༄༅།།ཞྭ་བཤད་པདྨ་མཐོང་གྲོལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 06-24


ཞྭ་བཤད་ཀྱི་གླུ་འདི་བླངས་སོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   སྐྱབས་བླ་མ་ཡི་དམ་མཁའ་འགྲོ་ལ། །

   བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

   ཨེ་མ་རྒྱལ་མོ་སེམས་བཟང་མ། །

   ཡིད་མ་ཡེངས་ང་ཡི་གླུ་ལ་ཉོན། །

   སྔོན་སྲིད་པ་ཆགས་པའི་ཚུན་ཆད་ལ། །

   ཞྭ་འདི་འདྲ་གཏན་ནས་ཡོད་མ་མྱོང་། །

   གནམ་སྔོན་པོ་བླ་བྲེས་མན་ཆད་དང་། །

   ས་དོག་མོ་གདན་ཁྲ་ཡན་ཆད་ཀྱི། །

   རི་གང་གིས་ཞྭ་དཔེ་ཉན་བསམས་ནས། །

   ས་རི་ཀླུང་ཀུན་ལ་དཔེ་བཞག་ཚེ། །

   ཤར་གླིང་ལྷ་ཡི་དཀྱིལ་འཁོར་དེ། །

   གོར་གོར་ཟླ་བ་ཚེས་འདྲ་གདའ། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ལྷོ་འཛམ་བུའི་གླིང་གི་ས་ཆ་འདི། །

   སྔགས་པས་དམར་གཏོར་བཤམས་འདྲ་གདའ། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ནུབ་གླིང་འོ་མའི་འབྱུང་ཁུངས་དེ། །

   ཚེས་བརྒྱད་ཟླ་བ་ཤར་འདྲའི་དཔེ། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྱང་གླིང་ནོར་གྱི་གཞི་མ་དེ། །

   གྲུ་བཞི་ངོས་བཞི་ཤོ་འདྲ་དགའ། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   དབུས་ཀྱི་རི་རབ་ལྷུན་པོ་དེ། །

   ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ། །

   དེ་ཡང་ཞྭ་དཔེ་མི་ཉན་བསམ། །

   དེ་ནས་རྒྱ་གར་ཡུལ་ལ་སོང་། །

   རྒྱ་གར་སྤོས་རི་ངད་ལྡན་དེ། །

   སེངྒེ་གཡུ་རལ་རྒྱས་འདྲ་གདའ། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྱ་རྒོད་ཕུང་བོའི་རི་བོ་དེ། །

   འབྲས་དཀར་ཕྱུར་བུར་སྤུངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   དེ་ནས་རྒྱ་ནག་ཡུལ་ལ་སོང་། །

   རྒྱ་ནག་རི་བོ་རྩེ་ལྔ་དེ། །

   ལྷ་ལ་མཎྜལ་ཕུལ་འདྲ་གདའ། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   རྒྱ་ནག་གླང་ཆེན་འགྱིང་རི་དེ། །

   གླང་ཆེན་ཐང་ལ་འགྱིང་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   རྒྱ་རི་བསམ་པའི་དོན་འགྲུབ་དེ། །

   ནོར་བུ་སྤང་ལ་བཞག་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   རྒྱ་ཡང་དགུ་འདུས་པའི་གསེར་ཟམ་དེ། །

   སྨན་བུ་མོས་ཐག་སྣེ་འཐེན་འདྲའི་ཟམ། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   དེ་ནས་སྐུ་རྒྱལ་བོད་ལ་སོང་། །

   སྟོད་ཀྱི་གངས་དཀར་ཏི་སེ་དེ། །

   ཤེལ་གྱི་མཆོད་རྟེན་བཞེངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   མ་ཕམ་གཡུ་ཡི་མཚོ་མོ་དེ། །

   གཡུ་ཡི་མཎྚལ་དྲལ་བཤམས་འདྲའི་མཚོ། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   དོང་ར་བོན་གྱི་གནས་ཆེན་དེ། །

   དར་དཀར་དགུང་ལ་ཕྱར་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྱང་སྟོད་ཇོ་བོ་གནམ་རི་དེ། །

   མི་ནག་པོ་སོ་ལ་བུད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྱང་གི་གཉན་ཆེན་ཐང་ལྷ་དེ། །

