༄༅། །མིང་མཐའི་པ་བ་དང་བདག་སྒྲའི་སྦྱོར་ཚུལ་ལ་མདོ་ཙམ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-17


      བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ནི་སྐད་ཆའི་འཕེལ་རྒྱས་དང་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཆ་ཇེ་ཚང་དང་ཚགས་ཇེ་ཞིབ་ཏུ་འགྲོ་བཞིན་ཡོད་པས་རྩོད་པ་བྱུང་མྱོང་བའི་གནད་དོན་མང་བོ་ཞིག་ཐག་ཆོད་པ་བྱུང་ཡོད་མོད། ད་དུང་གནད་དོན་མང་བོ་ཞིག་སྔོན་བཞིན་སོ་མ་ཟུག་པའམ་ཡང་ན་གཞུང་ལུགས་ཕྱོགས་ཞེན་གྱི་དབང་དུ་སོང་བས་ཕྱོགས་རིས་ཀྱིས་བོད་ཀྱི་བརྡ་སྤྲོད་གཅིག་གྱུར་དང་ཚད་ལྡན་དུ་འགྱུར་བར་གེགས་རྒྱ་ཐེབས་ཀྱིན་ཡོད།

        དེང་སྐབས་ཞིབ་འཇུག་གནད་དུ་འཛིན་པ་ལས་བཤད་རྒྱུན་གྱི་སྒྲོས་ལ་བརྟེན་པའི་བརྡ་སྤྲོད་སྨྲ་བ་དག་གིས་སྐད་ཆའི་ཆོས་ཉིད་ལ་བརྟེན་ནས་མཐའ་དཔྱོད་དང་བསྡོམས་ཚིག་འགོད་པར་བརྩོན་བཞིན་པ་དེས་ཆེས་དགའ་འོས་པ་ཞིག་ཏུ་མཐོང་བས་ཁོ་བོས་ཀྱང་མིང་མཐའི་པ་བ་དང་བདག་སྒྲའི་སྦྱོར་སྟངས་ལ་བཞེད་པ་སྣ་ཚོགས་ཡོད་པ་ལས་ད་ལྟའང་ལག་ལེན་གྱི་སྟེང་ནས་བླང་བདེ་བ་ཞིག་མེད་པའི་གནད་དེར་དམིགས་ནས་རང་གི་རིག་པས་ནུས་ཚོད་ཀྱིས་མཐའ་དཔྱོད་ཅུང་ཟད་ཅིག་བྱ་འདོད།

        མིང་མཐའི་པ་བ་དང་བདག་སྒྲའི་ཕྲད་ཀྱི་སྦྱོར་སྟངས་གཅིག་གྱུར་མི་འོང་བའི་གནད་ནི་སྔོན་བྱོན་མཁས་པ་དག་གིས་སྔོན་གྱི་སྲོལ་བཞིན་གཞུང་གཅིག་རང་ལུགས་སུ་བཟུང་ནས་དགག་བཞག་བྱས་ཏེ་གཞུང་ལུགས་མཁྲེགས་འཛིན་བྱེད་པ་ལས་སྐད་ཆའི་ཆོས་ཉིད་ལ་མི་བརྟེན་པ་ལ་ཐུག་ཡོད་པས་འདིར་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཁུལ་གྱིས་མཐའ་དཔྱོད་ཅུང་བྱེད་དགོས་ཏེ། དེ་བས་ཐོག་མར་ང་ཚོས་སྔོན་མཁས་པ་དག་གི་བཞེད་པ་ལ་བལྟ་བར་བྱ་སྟེ།

1 དེ་ཡང་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་བདག་པོའི་དོན་སྟོན་པར་བྱེད་པ་ནི་པ་དང་པོའི་སྒྲ་གཉིས་ཡིན་ཏེ①ཞེས་པ་དང་པོ་མ་གཏོགས་བདག་སྒྲར་མི་བཞེད་པར་མངོན་ཏེ། ཅན་དང་ལྡན་གྱི་སྒྲ་གཉིས་གང་ཞིག་གང་ལ་ཡོད་པའི་ས་ཤས་ནས་བདག་སྒྲ་དང་མཚུངས་པ་ཡོད་ཀྱང་། དེ་དག་བེམ་པོ་ལའང་འཇུག་པས་བདག་སྒྲར་མ་ངེས་པའི་ཕྱིར་དང་། བ་ཡིག་ནི་པུ་ལང་གའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ②ཞེས་གསུངས། དེ་བས་བདག་སྒྲའི་ཕྲད་དུ་པ་དང་པོ་སྦྱོར་བ་ལས་བ་དང་བོ་མི་སྦྱོར་བའི་གནད་དེ་གསལ་བོར་བསྟན་ཡོད་ལ། བེམ་པོ་ལ་འཇུག་པས་བདག་སྒྲར་མ་ངེས་པའི་ཕྱིར་ཞེས་པ་ལ་བལྟས་ན་བདག་སྒྲར་འཇུག་པ་ཡོད་པར་བཞེད“བདག་སྒྲ་འདི་རྗེས་འཇུག་ལ་མི་ལྟོས་པར་ཕྲད་རང་དབང་ཅན་ཡིན།③ཞེས་ཐོབ་ཐང་ལ་གཏན་མི་ལྟོས་པར་བཞེད། མིང་མཐའི་པ་བའི་སྐབས་ཀྱང་ཐོབ་ཐང་ལ་ལྟོས་པར་རྐང་པ། སྟོང་པ། གང་བ། བྱུང་བ། མཐོང་བ། ཟླ་བ། སྲ་བ། དཔའ་བ་ཞེས་སྣ་ཚོགས་བྲིས་ཡོད་ལ་བཞི་པ་དང་པོ་སོགས་པ་ཡིན་འདུག

