རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ས་འགུལ་གནོད་ཐེབས་ཡུལ་དངོས་ལ་འཚམས་འདྲི་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༦ཚེས་༢༠ཉིན།



 

    དེ་ཡང་སྤྱི་ཟླ་6ཚེས་14ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཀྱི་ཀྲུའུ་རེན་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག འབར་ཁམས་ཀྱི་རིམ་པ་6.10ཅན་གྱི་ས་འགུལ་གནོད་ཐེབས་ལྟེ་གནས་ཚོ་བདུན་ཡུལ་ཚོའི་ཚོ་བདུན་དགོན་པ་དང་། བཀྲ་ཤིས་རི་སྒང་དགོན། བཙག་དགོན་པ་བཅས་ལ་ཕེབས་ནས་གནོད་འཚེ་ཕོག་པའི་གནས་ཚུལ་ལ་རྒྱས་ལོན་དང་དགོན་པའི་དགེ་འདུན་པ་རྣམས་ལ་འཚམས་འདྲི་གནང་། 

     སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་གིས་དགོན་སྡེ་ཁག་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་དང་། དགེ་འདུན་པའི་བསམ་ཚུལ། གནས་སྐབས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་དག་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས། ཁོང་གིས་གནད་ཀྱིས་བསྟན་དོན། དགོན་སྡེ་སྤྱིའི་འཛུགས་སྐྲུན་དང་གྲྭ་ཤག་སོགས་ལ་གཏོར་སྐྱོན་ཕོག་ཚུལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་གནོད་འཚེའི་གནས་ཚུལ་བསྡོམས་རྩིས་ལེགས་པོ་བྱས་ནས་གོང་རིམ་ལ་སྙན་ཞུ་འབུལ་དགོས་པ་དང་། ཡང་བསྐྱར་གནོད་འཚེ་འབྱུང་བར་དོགས་ཟོན་དང་གྲ་སྒྲིག་བྱ་དགོས་པ་དང་། དགེ་འདུན་པའི་སེམས་ཤུགས་གཅིག་སྒྲིལ་ཐོག་ནས་ཏང་ཨུ་དང་སྲིད་གཞུང་གི་གནོད་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་གིས་གནང་དགོས་པར་མ་ཟད། ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལ་ཉན་དགོས་པ་དང་། གནས་སྐབས་སྡོད་གནས་བསྐྲུན་པ་ཚད་ལྡན་དུ་གཏོང་བ་དང་། མེ་ཟོན་དང་། ས་གཤིས་གནོད་འཚེ། གློག་བེད་སྤྱོད་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དག་ལ་ཞིབ་བཤེར་དང་བཅོས་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་དགོས། 

  

      དགོན་སྡེ་ཁག་ལ་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ་ཞིང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ནི་གནམ་དང་ཚེ་སྲོག་ནི་རྩ་བར་བཟུང་ནས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་དེ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ་རྣམ་གཉིས་དེ་མ་ཐག་ཏུ་གནོད་ཐེབས་ས་ཁུལ་དུ་ཕེབས་ནས་གནོད་འཚེ་ཐེབས་པའི་མང་ཚོགས་རྣམས་ལ་གཅིག་མཐུན་གྱི་སྣེ་ཁྲིད་འོག་ནས་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱས་པས། རྒྱ་ཆེའི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱིས་ཀྱང་། ཁོང་རྣམ་པའི་དྲིན་ཚོར་བའི་ངང་ནས་ཏང་ཨུ་དང་སྲིད་གཞུང་ལ་ཡིད་ཆེས་བརྟན་པོའི་སྒོ་ནས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་གཞོགས་འདེགས་བྱ་བར་འབད་པ་བྱ་དགོས་པ་དང་། བློ་ཁོག་ཆེན་པོའི་ངང་ནས་རྐྱེན་ངན་གནོད་འཚེའི་མདུན་ནས་རང་གཞན་གྱི་དབྱེ་བ་མེད་པ། གནོད་སེལ་རྒུད་སྐྱོབ་ཀྱི་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། གཅིག་གྱུར་འོག་གནོད་སེལ་ཅ་དངོས་དང་ལེན་དང་བགོ་བཤའ་བྱ་དགོས། ལྷག་ཏུ་དགེ་འདུན་པ་རྣམས་ལ་དོ་དམ་ནན་མོ་བྱས་ནས་དྲང་ཕྱོགས་ཀྱི་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་དགོས་པ་ལས། དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་སྤེལ་བ། དཀྲོག་གཏམ་ལ་ཉན་པ་སོགས་གཏན་ནས་བྱ་མི་རུང་བར་མ་ཟད། ཡང་མ་དག་པའི་ཆ་འཕྲིན་རྒྱུད་སྤེལ་བྱེད་པ་སོགས་གཏན་དུ་སྤངས་ནས་བོད་བརྒྱུད་ནང་བསྟན་དགོན་སྡེའི་རང་བཞིན་བཟང་པོ་ལ་སྲུང་སྐྱོང་གིས་མིག་དཔེ་བཟང་བོ་སྟོན་དགོས་པ་དང་། རང་སྟོབས་རང་སྤེལ་ཀྱི་བྱ་སྤྱོད་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནས། ངང་སྒུག་དང་གཞན་ལ་མི་བརྟེན་པར་རང་སྟོབས་རང་སྤེལ་གྱིས་གནོད་ཐེབས་བསྐྱར་སྐྲུན་གྱི་ལས་དོན་ལ་ཇུས་འགོད་དང་འབད་བརྩོན་བྱ་དགོས། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1