   ལྷ་ལ་ཕྱེ་མར་བཤམས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   སྟོད་ཁྲི་བཙན་རྒྱལ་གྱི་སྐུ་སྟོད་དེ། །

   གསེར་གཞོང་མར་ཁུས་བཀང་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཤང་བཟང་རྒྱལ་གྱི་དབུ་ཟུར་དེ། །

   དམར་གཏོར་ཁྲག་གིས་བྲན་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   འདན་སྐེད་ཨ་མྱེས་ཁྲི་རྒྱལ་དེ། །

   ཆང་རྫ་སྤང་ལ་བཞག་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཡག་ལ་རྒྱལ་གྱི་ཐོད་དཀར་དེ། །

   ལྷ་གཡག་གངས་ལ་འགྱིངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཡག་མ་རྒྱལ་གྱི་འབྲི་ཁྲིད་དེ། །

   འབྲི་ཟལ་མོས་བེའུ་ཁྲིད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ངང་པ་རྒྱལ་གྱི་ཀླུ་ཕྱུག་དེ། །

   ངང་བས་ངང་ཕྲུག་ཁྲིད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   སྟག་སྙིང་རྒྱལ་གྱི་ལྷ་བཙན་དེ། །

   དཀར་གཏོར་ལྷ་ལ་ཕུལ་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གད་པ་རྒྱལ་གྱི་སྟེང་དཀར་དེ། །

   མི་རྒོད་དགྲ་ལ་ཁྲོས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   སྦར་མོ་རྒྱལ་གྱི་ཕྱུག་རི་དེ། །

   རྨོག་དཀར་ཐང་ལ་བཞག་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   མྱུ་གུ་རྒྱལ་གྱི་རྩེ་རྣོན་དེ། །

   མདུང་སོ་གནམ་ལ་བསྟན་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྲག་བཙན་རྒྱལ་གྱི་ཕོ་ལྷ་དེ། །

   རྨོག་ལ་དར་འཕྲུ་བཙུགས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གྲོ་བོ་རྒྱལ་གྱི་རྫ་དཀར་དེ། །

   ཕོ་རྒྱུ་མེད་ཐུ་བ་བཟེད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྲེ་གུ་རྒྱལ་གྱི་ལེབ་ལེབ་དེ། །

   འཕྱི་བ་ཐང་ལ་བརྒྱུགས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གྲུམ་པ་རྒྱལ་གྱི་སུག་སུག་དེ། །

   གྲུམ་པ་ཁུང་ལ་འཛུལ་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྲེ་གུ་རྒྱལ་གྱི་སྟག་ཆེན་དེ། །

   མདའ་ལ་དར་དམར་བཏགས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཞན་བསམས། །

   ནུབ་དམ་ཅན་ལྕགས་ཀྱི་བླ་རི་དེ། །

   ཁྲོ་ཡི་ཕུར་བ་བཙུགས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྱང་གི་ཟིལ་དཀར་ལྷ་ལུ་དེ། །

   འབྲོང་འབྲིས་བེའུ་ཁྲིད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གཞི་བདག་ཁ་རག་ལྕམ་མོ་དེ། །

   རི་མཐོ་དགུང་གི་སོ་པ་འདྲ། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཡར་སྟོད་ཡར་ལྷ་ཤམ་པོ་དེ། །

   མཁའ་འགྲོ་རིགས་ལྔ་མནན་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གཞི་བདག་རྐང་བཙུགས་དེ་མོ་དེ། །

   ཤ་ཡུ་མོས་ཕྲུ་གུ་ཁྲིད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བོན་རིང་གནས་ཀྱི་གང་བ་དེ། །

   མ་མཁའ་འགྲོ་ཚོགས་འཁོར་བཤམས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གནས་མཆོག་པདྨ་སྤུངས་པ་དེ། །

   ཐང་ལ་མེ་ཏོག་སྤུངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   མོན་གྱི་ཁ་ཤ་སྨྱུག་རི་དེ། །

   གཡི་དཀར་ཟུར་ནས་བལྟས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྱང་གི་བྱེ་མ་དཀར་ལུ་དེ། །

   ལུག་གཡང་དཀར་དུང་ཕྲེང་བསྟར་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཧོར་གྱི་ལྕོག་ལྷ་མཚལ་རྩེ་དེ། །

   བཙན་ལ་དམར་གཏོར་ཕུལ་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   སོག་གི་གཡག་ལ་སེར་བོ་དེ། །

   ཁལ་མ་ཕྱི་བལྟས་བྱས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཨག་གི་ཚ་ཁུར་མུ་ནེ་དེ། །

   ཁྱི་བདའ་ལི་ལང་ཚུགས་བྱེད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བོད་ཀྱི་སྤེན་ནེ་རི་བཀྲ་དེ། །

   ལོང་དཀར་དམར་ལ་ཁར་འཐེན་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   རྟ་ཤོད་བྱེ་མ་རི་བརྒྱད་དེ། །

   རྟ་སྒ་མས་སྒ་མ་ཁྲིད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ནག་ཤོད་ནགས་མ་ཛམ་བྷ་དེ། །

   ཕ་བླ་མས་དབང་བསྐུར་བྱེད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   རྒྱ་ཤོད་རྒྱལ་མོ་རི་ཕྱུག་དེ། །

   རྒྱལ་པོ་གདན་ལ་བཞུགས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཀིས་ཤོད་ར་མས་རེའུ་ཁྲིད་དེ། །

   ར་གྭ་མས་རེའུ་མཚེ་ཁྲིད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཤི་ཤོད་རྫ་རི་དམར་རྒྱས་དེ། །

   བན་དེས་ཆོས་གོས་བཀྲམ་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ལྕི་སྟོད་རིན་ཆེན་སྤུངས་འདྲ་དེ། །

   རི་ནག་སོག་པོ་ཁྲོས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ལྕི་སྐེད་བཙན་རྒོད་རི་དམར་དེ། །

   དཔའ་བོ་དགྲ་ལ་ཆས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ལྕི་སྨད་ར་ཚ་རྫོང་ནག་དེ། །

   མགར་བས་སོལ་བ་སྤུངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   བྱང་གླིང་ཇོ་བོ་རྗེ་རྒྱལ་དེ། །

   སྟག་ཤར་པས་ཁྲབ་དཀར་གྱོན་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ལྷོ་ཡི་རོང་ལྷ་རྒྱལ་མཚན་དེ། །

   མི་ཆེན་ཐང་ལ་འགྱིངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   རོང་བཙན་ཁ་བ་དཀར་པོ་དེ། །

   རྒྱལ་པོས་དར་ཐོད་བཅིངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཇོ་བོ་འོད་དེ་གུང་རྒྱལ་དེ། །

   ལྷ་བཤོས་མར་གྱིས་བརྒྱན་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གནས་ཆེན་སྒམ་པོ་དཔའ་རི་དེ། །

   ལྷ་ཕྲན་གར་རྩེ་བྱེད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   མགར་གྱི་རྡོ་རྗེ་བཙན་བྲག་དེ། །

   དཔའ་བོ་དགྲ་ལ་ཁྲོས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   སྒ་ཡི་སྒྱོགས་ཆེན་གདོང་ར་དེ། །

   ཁ་ཊྭཱཾག་རྩེ་གསུམ་བཙུགས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   མངར་གྱི་སེ་བོ་ཐོད་དམར་དེ། །

   དར་དམར་ཐོད་ལ་བཅིངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཤར་གྱི་སྒམ་བུ་རི་རྒྱལ་དེ། །

   དར་གྱི་རུ་མཚོན་གཡབ་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གནམ་གྱི་ཁུ་སྐྱོང་རྒོད་མགོ་དེ། །

   གསེར་ཟོ་གནམ་དུ་གཏད་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   རོང་གི་རྡོ་རྗེ་དྲིལ་དཀར་དེ། །

   རྒོད་ཐང་དཀར་གཤོག་པ་བརྐྱངས་འདའི་རི། །

   དེ་ལ་ཞྭ་དཔེ་མི་ཞན་བསམས། །

   རོང་གི་རྡོ་རྗེ་དྲིལ་དཀར་དེ། །

   རྒོད་ཐང་དཀར་གཤོག་པ་བརྐྱངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   མོན་གྱི་ཇ་ཁུར་སེ་བོ་དེ། །

   སྟག་ཤར་པས་གཡུ་ཐུལ་གྱོན་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གཙང་རྒྱལ་ཇོ་བོ་དགེ་ཁྲོམ་དེ། །

   ལུག་ལ་དར་དཀར་བཏགས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   སྒ་ཟི་ཉི་མ་རྫ་རི་དེ། །