2 པྲ་ཏི་རིན་ཆེན་དོན་འགྲུབ་ཀྱིས། པ་བ་པོ་ཅན་གྱི་ཕོ་རྟགས་སུ་གྱུར་པ་དེ་རྣམས་མེད་པ་དཔེར་ན། རྟ། གསེར། སེ་ར། སྨ་ར། བུམ་པ། ཀ་བ་ལ་སོགས་པའོ། །དེ་དག་ལ་པ་བ་པོ་ཅན་གང་ཡང་རུང་བ་སྦྱར་པས་རྟ་པ། གསེར་པ། སེ་ར་པ། སྨ་ར་ཅན། ཀ་བ་པ། བུམ་པ་བ། མྱོང་བ་པོ། བློ་ལྡན་ལ་སོགས་པ་རང་རང་གི་བདག་པོའམ་རང་ཉིད་གང་ལ་ལྡན་པའི་གཞི་སྟོན་པའི་སྒྲའོ། །④ཞེས་བསྟན་ཡོད་ཅིང་། འདི་ལས་ཤེས་རྒྱུ་ནི་པྲ་ཏིས་བ་དང་ལྡན་ཅན་དག་བདག་སྒྲར་བཞེད་འདུག་ལ་སྦྱོར་ཚུལ་ཐད་ནས་ཁ་ལོ་བ། ཀ་བ་པ། སོགས་ངེས་མེད་དུ་བྲིས་འདུག་པར་བལྟས་ན་ཕལ་ཆེར་ཕྲད་རང་དབང་ཅན་དུ་བཞེད་པ་འདྲ་ལ་མིང་མཐའི་པ་བའི་སྦྱོར་ཚུལ་ཐོབ་ཐང་ལ་བསྟུན་ཡོད་ནའང་གྲངས་ཀ་འབྲི་བའི་སྐབས་སུ་གཅིག་མཐུན་གྱི་པ་འབྲི་བ་སི་ཏུ་དང་གཅིག་མཐུན་ཡིན།

3 དབྱངས་ཅན་གྲུབ་པའི་རྡོ་རྗེས། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲར་ཡར་གྱུར་པ་དང་ནི། །ཆ་ལ་པ་གཉིས་སྦྱོར་བ་ལེགས། །མིང་མཐའི་ཕ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །ཞེས་སྐད་ཆའི་ཆོས་ཉིད་ལ་ཞིབ་ཏུ་དཔྱད་ནས་མ་དང་མོ། བ་དང་བོའང་བདག་སྒྲར་གསུངས་པ་ནི་ཚིག་རྗེས་དེད་པ་ཙམ་མ་ཡིན་པར་སྐད་ཆའི་ཆོས་ཉིད་ལ་གཞིགས་ནས་བོད་ཀྱི་བརྡ་སྤྲོད་ཆ་ཇེ་ཚང་དང་བདག་སྒྲའི་སྦྱོར་ཚུལ་ཐད་ནས་གཞུང་ལུགས་ཅན་དུ་བསྒྱུར་བ་འདིས་མཁས་པ་རྣམས་ཀྱིས་དབང་མེད་དུ་དོ་སྣང་མཛད་དགོས་པ་ཞིག་ཡིན།

4 ཀར་ལེབ་ཞབས་དྲུང་པད་མ་རྡོ་རྗེས། བདག་སྒྲ་རང་དབང་ཅན་ཕྲད་ཕྱིར། །རྗེས་འཇུག་དག་ལ་ལྟོས་མིན་ཀྱང་། །མིང་མཐའི་པ་བའི་སྒྲ་མཐུན་ནི། །རྟགས་འཇུག་གཞུང་བཞིན་སྔོན་བྱོན་གྱི། །མཁས་རྣམས་བཞེད་ཕྱིར་འདིར་ཡང་སྤྲོ། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་སྦྱོར་ཞིང་། །ང་འ་ར་ལ་མཐའ་མེད་མཐར། །བ་ཕྱི་སྔར་འབོད་བརྗོད་བདེའི་དཔེར། །⑥ཞེས་བདག་སྒྲ་ཕྲད་རང་དབང་ཅན་དང་མིང་མཐའི་པ་བའི་སྦྱོར་ཚུལ་ཐོབ་ཐང་བསྟུན་དགོས་པར་བཞེད་ནའང་། ལག་ལེན་དུ་ཀ་པ། ཁ་པ། དང་པོ། ལྔ་པ། དགུ་པ། དྲང་བོ་སོགས་ལ་པ་ཡིག་སྦྱར་ཅིང་། སྐྱོང་པ་པོ་དང་བྱེད་པ་པོ་ལྟ་བུ་ཀུན་ལ་པོ་སྒྲ་སྦྱོར་དགོས་པར་བཞེད།

5.ཚེ་ཏན་ཞབས་དྲུང་གིས། པ་པོ་བ་བོ་མ་མོ་ཏེ་བདག་སྒྲ་དངོས་ཀྱི་དབང་དུ་བཏང་བའི་དྲུག་དང་བདག་སྒྲ་ཕྱོགས་མཚུངས་སུ་གྱུར་པའི་ཅན་ལྡན་མཁན་གསུམ་བཤད་ནས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །⑦ཞེས་ཐོབ་ཐང་དང་བསྟུན་དགོས་པར་གསུངས་ནའང་གསེར་ཏོག་སུམ་འགྲེལ་ལས་གསུངས་པ་ལྟར་པ་པོ་བ་རྣམས་ཀྱི་ཐོབ་ཐང་ལ་སྟོང་པ། རྐང་པ། ལྔ་པ། བཅུ་པ། དཀར་པོ། སྙིང་པོ། དང་བོ་སོགས་ལ་པ་ཐོབ་པ་ནི་རྟགས་མཚུངས་དང་བརྗོད་བདེའི་དབང་གིས་མི་འདྲ་གྱུར་པ་དཔེ་ཁུངས་དག་རྣམས་སུ་ཇི་ལྟར་འབྱུང་བ་བཞིན་སྦྱར་ན་ལེགས་སོ⑧ཞེས་གསུངས་ནའང་ལག་ལེན་གྱི་སྐབས་སུ་ཁོང་གིས་ཀྱང་དང་བོ་མ་གཏོགས། བཞི་བ། ལྔ་བ། དགུ་བ། བཅུ་བ་ཞེས་གྲངས་ཀྱི་སྐབས་སུའང་ཐོབ་ཐང་དང་བསྟུན་ཞིང་རྩོམ་པ་པོ་དང་འཁུར་པ་པོ་ལྟ་བུ་ཚང་མར་པོ་ཡིག་སྦྱར་འདུག

