༄༅།།བོད་ཀྱི་གླིང་སྒྲུང་པ་གྲགས་ཆེན་སྨིན་དབུས་པོ་ལགས་ཀྱི་གླིང་སྒྲུང་གི་མཛད་འཕྲིན་སྐོར།

རབ་བརྟན་མཁན་པོ་དགེ་ལེགས་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 06-21


བོད་ཀྱི་གླིང་སྒྲུང་པ་དང་གེ་སར་རིག་པའི་ཆེད་ལས་པ་དངོས་མིང་ལ་སྨིན་དབུས་པོ་དང་། སྒྲུང་མིང་ལ་འཇིགས་མེད་བརྩེ་ལྡན་རྡོ་རྗེ་དང་ཨ་དཀར་པོ་སོགས་སུ་འབོད་པ་ཁོང་ནི། སྤྱི་ལོ༡༩༦༧ལོར་མགོ་ལོག་ཁང་སར་སྨིན་ཐང་དུ་སྐྱེས།ལོ་ངོ་བརྒྱད་དགུའི་དུས་ནས་བཟུང་གླིང་སྒྲུང་བཤད་འབྲིའི་བག་ཆགས་སད།དཔལ་ཡུལ་ཀརྨ་ཆགས་མེད་ཀྱིས་སྒྲུང་དཔེ་ཞིག་གནང་བ་སོགས་ཀྱིས་སྒྲུང་སྒོ་ཕྱེས་ཤིང་སྒྲུང་བཤད་པར་བྱིན་རླབས་བཀའ་གནང་སྩལ།གཞན་ལྷ་སྲས་དགྲ་བླའི་རྣམ་རོལ་སྤྲུལ་མགར་ཀློང་རིན་པོ་ཆེ་དང་།ནེའུ་ཆུང་སྒྱུ་འཕྲུལ་ཏཱ་རེ་བདེ་ཆེན་ལྷ་མོ།སྤྲུལ་བའི་གཏེར་སྟོན་བཀྲ་ཤིས་ཕུན་ཚོགས།སྐྱབས་རྗེ་གཟན་དཀར་ཐུབ་བསྟན་ཉི་མ་སོགས་ལས་གླིང་གེ་སར་ཀྱི་དབང་ལུང་ཞུས་པ་དང་།ཁྱད་པར་དུ་འདན་སྲས་གཡུ་འོད་འབུམ་མེའི་རོལ་གར༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་མདུན་ནས་གླིང་གེ་སར་སྐྱེས་བུའི་སྲོག་དབང་ཟབ་མོ་སོགས་ཉེ་རྒྱུད་ཀྱི་ཆོས་ཚན་མང་དུ་ཐོབ་ཅིང་ཉམས་ལེན་བསྙེན་བཟླས་ལ་འབད་པ་མི་དམན་པ་མཛད།དེ་ཡང་གནས་བྱིན་ལྡན་དང་།གང་ཟག་ཁྱད་པར་བ་སོགས་ལ་འཕྲད་པའི་རྐྱེན་བྱས།ཁོང་གིས་རང་བྱུང་གཉུག་གཤིས་ལས་འཁྲུངས་པའི་གླིང་སྒྲུང་ག་ཡུ་ཨ་དར་བཏུལ་ཚུལ་དང་།བལ་པོའི་ལུག་རྫོང་སོགས་རྣམ་སྒྲུང་དུ་མའི་ཁ་བྱང་བསྡུས་དོན་དང་རྒྱས་འབྲི་བྱས་པ་དང་།སྤྱི་ལོ༡༩༩༠ལོ་ནས་བཟུང་ཕ་ཡུལ་སྨིན་ཐང་དུ་གླིང་རྗེ་སྐུ་བརྙན་བཞེངས་པའི་སྲོལ་ཐོག་མར་ཕྱེས་པའི་ཐང་རིས་ད་ལྟ་དངོས་མཇལ་གྱི་ཡུལ་དུ་བཞུགས་པ་དང་།    