   རྒོད་ཕྲུག་དཔུང་པ་བརྐྱངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   འབྲུ་ཡི་ལིང་ལ་ཆོས་གོས་དེ། །

   བན་ཆོས་པས་ཡི་གེ་ཀློག་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   རྒྱལ་རོང་དམག་ལྷ་ཁྲོ་བཙན་དེ། །

   དྲེད་མོང་རལ་ཁ་གསིག་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཤར་གྱི་རྨ་རྒྱལ་སྤོམ་ར་དེ། །

   གངས་ལ་སེངྒེ་འགྱིངས་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   རྨ་ཡི་བློན་པོ་བོལ་རྒྱལ་དེ། །

   རྒད་པོས་འབྲོང་ཐུལ་གྱོན་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   ཤར་གྱི་གཡག་ར་ལྷ་རྩེ་དེ། །

   མཁར་ལ་རྒྱ་ཕིབས་བཀལ་འདྲའི་རི། །

   དེ་ལ་ཞྭ་དཔེ་མི་ཉན་བསམས། །

   གེར་མཚོའི་རི་དམར་དབང་ཞུ་དེ། །

   ཕ་བླ་མས་པད་ཞྭ་མནབས་འདྲ་ལ། །

   པད་ཞྭ་དར་གྱིས་བརྒྱན་འདྲའི་རི། །

   དེ་ལ་ཞྭ་དཔེ་འཇོག་དགོས་བསམས། །

   དེ་ལ་གཡས་བསྐོར་ལན་གསུམ་བྱས། །

   དེ་ལ་ཆག་ཚད་ལེན་པར་བྱས། །

   བཟོ་བོ་བཞི་པོས་ཡིད་ལ་བཞག །

   ད་རུང་བཟོ་ལ་གླིང་ཆ་བྱས། །

   བཟོ་བོ་ཁོ་རང་རིག་པས་དཔྱད། །

   ཞྭ་བདག་ང་རང་ཁ་བཀོད་བྱས། །

   ཉི་ཤུ་དགུ་ལ་བཟོ་ཆ་དྲས། །

   སྟེང་ལ་རས་དང་ཕྱི་པ་སྦྱར། །

   ཡར་ཚེས་གཅིག་ལ་བཟོ་བོས་བཙེམས། །

   ཚེས་པ་གསུམ་ལ་བྱ་སྒྲོས་བརྒྱན། །

   ཚེས་པ་བཅུ་ལ་ཞྭ་དར་བཏགས། །

   བཅོ་ལྔ་ཨ་འཛོམ་མགོ་ལ་གྱོན། །

   ཞྭ་སྟོན་ཉི་མ་བཅུ་གསུམ་བྱས། །

   ས་བཅུ་གསུམ་ནོན་པའི་རྟེན་འབྲེལ་འགྲིགས། །

   དེ་ནས་ཧོར་གྱི་རྒྱལ་བློན་རྣམས། །

   ཞྭ་ངོས་གྲུ་བཞིར་འོང་ལེ་འདི། །

   ཚེ་དང་བསོད་ནམས་རྒྱས་པའི་རྟགས། །

   ཞྭ་ཟུར་ཟུར་གསུམ་འོང་ལེ་འདི། །

   འདྲེ་སྲིན་དྲག་པོ་འདུལ་བའི་རྟགས། །

   ཞྭ་འདི་རི་རབ་ལྷུན་པོར་དཔེ། །

   ངོས་བཞི་གླིང་ཆེན་བཞི་ལ་དཔེ། །

   ཟུར་བཞི་གླིང་ཕྲན་བརྒྱད་ལ་དཔེ། །

   བྱ་སྒྲོ་རྣམ་རྒྱལ་ཁང་བཟང་དཔེ། །

   རས་བསྐོར་མཐའ་ཡི་རྒྱ་མཚོ་དཔེ། །