6 དམུ་དགེ་བསམ་གཏན་གྱིས། བཟང་པོ། དཀར་པོ་ཞེས་ན་རོ་ཐོབ་ཚེ་པ་བཟེད་ཐོབ་ཟེར་ཡང་དམིགས་བསལ་གཏོང་དགོས་པའི་རྒྱུ་མཚན་དང་། ན་རོ་ཅན་ལ་པ་བཟེད་ཐོབ་པའི་རྒྱུ་མཚན་བཤད་རྒྱུ་མེད་ལ།⑨གསུངས་པ་ལྟར་ལ་ལས་བཤད་པ་ལྟར་གྲངས་ཀྱི་སྐབས་སམ་དམིགས་བསལ་སོགས་ཅི་ཡང་མི་དགོས་པར་ཡོད་ཚད་ཐོབ་ཐང་དང་བསྟུན་ནས་མགོ་བོ་ཉོག་པའི་རྒྱུ་རྐྱེན་ཅི་ཡང་མེད་པས་ཐོབ་ཐང་ལ་བསྟུན་པ་ནི་རྩ་བའི་ཆ་ནས་ཐག་གཅོད་པའི་བླང་བྱ་ཞིག་ཡིན་ལ་བདག་སྒྲའི་སྦྱོར་ཚུལ་ཚད་ལྡན་དང་སྤྱི་འགྲོས་སུ་བསྒྱུར་པའི་བླང་བྱ་ཞིག་རེད།

        དེ་ལྟར་སྔོན་བྱོན་མཁས་པ་རྣམས་ལའང་བཞེད་པ་མི་མཐུན་པ་གང་མང་ཞིག་འདུག་ཅིང་གོང་དུ་བཀོད་པ་ནི་དཔེ་མཚོན་རང་བཞིན་ལྡན་པའི་བཞེད་པ་སྐོར་ཅིག་ཡིན། དེ་ལྟ་བུའི་བཞེད་པ་དག་གིས་ད་ལྟའི་ལག་ལེན་ལ་གཏོལ་མེད་པར་གྱུར་ཅིང་གསར་སློབ་པ་རྣམས་དེ་བས་ཀྱང་མགོ་བོ་ཉོག་པའི་རྒྱུ་རུ་གྱུར།

        སྤྱིར་ན་མཁས་པ་དེ་དག་གི་བཞེད་པ་སོ་སོར་ལུང་རིགས་ཀྱི་སྒྲུབ་སྟངས་དང་དགོངས་དོན་ཆེན་པོ་རེ་ཡོད་ནའང་འགལ་བ་ལ་མི་འཁྲུལ་པའི་ཚད་མ་མེད་ཅིང་ལག་ལེན་གྱི་སྟེང་ནས་རྐང་ཚུགས་ཤིང་གནད་ལ་གཞོལ་བ། ལག་ཏུ་བླང་བདེ་བའི་ཆེད་དུ་ཅུང་དཔྱད་པར་བྱ་སྟེ།

1 བ་ཡིག་བདག་སྒྲར་མི་བཞེད་པའི་བཞེད་ཚུལ་དེ་ནི་སི་ཏུའི་བཞེད་པ་ཡིན་ལ་དེ་ཡང་ཁོང་གི་བཞེད་དགོངས་ལ།  ལྷ་ས་བ་དང་། སེ་ར་བ། ལྟ་བུ་རྣམས་ནི་གྲོང་བའི་ཕལ་སྐད་ཙམ་དུ་ཟད་པས་དཔེར་མི་འོས་ཏེ། དེ་འདྲ་ལ་ཡིད་བརྟན་འཆའ་ན་ནོར་བ་མང་པོའམ་ཁས་ལེན་དགོས་པར་འགྱུར་ཞིང་། དེ་དག་དག་པར་འདོད་ན་ལྷ་ས་པ། སེ་ར་པ། ལྟ་བུར་ བརྗོད་རིགས་པའི་ཕྱིར་རོ། །⑩ཞེས་གསུངས་ནའང་། རྒྱལ་རོང་བ། ལྷ་ས་སོགས་ང་འ་ར་ལ་མཐའ་མེད་ཀྱི་མཐར་རང་རང་རྟགས་དང་སྒྲ་བ་འདྲེན་པ་ལས་པ་མི་འདྲེན་པ་སྐད་ཀྱི་ཆོས་ཉིད་ལ་གྲུབ་ཅིང་། ཡུལ་སྐད་མི་འདྲ་བ་རེ་ཡོད་ནའང་། ང་ཚོས་ཡུལ་སྐད་གཅིག་ལ་བརྟེན་ནས་གཞན་ཁས་མི་ལེན་པའི་ཚུལ་དེ་མི་རིགས་ཏེ་ཡུལ་སྐད་མི་འདྲ་བ་དུ་མ་ཡོད་དུས་གཅིག་དབང་བཙན་པར་མི་འཛིན་པར་གཞུང་ལུགས་དང་མཐུན་ཚབས་ཆེ་བ་དེ་གནད་དུ་གཟུང་འོས་ཤིང་། དེ་དག་རང་གི་བརྟེན་སའི་སྐད་དེ་མ་མཐུན་པས་གྲོང་སྐད་ཡིན་ནོ་ཞེས་པའང་མི་རུང་སྟེ་དེས་ན་བོད་ཀྱི་ཡི་གེ་དེ་ཉིད་བོད་རང་གི་སྤྱི་སྐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གཞིགས་ནས་གསར་གཏོད་བྱས་པ་མ་ཡིན་པར་འགྱུར་ལ⑴”ཞེས་མཁས་དབང་དམུ་དགེ་བསམ་གཏན་གྱིས་བཀག་པ་བཞིན་གྲུབ་ཅིང་། བཟོ་བ། བཟོ་བོ། ལྟ་བ་ཞེས་སྦྱར་ན་བདེ་བ་ལས་བཟོ་པ། བཟོ་པོ། ལྟ་པ། ཞེས་སྦྱར་ན་ཤིན་ཏུ་མི་བདེ་བས《སི་ཏུའི་ཞལ་ལུང》གིས།  པ་སྡེ་ནས་འབྱུང་བའི་ཕོ་རྟགས་པ་དང་། མོ་རྟགས་མ་དང་། མ་ནིང་གི་རྟགས་བ་གསུམ་གྱི་རྟགས་སྔར་མེད་པ་དེ་ལ་གསར་དུ་པུ་ལང་གའི་རྟགས་གསུམ་པོ་གང་རུང་སྦྱར་བ་ན། དེ་ནི་བདག་པོའི་དོན་གསལ་བར་བྱེད་པའི་སར་ནི་ཤེས་པར་བྱ་སྟེ།⑵ཞེས་བདག་སྒྲའི་སྐད་པ་བ་མ་མོ་ཚང་མར་བདག་སྒྲར་བཞེད་ཅིང་། སི་ཏུའི་རྗེས་འཇུག་མཁས་དབང་མང་བོས་ཀྱང་དེས་ན་སི་ཏུས་ཀྱང་། བདག་པོའི་དོན་སྟོན་ཚད་དངོས་བསྟན་གྱི་བདག་སྒྲར་མི་བཞེད་པ་ལས། པ་པོ་ལས་གཞན་པའི་བདག་པོའི་དོན་སྟོན་བྱེད་མེད་པའི་ཁྱབ་པ་བཅད་པ་ག་ལ་ཡིན་ཏེ། ཇ་མ། ཆང་མ་སོགས་ཀྱིས་བདག་པོ་ཡི་དོན་སྟོན་ཀྱང་པུ་ལིང་གའི་སྒྲ་མིན་པར་གསུངས་པ་ལས་ཤེས⑶ཞེས་གསུངས་ཤིང་། དེས་ན་པ་བ་པོ་བོ་མ་མོ་ཐམས་ཅད་བདག་སྒྲར་གཟུང་ཆོག་པས་བདག་སྒྲ་ཡོད་ཚད་ལ་པ་སྦྱོར་དགོས་པའི་རྩོད་པ་རང་ཞིར་འགྲོའོ། །

