་ཞིག་བྱོན་པའི་ལོ་རྒྱུས་ཡོག་རེད། ཞང་ཞུང་དགའ་རབ་ཟེར་བ་འདི་ཡོངས་གྲགས་རྫོགས་ཆེན་གྱི་སློབ་དཔོན་དགའ་རབ་རྡོ་རྗེ་ཡིན་སྲིད་ཀྱི་རེད། རྫོགས་ཆེན་གྱི་ལོ་རྒྱུས་ཡོངས་གྲགས་རྣམས་སུ་སྔོན་བྱོན་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་ཞེས་བཤད་པ་དེ་ཚོ། གཅིག་བྱས་ན་ཞང་ཞུང་དགའ་རབ་ཀྱི་སྔོན་དུ་བྱོན་པའི་སློབ་དཔོན་ཆེན་པོ་བཅུ་གཉིས་ལས་འཕྲོས་བཤད་པ་ཞིག་ཀྱང་ཡིན་སྲིད་ཀྱི་རེད། ལོ་རྒྱུས་འཁྲུགས་པོ་འདི་འདྲ་བཤད་པ་ལ། རང་རིགས་མཁས་པ་མང་པོ་ཡ་མཚན་པ་དང་ཐུགས་མ་མཉེས་པ་འདྲ་བོ་ཡོང་སྲིད་ནའང་། དོན་དུ་ང་ཚོའི་ཆོས་དང་ཤེས་རིག་གི་ཁུངས་ཡང་དག་པ་དེ་ལ་བསམ་གཞིག་ཡག་པོ་ཞིག་མ་བཏང་ཐབས་མེད་ཆགས་ཡོད་ཙང་། ཐུགས་བསམ་ཞིབ་ཏུ་གཞེས་གནང་དགོས་ཀྱི་ཡོག་རེད།

  

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1