   ཞྭ་འདིའི་དཔེ་འཇོག་དེ་འདྲ་ཡིན། །

   དེ་ནས་ཧོར་གྱི་རྒྱལ་བློན་རྣམས། །

   ཞྭ་ལ་སྒང་བཞི་ཡོད་པ་དེ། །

   རྔུལ་ཟླ་ཟལ་མོའི་སྒང་དང་གཅིག །

   སྤོ་འབོར་སྒང་གི་སྒང་གཉིས་དང་། །

   རྨ་རྫ་ཟལ་མོའི་སྒང་དང་གསུམ། །

   ཨ་སྐྱིད་ལྷོ་མོན་སྒང་དང་བཞི། །

   ཨ་འཛོམ་ཞྭ་ཡི་སྒང་བཞི་ཡིན། །

   ཞྭ་ལ་ལོགས་བཞི་ཡོད་པ་དེ། །

   མི་ཕམ་རོལ་པའི་མཚོ་བཞི་ཡིན། །

   ཤར་གྱི་ཁྲིམས་མཚོ་ཕྱུག་མོ་གཅིག །

   ལྷོ་ཡི་ཆོས་མཚོ་ཕྱུག་མོ་གཉིས། །

   ནུབ་ཀྱི་གཡུ་མཚོ་ཕྱུག་མོ་གསུམ། །

   བྱང་གི་གནམ་མཚོ་ཕྱུག་མོ་བཞི། །

   ཨ་འཛོམ་ཞྭ་ཡི་མཚོ་བཞི་ཡིན། །

   ཞྭ་གཡས་གཡོན་རྣ་འདབས་སྦྱར་བ་འདི། །

   སྨར་ཁམས་སྒང་དང་ཚ་བ་སྒང་། །

   ཆུ་བཞི་སྒང་དྲུག་ཆགས་ཚུལ་ཡིན། །

   ཞྭ་ལ་བྱ་ཁྱུང་བརྒྱན་པ་འདི། །

   ཁམས་གསུམ་དབང་དུ་སྡུད་པའི་རྟགས། །

   ཁྱུང་ལ་གཤོག་དྲུག་རྒྱས་པ་འདི། །

   སྲིད་གསུམ་ཟིལ་གྱིས་གནོན་པའི་རྟགས། །

   ཞྭ་ལ་མེ་ལོང་བཏགས་པ་འདི། །

   མངོན་ཤེས་ཐོགས་པ་མེད་པའི་རྟགས། །

   རྩེ་ལ་བྱ་སྒྲོས་བརྒྱན་པ་དེ། །

   ཕ་བླ་མ་འབྲལ་བ་མེད་པའི་རྟགས། །

   དེ་ལ་དར་ཤམ་བཏགས་པ་དེ། །

   བྱིན་རླབས་སྤྲིན་ཕུང་འཁྲིགས་པའི་རྟགས། །

   ཞྭ་ལ་རྡོ་རྗེས་བརྒྱན་པ་འདི། །

   ཡི་དམ་ལུས་ལ་ཤར་བའི་རྟགས། །

   དེ་ལ་མགྲོན་ཚོམ་བརྒྱན་པ་འདི། །

   དངོས་གྲུབ་ཟད་པ་མེད་པའི་རྟགས། །

   ཞྭ་ལ་དུང་ལོང་བརྒྱན་པ་འདི། །

   མཁའ་འགྲོ་རང་ལ་འཁོར་བའི་རྟགས། །

   དེ་ལ་རྩ་ཐོག་བརྒྱན་པ་འདི། །

   རྩ་ཁམས་མཁའ་འགྲོས་བཀང་བའི་རྟགས། །

   ལྕགས་ནག་ཟུར་གསུམ་བརྒྱན་པ་འདི། །

   ཆོས་སྐྱོང་ལས་ལ་རྦད་པའི་རྟགས། །

   དེ་ལ་ཐོག་གིས་བརྒྱན་པ་འདི། །

   རྣོ་མྱུར་ཐོག་དང་འདྲ་བའི་རྟགས། །

   ཞྭ་ལ་ཕུར་བས་བརྒྱན་པ་འདི། །

   མཐུ་རྩལ་ཐོགས་པ་མེད་པའི་རྟགས། །

   ཁྲབ་བྱང་མིག་དགུས་བརྒྱན་པ་འདི། །

   དགྲ་ལྷ་མཐུ་རྩལ་ཆེ་བའི་རྟགས། །

   དེ་ལ་མགྲོན་བུ་བཏགས་པ་འདི། །

   ཝེར་མའི་མགོན་སྐྱབས་ཆེ་བའི་རྟགས། །