2 བོ་ཡིག་བདག་སྒྲར་མི་བཞེད་པ་ནི་སི་ཏུ་དང་པྲ་ཏི་སོགས་ཡིན་མོད། ང་ཚོའི་ལག་ལེན་ཏུ་བཟོ་བོ། སྦྱར་བོ། ཟླ་བོ། མཛའ་བོ། རྟུལ་བོ། སོགས་རྒྱུན་ཏུ་བེད་སྤྱོད་གཏོང་བཞིན་ཡོད་ལ། ཚིག་མཛོད་དག་ཏུ་ཡོད་ཅིང་། རོང་འབྲོག་གི་སྐད་ཆ་དག་མོ་རྣམས་སུའང་དེ་བཞིན་དུ་འབྱུང་ལ་བོ་བདག་སྒྲར་མི་བཞེད་པ་དག་གི་ཕྱག་རྩོམ་དུའང་སྤྱོད་བཞིན་ལགས་པས་ང་ཚོས་རྩོད་པ་བྱེད་དོན་མེད། ཉོག་དྲ་འདི་དག་ནི་དབུས་སྐད་ལ་བསྟུན་པས་བྱུང་བར་མངོན་ཏེ། ལྷ་སའི་སྐད་དུ་པ་ལbaf ཞེས་ཀློག་ལ་བ་ལpavཞེས་ཀློག པོ་ལpofཞེས་ཀློག་ལ་བོpovཞེས་ཀློག་པས་མདོ་ཁམས་དག་གིསpovཞེས་པ་ལ་བོ་འབྲི་མ་བདེ་བས་ཚང་མར་པ་དང་པོ་བྲིས་པ་ཡིན་ལ་རྗེས་སུ་བྱུང་བའི་མདོ་ཁམས་པ་དག་གིས་ཞིབ་ཏུ་དཔྱད་དེ་པདང་པོ། བ་དང་བོ། མ་དང་མོ་དག་བདག་སྒྲར་བཞེད་པ་ཕལ་ཆེར་གཅིག་གྱུར་བྱུང་ཡོད་པས་མང་དུ་བརྗོད་མི་དགོས་ལ་བརྡ་སྤྲོད་ཀྱི་གཞུང་ལུགས་སྐབས་སུ་སྐད་ཡིག་གི་འགྲོས་སྟངས་དང་མཐུན་པའི་སྐད་ཆར་བསྟུན་ན་འོས་པ་ལས་བརྡ་སྤྲོད་དང་མི་མཐུན་པའི་སྐད་ཆར་བསྟུན་རུང་བ་ནི་ཆེས་གལ་ཆེ་བ་ཡིན་ནོ། །

3 བདག་སྒྲའི་ཆ་ཡའི་སྦྱོར་ཚུལ་དེ་ནི་རིག་པའི་གཞུང་ལུགས་སུ་བསྒྱུར་པའི་བཞེད་པ་ལེགས་པོ་ཞིག་ཡིན་ལ་ང་འ་ར་ལ་མཐའ་མེད་བཅས་ལ་བདག་སྒྲ་ཡ་ལ་གྱུར་ན་བ་དང་བོ་དང་། བདག་སྒྲ་ཆ་ལ་སྦྱར་ན་པ་དང་པོ་སྦྱར་ན་ལེགས་ཞེས་གསུངས་པའི་སྐོར་གྱི་ཕྱག་བཞེས་ལྟར་གྱི་ཆ་ཡའི་ངོས་འཛིན་གྱི་ཨང་རྟགས་བཀོད་པའི་དཔེར་བརྗོད་ནི། གཟུགས་གཞི་ཐང་པོ་དང་། མི་གྱོང་པོ། ཅག་རོང་བ་དང་། རོང་པ། ང་མཐའི་བདག་སྒྲ་ཡར་གྱུར་བོ་དང་ཆ་ལ་པོ། ཡང་ཡ་ལ་བ་དང་ཆ་ལ་པ་སྦྱར་བ⑷ཞེས་དཔེར་བརྗོད་ཀྱང་བཀོད་ཡོད། ཡིན་ནའང་། མཁས་དབང་ཚེ་ཏན་ཞབས་དྲུང་གིས་ལག་ལེན་ཚེ་ཁུངས་རྩོད་མེད་ཅིག་རྙེད་དཀའ་ཞེས་གསུངས་པ་ལྟར་གཅོད་པ་བོ། ཤིང་གཅོད་པ་པོ། སྲུང་བ་བོ། སྒོ་སྲུང་བ་པོ། ལག་བདེ་བོ། ལག་པ་བདེ་པོ། ཚ་རོང་བ། ཚ་བ་རོང་བ། མི་དལ་བོ། མི་སོས་དལ་པོ། ཞེས་སྔ་མར་བོ་དང་ཕྱི་མར་པོ་ཞེས་ཁྱད་ཕྱེས་ན་ལག་ལེན་གྱི་ཚེ་ཉོག་འཛོལ་ཞིག་ལས་མ་འདས་པས་དེའི་རྗེས་སུ་འབྲང་བ་ཤིན་ཏུ་ཉུང་ལ་ལྷག་པར་ལག་ལེན་གྱི་ཚེ་སུས་ཀྱང་རྩི་བཞིན་མེད་དོ། །

4 བོ་བདག་སྒྲར་ཁས་མ་བླངས་ན་རྩོམ་པ་བོ་ཞེས་སྦྱར་ན་འགལ་བ་ཅི་ཡང་མེད་མོད། བདག་སྒྲར་ཁས་བླངས་ན་ཕྲད་རང་དབང་ཅན་དུ་འདོད་མཁན་ཚོས་རང་གི་འདོད་བློ་བཞིན་རྩོམ་པ་པོ་དང་རྩོམ་པ་བོ་ཞེས་རང་གི་ངག་ལ་གང་བདེར་སྦྱར་རུང་གནོད་བྱེད་ཀྱང་མེད་དེ། ཁོ་བོ་ཅག་གི་ངག་ཏུ་ཀློག་མི་བདེ་བས་སོ་ཟེར་ན་ཨ་མདོའི་རོང་འབྲོག་གི་སྐད་དུ་ཆེས་བདེ་ལ་ལྷ་སའི་སྐད་དུའངpofདངpovཞེས་དྲག་ཞན་ལས་སྒྲ་ཉེ་བས་བདེ་བའི་ཁྱད་ཤིན་ཏུ་འབྱེད་དཀའ་ལ། ཕྲད་གཞན་དབང་ཅན་དུ་འདོད་པ་དག་ལྟར་ན་རྩོམ་པ་བོ་ཞེས་སྦྱར་དགོས་པ་ནི་འོས་མེད་ཀྱི་རིགས་པས་འགྲུབ་སྟེ་པ་དང་པོའི་ཐོབ་ཐང་གཅིག་ལ་བ་དང་བོའི་མི་གཅིག་པའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་བ་ཡིག་བདག་སྒྲར་ཁས་བླངས་ནས་རྩོམ་པ་བོ་ཞེས་འབྲི་བ་ནི་རིག་པའི་གཞུང་ལུགས་ཀྱི་སྟེང་གི་ནང་འགལ་ཚབས་ཆེན་ཞིག་ཡིན་ནོ། །

5 འདི་དག་གི་གནད་ནི་བདག་སྒྲའི་པ་བ་ཕྲད་རང་དབང་ཅན་དུ་འདོད་པར་ཐུག་ ཡོད་དེ་བདག་སྒྲར་ཕྲད་རང་དབང་ཅན་དུ་འདོད་ཕྱིན་མི་གཅིག་གི་ངོས་ནས་བཤད་ན་ཉོག་དྲ་དང་སྟབས་མི་བདེ་བ་ཅི་ཡང་མེད་རང་གི་གོམས་འདྲིས་ལྟར་པ་དང་བ་སྦྱར་ན་ཆོག་མོད། བོད་ཡོངས་ཁྱབ་ནས་བཤད་ན་རང་རང་གི་ངག་ནི་རང་གི་ཡུལ་སྐད་ལ་གོམས་ཆེ་བས་རང་གི་ཕལ་སྐད་དང་བསྟུན་ནས་ལྷ་ས་པ་དང་ལྷ་ས་བ། ཞིང་པ་དང་ཞིང་བ། གྱོས་པོ་དང་གྱོས་བོ། ཟླ་པོ་དང་ཟླ་བོ་ཞེས་རང་རང་ལ་གང་བདེར་བྲིས་ན་དེ་ནི་ཚད་ལྡན་གྱི་བརྡ་སྤྲོད་ཅིག་མེད་པའི་རྟགས་ལས་གཞན་གང་ཡང་མིན་ལ་བརྡ་སྤྲོད་ཚད་ལྡན་དུ་འགྱུར་བ་ལ་ལག་ལེན་ལ་སྣེ་ཁྲིད་བྱེད་པའི་གཞུང་ལུགས་ཤིག་ཤིན་ཏུ་མཁོ་བས་སོ། །

6 མིང་མཐའི་སྐབས་མཁས་པ་མང་ཆེ་བས་ཐོབ་ཐང་ལ་བསྟུན་པ་ཕལ་ཆེར་གཅིག་ གྱུར་ཡིན་ནའང་། མཁས་པ་མང་བོ་ཞིག་གིས་བཟང་བ། དཀར་བ་ལྟ་བུ་ཐོབ་ཐང་དང་བསྟུན་ནས་བཟང་པོ། དཀར་པོ། ལྟ་བུ་ཐོབ་ཐང་ལ་མི་བསྟུན་པ་ལུགས་དང་མི་མཐུན་ཏེ། སྔ་ཕྱི་གཉིས་ཀ་རྟགས་མཚུངས་དྲངས་ནའང་དྲངས་མཉམ་དང་བརྗོད་བདེ་དྲངས་ནའང་དྲངས་མཉམ་ཡིན་ཏེ་དེ་གཉིས་ཀྱི་རྗེས་ཀྱི་རྗེས་འཇུག་འདྲ་ཞིང་ན་རོ་ཙམ་གྱིས་སྒྲ་ཆེན་པོར་མི་འགྱུར་ཞིང་བཟང་བ་ལྟ་བུ་ཡུལ་སྐད་གཞན་ཞིག་ལ་བསྟུན་ན་མི་ལེགས་པ་སུས་ཀྱང་ཤེས་ལ་དམིགས་བསལ་ཡིན་ན་ན་རོ་མེད་པ་ལ་དམིགས་བསལ་མི་སྟེར་ལ་ན་རོ་ཅན་ལ་དམིགས་བསལ་བསྟེར་དགོས་པའི་རྒྱུ་མཚན་མེད་ལ་བརྗོད་བདེ་ཡིན་ན་སླར་སྡུད་སྐབས་སུ་རྒྱབ་པོ་ཞེས་ཀྱང་འབྲི་དགོས་ཏེ་དེ་ལྟ་ན་སླར་སྡུད་སྐབས་སུ་བོ་བཤད་པ་དངོས་སུ་འགལ་ལོ། །