སྤྱི་ལོ༡༩༩༡ལོ་ཡས་མས་ནས་སྨིན་ཐང་དགོན་གཞུང་ནས་ཀུན་མཁྱེན་མི་ཕམ་པའི་གསུང་གི་གླིང་གེ་སར་གསོལ་མཆོད་བྱེད་པའི་སྲོལ་ཐོག་མར་ཕྱེས་པ་རེད།གཞན་གླིང་རྗེ་རྒྱལ་བློན་དང་འབྲེལ་བའི་མཆོད་བསྟོད་སྒྲུབ་ཐབས་སོགས་གླིང་དང་འབྲེལ་ཡོད་མི་ཉུང་བ་བྲིས་པ་དང་། སྤྱི་ལོ༡༩༩༣ལོར་སྨིན་དགོན་དུ་བཤེས་གཉེན་མཛོད་ཚ་ཨ་བུ་དཀར་ལོར་ཞུ་སྐུལ་བྱས་ནས་གླིང་གིས་ཕྱོགས་བཞིའི་དགྲ་བཞི་བཏུལ་བའི་རྣམ་ཐར་འཁྲབ། དེའི་ཕྲོས་སུ་ཁོང་གིས་གླིང་རྒྱལ་ཞལ་འཛོམས་ཀྱི་འཁྲབ་གཞུང་བྲིས་ཤིང་ཁོང་ཉིད་སྐབས་དེའི་འཁྲབ་དཔོན་མདོ་འཛིན་པ་དང་། གླིང་རྒྱལ་བློན་གདན་ཞུའི་མི་སྣ་གཙོ་བོ་གསེར་བའི་ཉི་འབུམ་གྱི་འཁྲབ་སྟོན་པ་བྱས་ཏེ། གཡུ་རྩེའི་གནས་མདུན་ནས༧ཆོས་རྗེ་ཡིད་བཞིན་ནོར་བུ་སྐུ་འཁོར་ལ་གླིང་རྒྱལ་བློན་ཞལ་འཛོམས་སོགས་ཀྱི་ཟློས་གར་གཟིགས་འབུལ་བཏེགས་པས་ཐུགས་དགྱེས་བླ་མེད་ལོན། དེ་བཞིན་དུ་སྨིན་དགོན་དུ་འདན་སྲས་རྟོགས་བརྗོད་ཐོག་མར་འཁྲབ་སྐབས་ཁོང་ཉིད་ཀྱིས་གླིང་བློན་བྱ་ཆེན་ཀརྨ་དགྲ་འདུལ་གྱི་ཟློས་གར་བ་བྱས་པར་འཚུབ་ལྷོང་གི་ངོ་ཆེན་པོ་བྱུང་ཟེར།  སྤྱི་ལོ༢༠༠༨ལོར་མགོ་ལོག་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས་དང་། གེ་སར་མགོ་ཁྲིད་ཚན་ཆུང་གིས་གདན་ཞུས་ཞིབ་འཇུག་པའི་དཔང་རྟགས་སྤྲད། སྤྱི་ལོ༢༠༠༥ལོར་ཁོང་གིས་བྲིས་པའི་སྒྲུང་དཔེ་ཁ་ཤས་དགེ་བའི་བཤེས་གཉེན་ཆེན་པོ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་གི་སྤྱན་སྔར་བསྟར་ཏེ་ཞིབ་གཟིགས་དང་། ཐུགས་དཔྱད་ཟབ་རྒྱས་མཛད་དུ་བཅུག་རྗེས་འགྲེམ་སྤེལ་བྱ་རུང་གི་བཀའ་གནང་དབུགས་དབྱུང་ཐོབ་པ་ལྟར།  མཚོ་སྔོན་འགྲིམ་འགྲུལ་པར་ཁང་གིས་<<ཙཱི་དམ་འཕྲུལ་རྫོང>>པར་བསྐྲུན་འགྲེམ་བྱས་པ་ནས་བཟུང་རིམ་པ་བཞིན། <<ལྷོ་རོང་འབྲས་རྫོང>> དང་། <<འདན་མའི་རྟོགས་བརྗོད>> <<སྲིན་འདུལ་གནམ་ལྕགས་ཐོག་གི་ལེའུ >> <<གཡུ་རྩེའི་སྨན་རྫོང>>   <<འཁྲུངས་གླིང་རྡོ་རྗེའི་རོལ་མོ>><<ལྷོ་རྒྱ་མཚོའི་དུང་རྫོང>> སོགས་སྒྲུང་ཚན་འགའ་ཞིག་ཀན་སུའུ་དང་། བོད་ལྗོངས་། སི་ཁྲོན་སོགས་ཀྱི་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་ན། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་དང་། རྒྱལ་ཡོངས་གེ་སར་བྱ་བའི་གཞུང་ལས་ཁང་སོགས་ཀྱིས་དག་སྣང་སྒྲུང་བའི་མཚན་བྱང་དང་བདེན་རྟགས་དཔང་ཡིག་གནང་། དེ་ནས་བཟུང་རྟེན་འབྲེལ་རེ་ཟུང་གི་གནད་བཞིན<<ནེའུ་ཆུང་རྣམ་ཐར།>> དང་།  <<གླིང་དཀར་དཔའ་བརྟུལ་བརྒྱད་བཅུའི་ངོ་སྤྲོད། >> སོགས་གླིང་རྗེ་རྒྱལ་བློན་གྱི་རྣམ་སྒྲུང་འབྲི་བཞིན། གླིང་རྗེ་གེ་སར་རིག་གནས་ལ་རྒྱུས་ལོན་དང་སྲུང་སྐྱོབ་ལ་དམིགས་ཏེ། བོད་ཡིག་གི་ལམ་ནས<<གླིང་གེ་སར་རིག་གནས་དྲ་བ།>> ཞེས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གླིང་འབྲེལ་བོད་ཡིག་དྲ་བ་གཅིག་པུ་དེ་ཁོང་སྒེར་གྱིས་གཉེར་ཏེ། གླིང་གེ་སར་ལོ་རྒྱུས་རིག་གནས་ལ་དཔྱད་གཞིའི་གཞི་གྲངས་མཛོད་ཕུན་སུམ་ཚོགས་པ་ཞིག་བཞེངས་བསྐྲུན་བྱས་པ་རྒྱུན་སྐྱོང་མུས་དང་། གླིང་གེ་སར་རིག་གནས་དྲ་བར་ཆེད་དུ་ཁ་གཏད་པའི་འཕྲིན་སྟེགས་ཆེད་གཉེར་དང་། གླིང་གེ་སར་ཚང་ཞེས་པའི་གླེང་རྟགས་གཉེར་ཏེ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྔོན་བྱོན་གྱི་གསུང་ལྟར་ལོ་རེའི་རྒྱལ་ཟླ་བའི་ཚེས་བཅོ་ལྔ་གླིང་གེ་སར་འཁྲུངས་སྐར་གཏན་ཁེལ་མཛད་ཅིང་བོད་ཡུལ་གྱི་ས་ཕྱོགས་མང་པོ་ནས་དུས་ཆེན་ལ་རོལ་བའི་སྲོལ་ཕྱེས། ཞོར་དུ་བསྟོད་སྒྲུང་རྟོགས་བརྗོད་མང་པོའི་བསྡུས་དོན་དང་། གཞན་གླིང་གེ་སར་རིག་གནས་དང་འབྲེལ་ཡོད་སྐོར་གྱི་དྲིས་ལན་མི་ཉུང་བ་དང་དཔྱད་བརྗོད་སྣ་ཚོགས། གླིང་སྒྲུང་གི་མི་སྣའི་ངོ་སྤྲོད་རྒྱས་འབྲིང་སྣ་ཚོགས། གླིང་སྒྲུང་གི་ཐ་སྙད་གསེད་བཀྲོལ། ཐ་ན་གླིང་གེ་སར་རིག་གནས་དང་འབྲེལ་ཡོད་ཀྱི་གླུ་གཞས་སོགས་གླིང་གེ་སར་དང་འབྲེལ་བའི་རྩོམ་ཡིག་བརྒྱ་ཕྲག་ཁ་ཤས་བྲིས་སྤེལ་བྱས་ཏེ་སྤྱི་ཚོགས་ལ་གླིང་གེ་སར་རིག་གནས་ཀྱི་ཤུགས་རྐྱེན་རྒྱ་ཆེན་ཐེབས་པར་བྱས། དེ་ལས་ཀྱང་གླིང་གེ་སར་རི་མོའི་སྒྱུ་རྩལ་བ་གྲགས་ཅན་ལེགས་སྨོན་གྱིས་རེ་སྐུལ་བཞིན། གླིང་ཡུལ་རྨ་སྟོད་ཀྱི་གླིང་གེ་སར་དཔལ་ལྡན་བསམ་འཕེལ་གླིང་དུ་བཞུགས་པའི་ལྷ་སྲས་ཇོ་རུའི་སྐུ་བརྙན་ཆེན་མོ་དང་། དཔའ་བརྟུལ་སུམ་ཅུ། མ་སྲུ་མཆེད་བརྒྱད་སོགས་གླིང་དཀར་པོའི་སྐུ་བརྙན་བྲིས་རིས་ཡོངས་ཀྱི་འབྲི་གཞི་བྲིས་པ་དང་། བོད་ཁུལ་ཡོངས་ལ་སྐད་གྲགས་མཐོ་བའི་གླིང་གེ་སར་བརྒྱ་ཐང་ཆེན་མོའི་བྲིས་གཞི་དང་གཤམ་བྱང་ངོ་སྤྲོད་བཅས་བྲིས་པ་རྟེན་འབྲེལ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་། གཞན་གསེར་རྟ་སྙན་ལུང་དགོན་དང་། སྡེ་དགེའི་རྩྭ་ཤུལ་དགོན། ཞེ་ཆེན་དགོན་སོགས་སུ་གླིང་རྗེ་རྒྱལ་བློན་གྱི་སྐུ་བརྙན་བྲིས་ཐང་མང་པོའི་བློ་འདོན་པ་དང་བྲིས་ཆ་མཁན་མཛད་པ་དག་ལ་ལེགས་ལྟས་མི་དམན་པ་དུ་མ་ཐོབ། ལྷག་པར་དུ་མཁས་པའི་དབང་པོ་མཛོད་ཚ་ཨ་བུ་དཀར་ལོ་སོགས་དགེ་བའི་བཤེས་གཉེན་འགས་བཀའ་བབས་བཞིན། དུས་རབས་ཉི་ཤུ་བའི་དཀྱིལ་ཡན་དུ་འཁྲུངས་པའི་བོད་ཡུལ་གྲུབ་མཐའ་སོ་སོའི་སྐྱེས་ཆེན་དག་གིས་མཛད་པའི་གླིང་གེ་སར་རྒྱལ་བློན་གྱི་བསྟོད་སྒྲུབ་མཆོད་གསོལ་གྱི་སྐོར་འཚོལ་བསྡུད་ཀྱི་ལས་ཀར་ཞུགས་ཏེ། ད་ལྟ<<གླིང་རྗེ་གེ་སར་སྐྱེས་བུའི་མཆོད་སྒྲུབ་ཕྱོགས་བསྡུས་བྱིན་རླབས་གཏེར་མཛོད།>>ཅེས་པའི་ཁག་དང་པོ་དེབ་ཕྲེང་བཅུའི་བདག་ཉིད་ཅན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་ཟིན་པ་དང་། ཁག་རྗེས་མ་ཡང་འཚོལ་སྒྲིག་གི་ཕྱག་ལས་ལ་བརྩོན་བཞིན་དང་། དེ་བཞིན་དུ་དཔལ་འབྱོར་དང་རང་གི་བདེ་ཐང་སོགས་ཀྱི་དཀའ་ངལ་གང་ལ་ཡང་མ་འཛེམས་པར།བོད་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་དུ་བཞུགས་པའི་དུས་རབས་ཉི་ཤུའི་དཀྱིལ་ཡན་གྱི་སྒྲུང་རྙིང་ལག་བྲིས་མ་དཔེ་དཀོན་དང་ཤིང་པར་མའི་དཔེ་སྣ་བརྒྱ་ཕྲག་ལྷག་འཚོལ་བསྡུ་མཛད་དེ། ཁོང་གིས་སྒེར་གཉེར<<ཨ་དཀར་འཕྲུལ་མཛོད>>དུ་ཉར་ཚགས་དོ་དམ་བྱས་ཤིང་།དེའི་ཁྲོད་ནས་མཁོ་སྤྲོད་གནང་མཁན་དག་གིས་སྤྱི་ཚོགས་ལ་འགྲེམ་སྤེལ་ཆོག