   གཡས་ལ་ལྕགས་མདས་བརྒྱན་པ་འདི། །

   སྐུ་སྲོག་བྲག་ལས་སྲ་བའི་རྟགས། །

   གཡོན་ལ་ལྕགས་གཞུས་བརྒྱན་པ་འདི། །

   ཚེ་རིང་ཐུང་འདོམ་ལ་འཇལ་བའི་རྟགས། །

   གཞུ་རྒྱུད་ལྕགས་རྒྱུད་བསྒྲིལ་བ་འདི། །

   དགྲ་མ་ཐུབ་ཀླད་ནས་འགུགས་པའི་རྟགས། །

   ཞྭ་ལ་མེ་ཏོག་བརྒྱན་པ་འདི། །

   སྐྱེ་འཆི་རང་དབང་ཐོབ་པའི་རྟགས། །

   ཉི་མ་ཟླ་བས་བརྒྱན་པ་འདི། །

   མ་རིག་མུན་པ་སེལ་བའི་རྟགས། །

   དེ་ལ་ནོར་བུས་བརྒྱན་པ་འདི། །

   འདོད་དགུའི་ཆར་བ་འབབ་པའི་རྟགས། །

   མེ་ཏོག་པདྨས་བརྒྱན་པ་འདི། །

   འཁོར་བར་ཞེན་ཆགས་སྤོང་བའི་རྟགས། །

   ཞྭ་ལ་ཟངས་ཁབ་འཛེར་བ་འདི། །

   ཕོ་ལྷས་རྟག་ཏུ་སྲུང་བའི་རྟགས། །

   དར་མཚོན་སྣ་ལྔས་བརྒྱན་པ་འདི། །

   སྐུ་ལྔ་ལྷུན་གྱིས་གྲུབ་པའི་རྟགས། །

   ཞྭ་ལ་སྦ་ཐོག་བརྒྱན་པ་འདི། །

   རང་རིག་སྦ་ལས་དྲང་བའི་རྟགས། །

   རིན་ཆེན་སྣ་ལྔས་བརྒྱན་པ་འདི། །

   སྐུ་ལྔ་འདུ་འབྲལ་མེད་པའི་རྟགས། །

   ཨ་དཀར་འབྲུ་དྲུག་བརྒྱན་པ་འདི། །

   འགྲོ་དྲུག་ཐར་ལམ་འདྲེན་པའི་རྟགས། །

   གཡས་ན་དུང་གིས་བརྒྱན་པ་འདི། །

   ཞལ་ལུ་དུང་ལས་དཀར་བའི་རྟགས། །

   མུ་མེན་ཏོག་པོས་བརྒྱན་པ་འདི། །

   ཕོ་རྒྱུད་མཐིང་ལས་བཀྲ་བའི་རྟགས། །

   དུང་མིག་བྱུ་རུས་བརྒྱན་པ་འདི། །

   དགྲ་མིག་ཁྲག་གིས་གཅར་བའི་རྟགས། །

   གཡོན་ན་ཤེལ་གྱིས་བརྒྱན་པ་ནི། །

   མོ་རྒྱུད་ཤེལ་ལས་གསལ་བའི་རྟགས། །

   གཡུ་ཆུང་དྲུག་དཀར་བརྒྱན་པ་འདི། །

   མི་རྒྱུད་གཡུ་ལས་བཟང་བའི་རྟགས། །

   དཀར་པོ་ཚོན་སྐུད་བཀྲག་པ་འདི། །

   སྡེ་བུ་དྲུག་ཆགས་ཚུལ་ཤེས་པའི་རྟགས། །

   ཞྭ་སྐེད་ཁ་ཞེང་ཆེ་བ་དེ། །

   སྐྱིད་ཀྱི་ཁ་ཞེང་ཆེ་བའི་རྟགས། །

   ཞྭ་སྐེད་འདི་ནས་དགྱེ་བ་ནི། །

   འཁོར་བར་ཞེན་པ་ལོག་པའི་རྟགས། །

   ཞྭ་རྩེ་ཐུར་ལ་གུག་པ་ནི། །

   གཉོམ་ཆུང་ཐབས་ཀྱིས་སྐྱོང་བའི་རྟགས། །

   ཞྭ་སྒྲོ་མདུན་ལ་སྤུངས་པ་ནི། །

   མདུན་ལམ་འོད་ཟེར་འཕྲོ་བའི་རྟགས། །