7 ཡང་གྲངས་ཀྱི་སྐབས་སུ་དང་བོ་ཞེས་འབྲི་ལ་ལྔ་བ་སོགས་ཐོབ་ཐང་ལ་མི་བསྟུན་པའང་མི་འོས་ཏེ་དང་བོ་ཞེས་གྲངས་ལ་པོ་འབྲི་བ་ལྟར་ན་ལྔ་བ། དགུ་བ། ཞེས་མཁས་དབང་པྲ་ཏི་དང་སི་ཏུ་ལྟར་འབྲི་དགོས་པ་ལས་བཞི་བ། ལྔ་བ། དགུ་བ། བཅུ་བ་ཞེས་སོགས་ཐོབ་ཐང་ལ་བསྟུན་ནས་དང་བོ་སོགས་ཐོབ་ཐང་ལ་མི་བསྟུན་པར་རྒྱུ་མཚན་ཅི་ཡང་མེད་དེ་དེ་དབང་བཙན་མིན་དང་སྤྱིར་བཏང་དམིགས་བསལ་གྱི་ཁྱད་པར་གང་ཡང་མེད་ལ་ཡུལ་སྐད་རེ་གཉིས་ལ་བསྟུན་ཏེ་སྤྱིར་བཏང་དང་དམིགས་བསལ་བྱིན་ན་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་སིལ་བུར་ཐོར་བའི་ཉེན་ཁ་ཤིན་ཏུ་ཆེའོ། །

8 ཡང་ལ་ལས་སྤྱིར་མིང་མཐའི་པ་བ་ཐོབ་ཐང་ལ་བསྟུན་ཞིང་གྲངས་གནས་ཀྱི་སྐབས་དང་། ཁ་དོག་གི་སྐབས་སུ་དེ་ལྟར་པོ་སྦྱར་དགོས་ཟེར་ཡང་གྲངས་གནས་ཀྱི་སྐབས་དང་ཁ་དོག་གི་སྐབས་སུ་ཐོབ་ཐང་ལ་མི་བསྟུན་པའི་རྒྱུ་མཚན་ཅི་ཡིན། དེ་ལྟར་གྲངས་གནས་སྐབས་དང་བོ་ཞེས་པོ་སྒྲ་སྦྱར་ན་དྲང་བོ་དང་། མང་བོ་ཞེས་པོ་སྒྲ་སྦྱར་ནའང་གནོད་བྱེད་ཅི་ཡང་མེད་ཅིང་། རྐང་བ་དང་རྔ་བ་ཞེས་པའང་རྐང་པ་དང་རྔ་པ་རྣམ་པ་ཀུན་ཏུ་མཚུངས་དགོས་པས་དེ་ལྟ་ན་རང་གི་མིང་མཐའི་པ་བ་ཐོབ་ཐང་དང་བསྟུན་དགོས་པས་རྩ་བའི་དམ་བཅའ་རང་གིས་བཤིགས་པ་ལས་མ་འདས།

9 ཡང་ཁང་དཀར་སྐལ་བཟང་ཚུལ་ཁྲིམས་ཀྱིས།  མཁས་དབང་གོང་མ་གཉིས་ནི་བརྡ་སྤྲོད་ལ་བྱང་བའི་ཡོངས་སུ་གྲགས་པའི་མཁས་དབང་རྩོད་མེད་ལོས་ཡིན་ཀྱང་དབུས་གཙང་དག་པའི་ཞིང་དུ་སློབ་གཉེར་གནང་མ་མྱོང་བའི་དབང་གིས་ཡུལ་དབུས་ཀྱི་སྐད་ལ་མ་བྱང་བའི་རྐྱེན་གྱིས་ཡུལ་སྐད་མངོན་གསལ་དོད་པོ་དེ་འདྲ་ཤོར་བར་མངོན། དཔེར་ན་མཁས་པ་དེ་གཉིས་ཀྱིས། ལྷ་ས་སྨོན་ལམ་ཆེན་མོར། རྐང་བ་ཆོས་ཅན། རང་བཞིན་གྱིས་སྟོང་བ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་རྟགས་གསལ་འཕངས་ཚེ། དབུས་གཙང་མཁས་པ་སྨོས་མེད་ཐོག  ཨ་མདོའི་ཡུལ་དུ་འཁྲུངས་པའི་བཅུ་ཕྲག་རིག་པའི་དབང་ཕྱུག་འཇམ་དབྱངས་བཞད་པ་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ། གུང་ཐང་འཇམ་པའི་དབྱངས། དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ཀྱང་ཡུལ་དབུས་ཀྱི་མིང་ཚིག་ལ་བྱང་བའི་དབང་གིས་བཞད་གད་ཤོར་བ་ཐེ་ཚོམ་མེད།⑸ ཟེར་བ་ནི་ངེས་པར་དགོད་བྲོ་བའི་སྐད་ཆ་སྟེ། བདག་སྒྲ་དང་མིང་མཐའི་པ་བ་ཐོབ་ཐང་ལ་བསྟུན་མི་དགོས་པའི་སྒྲུབ་བྱེད་བ་སྤུ་ཙམ་ཡང་མེད་པས་སོ། །ཁོང་རྣམ་པ་གཉིས་ཀྱིས་སྨོན་ལམ་ཆེན་མོར་རྟགས་གསལ་འཕེན་དུས་ལྷ་སའི་གདངས་ཀྱིས་འཕངས་ན་ལྷ་ས་བས་བ་ལpavཀློག་པས་ལྷ་ས་བ་ཚོར་ཡང་གད་མོ་ཞིག་མི་ཡོང་ལ། ཨ་མདོ་སྐད་ཀྱིས་འཕངས་ན་ཁོང་རྣམ་པ་སྤྲོ་སང་ངེར་འགྲོ་ངེས་པ་ཡིན་ནོ། །