་དཔང་ཐོབ་རིགས་ཀྱི་དཔེ་སྣ་མི་ཉུང་བ་ཞིག་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་བསྒྲིགས་ཁང་ལ་མཁོ་སྤྲོད་བྱས་ཏེ།<<གླིང་གེ་སར་གྱི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བཞེས་པའི་ཁག་སྔོན་མ་སྒྲུང་སྣ་དྲུག་ཅུ་རེ་བདུན་ཡས་མས་ཤིག་པོད་གྲངས་ལྔ་བཅུ་ང་བདུན་གྱི་བདག་ཉིད་ཅན་བོད་ཡུལ་གྱི་དཔེ་མཛོད་ཁང་དང་ཞིབ་འཇུག་པ་དག་ལ་དཔྱད་གཞིའི་རྒྱུ་ཆར་པར་བསྐྲུན་བྱས་པར་མ་ཟད།ཕྱོགས་སོ་སོའི་རྒྱ་ཆེའི་དོན་གཉེར་བ་རྣམས་ཀྱིས་དགའ་བསུ་དཔེ་མེད་ཐོབ།པོད་ཕྲེང་ཁག་རྗེས་མ་ཡང་མུ་མཐུད་དུ་རྒྱུན་སྐྱོང་འདུན་ལ་སི་ཁྲོད་བོད་ཡིག་དཔེ་རྙིང་བསྡུ་བསྒྲིགས་ཁང་སོགས་ཀྱིས་བསྟོད་བསྔགས་གཞེན་སྐུལ་བཅས་གཟི་བརྗིད་དཔང་ཡིག་བསྩལ་བ་ནང་བཞིན།ཁོང་གིས་ད་དུང་མུ་མཐུད་དུ།རྨ་ཡུལ་དར་ཁོག་གི་སྐུ་མཁར་སེང་འབྲུག་སྟག་རྩེའི་གེ་སར་རྣམ་ཐར་ཟློས་གར་ཚོགས་པའི་བློ་འདོན་པ་གཞོན་པ་དང་།མགོ་ལོག་གེ་སར་སྒྲུང་བའི་གཞིས་ཁྱིམ་ཟི་ལིང་ཡན་ལག་ས་ཚིགས་ཀྱི་ལས་སྒྲུབ་བློ་འདོན་པ།མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་ཁོངས་མི་སོགས་ཀྱི་ཞོར་དུ་གླིང་གེ་སར་སྐོར་གྱི་དཔེ་རྙིང་འཚོལ་སྒྲིག་བཀའ་བསྡུ་བ།དམ་པ་མང་པོའི་གླིང་འབྲེལ་གསུང་ཆོས་དུ་མའི་ཆོས་བདག་ཞུ་སྐུལ་པ་དང་།གནའ་ཤུལ་རྒྱུས་ཞིབ་སོགས་ལ་འབད་བརྩོན་ཧུར་ཐག་གིས་གནང་མུས་སུ་གདའ།མདོར་ན་ཁོང་ལ་མཚོན་ན་རང་ཉིད་ཀྱི་ཁེ་ཕན་ཙམ་གྱི་ཆེད་དུ་མ་ཡིན་པར་མི་ཚེའི་ཡོད་ཚད་གླིང་གེ་སར་རིག་གནས་ལ་བསྟིམ་བཞིན་པའི་ཆེད་ལས་པ་ཞིག་ཡིན་པ་ནི་རྒྱུས་ཡོད་ཀྱི་མི་སྣ་དབུ་ཁྲིད་རྣམས་དང་བརྡ་འཕྲིན་དུས་རབས་ཀྱིས་བདེན་དཔང་བྱེད་སྲིད་པས།ཁོང་གི་ལྷག་བསམ་རྣམ་དག་དང་ཁ་བཤད་དོན་གནས་འདིའི་བདེན་པས་གླིང་རྗེ་གེ་སར་སྐྱེས་བུའི་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག་གུ །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1