   ཞྭ་རྩེ་གྱེན་ལ་འགྲེང་བ་ནི། །

   དབུ་འཕང་དགུང་ལས་མཐོ་བའི་རྟགས། །

   ཞྭ་འདབས་ཐུར་ལ་ཞོམ་པ་འདི། །

   ངན་སོང་སྐྱེ་སྒོ་གཅོད་པའི་རྟགས། །

   ཞྭ་འདབས་རས་ཀྱིས་བསྐོར་བ་འདི། །

   བསྟན་པ་ལྕགས་རིས་བསྐོར་བའི་རྟགས། །

   སྐུད་པ་དཀར་ནག་བསྒྲིམས་པ་འདི། །

   དགེ་སྡིག་རྒྱུ་འབྲས་འབྱེད་པའི་རྟགས། །

   ཞྭ་ཟུར་རས་ཀྱིས་བཏུམས་པ་འདི། །

   དགྲ་མགོ་རེ་བས་བཏུམས་པའི་རྟགས། །

   ཕྱི་དཀར་བ་མ་ཡིན་སྐྱ་བ་ཡིན། །

   དགྲ་སྡེ་ཡི་མུག་སྐྱེ་བའི་རྟགས། །

   ནང་ནག་པོ་མ་ཡིན་སྣུམ་པ་ཡིན། །

   རང་སྡེ་ཡིད་སྨོན་སྣུམ་པའི་རྟགས། །

   ཞྭ་ལུང་དུང་གིས་བརྒྱན་པ་འདི། །

   མི་ཚེ་དགེ་ལ་སྐྱེལ་བའི་རྟགས། །

   ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ། །

   ཐེག་པ་རིམ་དགུ་རྫོགས་པའི་རྟགས། །

   རྩེ་ལ་རྒོད་སྒྲོ་བཙུགས་པ་ནི། །

   ལྟ་བས་ནམ་འཕང་གཅོད་པའི་རྟགས། །

   འུག་པའི་སྒྲོ་གཅིག་སྒྲོན་པ་ནི། །

   སྒོམ་པས་བཙན་ས་ཟིན་པའི་རྟགས། །

   གླག་གི་སྒྲོ་གཅིག་སྒྲོན་པ་ནི། །

   སྤྱོད་པ་རྩལ་ཆེན་ཟིན་པའི་རྟགས། །

   རྨ་བྱའི་སྒྲོ་གཅིག་སྒྲོན་པ་ནི། །

   དུག་ལྔ་ཟས་སུ་ཟ་བའི་རྟགས། །

   ཆུ་བྱའི་སྒྲོ་གཅིག་སྒྲོན་པ་ནི། །

   འཁོར་བའི་འདམ་ནས་བརྒལ་བའི་རྟགས། །

   ཁུ་བྱུག་སྒྲོ་གཅིག་སྒྲོན་པ་ནི། །

   དགེ་སྡིག་དབྱེ་བ་འབྱེད་པའི་རྟགས། །

   ནེ་ཙོའི་སྒྲོ་གཅིག་སྒྲོན་པ་ནི། །

   འབྲས་བུ་སྐུ་གསུམ་ལོན་པའི་རྟགས། །

   རྒྱ་བྱའི་སྒྲོ་གཅིག་སྒྲོན་པ་ནི། །

   འགྲོ་དོན་ངོ་མཚར་བྱེད་པའི་རྟགས། །

   དེ་ཕོའི་སྒྲོ་གཅིག་སྒྲོན་པ་ནི། །

   ཐེག་ཆེན་ས་གཞི་ནོན་པའི་རྟགས། །

   ངང་པའི་སྒྲོ་གཅིག་སྒྲོན་པ་ནི། །

   བན་ཆོས་བོན་ལ་བཤད་པའི་རྟགས། །

   བྱ་ཝང་སྒྲོ་གཅིག་སྒྲོན་པ་ནི། །

   བོན་ཆོས་བན་ལ་བསྒྱུར་བའི་རྟགས། །

   གོང་མོའི་སྒྲོ་གཅིག་སྒྲོན་པ་ནི། །

   མཁའ་འགྲོ་ཞིང་ཁམས་འགྲོ་བའི་རྟགས། །

   ཁྲུང་ཁྲུང་སྒྲོ་གཅིག་སྒྲོན་པ་ནི། །