10 ཡང་ལ་ལས་བདག་སྒྲ་ཐོབ་ཐང་དང་མ་བསྟུན་པར་པ་ཁོ་ན་སྦྱར་ན་ལེགས་ཏེ་དཔེར་ན་གླ་པ་དང་གླ་བ་ཞེས་སྦྱར་ན་དང་བོས་བདག་སྒྲ་སྟོན་ལ་གཉིས་པས་རི་དྭགས་ཡིན་པའི་ཁྱད་པར་འབྱེད་ཐུབ་ཟེར་བ་ནི་བསམ་གཞིག་གནང་ནས་གསུངས་པའི་སྐད་ཆ་ཞིག་ཡིན་ལ། བདག་སྒྲ་ཕྲད་རང་དབང་ཅན་དུ་དགོངས་པའི་སྒྲུབ་བྱེད་ལེགས་པོ་ཞིག་ཡིན་མོད། དེ་ནི་སུ་ཏིའི་རྗེས་སུ་འབྲངས་པ་ལས་བྱུང་བའི་གོམས་སྲོལ་གྱི་ལྟ་བ་ཞིག་ཡིན་པ་ལས། ཁྱབ་པ་མེད་དེ་དེ་ལྟར་བྱེད་ན་བ་ཡིག་བདག་སྒྲར་ཁས་ལེན་དོན་མེད་ན་ཡང་བ་ཡིག་བདག་སྒྲ་ཁས་ལེན་པ་ནི་ད་ལྟ་གཅིག་མཐུན་དུ་སོང་བས་ན་པ་ཡིག་ཁོ་ནར་བདག་སྒྲར་ཁས་ལེན་པའི་ལྟ་བ་དེ་ནི་ཅུང་གུ་དོག་ཏུ་སོང་བར་མངོན་ནོ། །

11 ཡང་ལ་ལས་བདག་སྒྲ་ཐོབ་ཐང་དང་མི་བསྟུན་ཏེ་སྔོན་གྱི་བཀའ་བསྟན་ལས་ཀྱང་པ་བྲིས་འདུག་ཟེར་ན་དེ་ཡང་མ་ངེས་པའི་སྒྲུབ་བྱེད་ཅིག་སྟེ་ད་ལྟའང་གཅིག་གྱུར་འབྱུང་བཞིན་མེད་ན་སྔོན་གྱི་དཔེ་ཆ་དག་ཏུ་མཐུན་མི་མཐུན་ཅི་རིགས་འབྱུང་བ་སྨོས་མ་དགོས་ལ། གོང་དུ་བརྗོད་པ་ལྟར་སྒྲ་བ་རྣམས་ཀྱང་མི་མཐུན་པ་སྣ་ཚོགས་བྱུང་བས་ན་མཁས་པ་ཚད་ལྡན་དག་གིས་བྲིས་པའི་གཞུང་རྣམས་སུའང་མི་མཐུན་པ་ཡོད་པ་སྨོས་མ་དགོས་ལ། ལྷག་པར་དཔེ་དེ་དག་ཏུ་བྱུང་བ་མཁས་པ་སྔོན་མ་དེ་དག་གི་དགོངས་པ་ཡིན་པའི་ངེས་པའང་མེད་དེ་ཡི་གེ་བ་དང་ཞུ་དག་པ་དག་གི་འདོད་དབང་དུ་འཁྱེར་བ་གང་མང་ཞིག་ཡོད་པ་ཞུ་དག་པ་དག་གིས་ཞུ་དག་བྱས་ཏེ་གཅིག་གྱུར་བྱུང་བ་མངོན་སུམ་དུ་མཐོང་བས་སོ། །

        འོ་ན་དཔེ་དག་མོའམ་སྔོན་གྱི་ཡིག་ཚང་དག་ནའང་ཐོབ་ཐང་ངེས་པ་མེད་པའམ་ཡང་ན་གོང་གི་བཤད་ཚུལ་དེ་དག་དང་མཐུན་པའི་བྲིས་པ་ཡོད་དོ་ཞེ་ན་ལོས་ཡོད་དེ། གོང་དུ་བཤད་པ་ལྟར་ད་ལྟའི་བར་དུ་བདག་སྒྲ་དང་མིང་མཐའི་པ་བ་ལ་བཞེད་པ་མི་མཐུན་ཞིང་གཅིག་གྱུར་མེད་པ་དང་གཅིག  ཡི་གེ་བ་དང་དཔར་ཞུ་པས་རང་གི་འདོད་བློའི་དབང་གིས་འདོད་འཁྱེར་གྱི་དབང་དུ་སོང་བ་ཡོད་པ་དང་གཉིས། མང་བོ་ཞིག་གིས་མིང་མཐའི་པ་བ་དང་བདག་སྒྲའི་པ་བའི་ཁྱད་པར་ལ་དོ་སྣང་མི་བྱེད་པར་ལག་ལ་གང་ཐོན་དང་། ངག་ལ་གང་བདེར་འབྲི་བཞིན་པ་དང་གསུམ་པོ་ནི་ང་ཚོའི་བདག་སྒྲའི་པ་བ་དང་མིང་མཐའི་པ་བའི་སྦྱོར་ཚུལ་ལ་བསམ་གཞིག་དགོས་པའི་གནད་དོན་འདི་བྱུང་བ་སྟེ་སྔོན་གྱི་གཞུང་དག་ཏུ་སྣ་ཚོགས་བྲིས་པ་དེས་ང་ཚོའི་བརྡ་སྤྲོད་གཅིག་གྱུར་མིན་པ་དང་ཚད་ལྡན་མིན་པའི་རྟགས་ཡིན་ལ། གཞུང་ལུགས་ཀྱིས་ལག་ལེན་ལ་ནུས་པ་གདོན་ཐུབ་ཀྱིན་མེད་པའི་རྟགས་ཡིན་ནོ། །

        དེས་ན་པ་པོ། བ་བོ། མ་མོ། ཅན་ལྡན་མཁན་རྣམས་བདག་སྒྲར་ངེས་པར་ཁས་ལེན་ དགོས་པ་ནི་སྐད་ཆས་བདེན་དཔང་བྱས་པས་འགྱུར་བ་མེད་པ་བཞིན་ད་ལྟའི་བརྡ་སྤྲོད་སྨྲ་བ་དག་གིས་ཁས་མི་ལེན་ག་མེད་དུ་གྱུར་ཅིང་། དེ་བས་ང་ཚོས་ངེས་པར་སྦྱོར་སྟངས་གཅིག་གྱུར་བྱ་དགོས་ལ་ལྷག་པར་གློག་ཀླད་ཀྱིས་ཡིག་བསྒྱུར་སོགས་ཀྱི་སྐབས་སུ་བརྡ་སྤྲོད་ཚད་ལྡན་ཅན་དུ་མ་སོང་ན་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་ངེས་ཤིང་བདག་སྒྲ་ཕྲད་རང་དབང་ཅན་དུ་བཟུང་ནས་རང་རང་གི་འདོད་ཞེན་གྱི་རྗེས་སུ་འབྲངས་ན་ཉོག་འཛོལ་ཆེན་པོར་འགྱུར་བས་སོ། །

        དེ་བས་ས་གནས་ཀྱི་ཕྱོགས་ཞེན་དང་། རང་ལུགས་ཀྱི་མཁྲེགས་འཛིན་སོགས་ཅི་ཡང་མི་དགོས་པར་བདག་སྒྲའི་པ་བ་དང་མིང་མཐའི་པ་བའི་སྦྱོར་ཚུལ་གྱི་ཐད་ནས་རྩོད་པ་ཅི་ཡང་མི་དགོས་པར་ཐོབ་ཐང་དང་བསྟུན་ན་དགེ་མཚན་ཆེ་སྟེ་ཐོབ་ཐང་དང་བསྟུན་ནས་གང་འདོད་དུ་འབྲི་མི་རུང་བ་དང་གཅིག མཁས་པ་ནས་བྱིས་པའི་བར་དུ་ཐོབ་ཐང་བློ་ཐོན་པ་ཙམ་གྱིས་པ་བའི་སྦྱོར་ཚུལ་ལ་མཁས་པ་དང་གཉིས། གྲངས་དང་ཁ་དོག་ལ་པོ་དང་ཡང་ན་བདག་སྒྲའི་ཆ་ཡའམ་ཡང་ན་སྤྱིར་བཏང་དམིགས་བསལ་སོགས་ཀྱི་ཞིབ་ཆ་ཕྲ་ཞིང་ཞིབ་པ་བྱས་ནའང་དབྱེ་བ་མི་འཁོར་བའི་གཞུང་ལུགས་རྙོག་འཛིང་ཅན་བཟོ་མི་དགོས་པ་དང་གསུམ། ཐོབ་ཐང་ལ་བསྟུན་པ་ནི་གསར་བཤད་དང་གསར་བཟོ་མ་ཡིན་པར་སྔོན་ནས་མཁས་པས་གཏན་ལ་ཕབ་ཡོད་པ་དང་བཞི། གློག་ཀླད་དུ་ཡི་གེ་གཏག་པའམ་ནོར་བཅོས་བྱེད་དུས་བཀའ་བརྡ་གཅིག་གིས་པ་བ་དང་པོ་བོ་སོགས་ཐག་གཅོད་པ་དང་ལྔ། པ་བའི་སྦྱོར་ཚུལ་སྤྱི་འགྲོས་ཅན་དུ་གྱུར་པ་ནི་གཞུང་ལུགས་ཚད་ལྡན་ཅན་དུ་འགྱུར་བའི་རྟགས་མཚན་ཡིན་པ་དང་དྲུག་གོ།

        འོ་ན་པ་བའི་སྦྱོར་ཚུལ་སྔོན་བྱོན་མཁས་པས་ཇི་ལྟར་གཏན་ལ་ཕབ་ཡོད་ཅེ་ན་ཞྭ་ལུ་ལོ་ཆེན་གྱིས《དག་ཡིག་ཟ་མ་ཏོག》ལས། ཀ་ད་བ་ས་ན་མ་པ། ། ཞེས་དང་། ང་འ་ར་ལ་འདོགས་ཅན་དང་། རྐྱང་བའི་རྗེས་སུ་པ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །⑹ཞེས་འབྱུང་ལ། 《དག་ཡིག་ངག་སྒྲོན》ལས། “མིང་མཐའི་པ་བའི་དབྱེ་བ་ནི། །ག་ད་ན་པ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །ཟག་པ་མེད་པ་ཕན་པ་མཆོག ། ཐོབ་པ་དམ་པ་མཁས་པ་རུ། །གྱུར་པ་དང་བ་ལ་དགའ་བ། །མྱུར་བར་མཇལ་བར་སྤྲོས་པ་ལས། །⑺”ཞེས་སྔོན་ནས་ཐོབ་ཐང་དང་བསྟུན་དགོས་པའི་བསྡོམས་ཚིག་དགེ་མཚན་ཆེ་བ་ཞིག་བཟོས་ཤིང་། ལྷག་པར་གནད་ཆེ་བ་ཞིག་ནི་སྔོན་སྐད་ཆ་ལ་བརྟེན་ནས་ཡི་གེ་བཟོས་པ་ཡིན་ནའང་། ད་ནི་ཡི་གེས་སྐད་ཆ་ཚད་ལྡན་དུ་གཏོང་བའི་དུས་སུ་སླེབས་པས་མཁས་དབང་དམུ་དགེ་བསམ་གཏན་གྱིས་བཞེད་པ་ལྟར་བདག་སྒྲ་དང་མིང་མཐའ་ཡོད་ཚད་ཐོབ་ཐང་དང་བསྟུན་ན་སྐད་ཆ་གཅིག་གྱུར་དུ་འགྲོ་བ་ལའང་སྐུལ་འདེད་བྱ་ཐུབ་ཅིང་། ལག་ལེན་གྱི་སྟེང་ནས་ཀྱང་ཉོག་དྲ་ཅི་ཡང་མེད་པས་དགེ་མཚན་ལས་གནོད་པ་ཅི་ཡང་མེད་པར་བསམ་མོ། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1