   སྡུག་བསྔལ་མཚོ་ལས་བརྒལ་བའི་རྟགས། །

   ཕུག་རོན་སྒྲོ་གཅིག་སྒྲོན་པ་ནི། །

   གྲུབ་མཐའ་ཕྱོགས་རིས་མེད་པའི་རྟགས། །

   བྱ་རོག་སྒྲོ་གཅིག་སྒྲོན་པ་ནི། །

   ཆོས་ཉིད་འགྱུར་བ་མེད་པའི་རྟགས། །

   ཁྲ་ཡི་སྒྲོ་གཅིག་སྒྲོན་པ་ནི། །

   འགྲོ་འདུལ་ནུས་པ་ཆེ་བའི་རྟགས། །

   བྱ་སྒྲོ་སྣ་ཚོགས་བརྒྱན་པ་འདི། །

   ཆོས་ཉིད་མ་བུ་འདྲེས་པའི་རྟགས། །

   ང་འཛོམ་པའི་མགོ་ལ་གྱོན་པ་འདི། །

   ས་བཅུ་ཟིལ་གྱིས་གནོན་པའི་རྟགས། །

   གླིང་བཞི་དཔེ་ལ་བཞག་པ་འདི། །

   འགྲོ་དོན་ཁྱབ་རྒྱ་ཆེ་བའི་རྟགས། །

   དེ་ནས་རྒྱལ་བློན་ཞལ་དྲོ་རྣམས། །

   ཞྭ་འདི་ལ་ཆགས་ཚུལ་འདི་འདྲ་ཡོད། །

   ཞྭ་སོར་ལ་འཇལ་ན་སོར་གང་ཡོད། །

   ཞྭ་ལ་སོར་གང་མི་སྲིད་དེ། །

   ཞྭ་ཟུར་འདི་ལ་སོར་གང་ཡོད། །

   གཉེན་སོར་གང་མན་ལ་ཅི་གཏོང་རྟགས། །

   ཚོན་ལ་འཇལ་ན་ཚོད་གང་ཡོད། །

   ཞྭ་ལ་མཚོན་གང་མི་སྲིད་དེ། །

   ཞྭ་རྩེ་འདི་ལ་ཚོན་གང་ཡོད། །

   དགྲ་ཚོན་གང་ཡན་ལ་མི་གཏོང་རྟགས། །

   མཛུབ་ལ་འཇལ་ན་མཛུབ་གང་ཡོད། །

   ཞྭ་ལ་མཛུབ་གང་མི་སྲིད་དེ། །

   ཞྭ་གདོང་འདི་ལ་མཛུབ་གང་ཡོད། །

   གདམས་ངག་མཛུབ་ཁྲིད་ཤེས་པའི་རྟགས། །

   མཐོ་ལ་འཇལ་ན་མཐོ་གང་ཡོད། །

   ཞྭ་ལ་མཐོ་གང་མི་སྲིད་དེ། །

   ལེབ་ཞེང་དེ་ལ་མཐོ་གང་ཡོད། །

   ལྷ་གོང་མའི་ངོ་སོ་མཐོ་བའི་རྟགས། །

   རྐང་ལ་འཇལ་ན་རྐང་གང་ཡོད། །

   ཞྭ་ལ་རྐང་གང་མི་སྲིད་དེ། །

   ཞྭ་གཟུགས་འདི་ལ་རྐང་གང་ཡོད། །

   རྐང་གཉིས་ཆོས་ལ་འགྱུར་བའི་རྟགས། །

   ཁྲུ་ལ་འཇལ་ན་ཁྲུ་གང་ཡོད། །

   ཞྭ་ལ་ཁྲུ་གང་མི་སྲིད་དེ། །

   ཞྭ་ཟུར་འདི་ལ་ཁྲུ་གང་ཡོད། །

   གྲུབ་པས་གྲུབ་རྟགས་བཞག་པའི་རྟགས། །

   འདོམ་ལ་འཇལ་ན་འདོམ་གང་ཡོད། །

   ཞྭ་ལ་འདོམ་གང་མི་སྲིད་དེ།།

   ཞྭ་ལུང་དེ་ལ་འདོམ་གང་ཡོད། །

   ཚེ་ལ་རང་དབང་ཐོབ་པའི་རྟགས། །

   པང་ལ་བཞག་ན་པང་གང་ཡོད། །

   ཞྭ་ལ་པང་གང་མི་སྲིད་དེ།།

   ཞྭ་འདབས་འདི་ལ་པང་གང་ཡོད། །

   མི་དགེ་སྡིག་པ་སྤོང་བའི་རྟགས།།

   ཕྲག་ལ་འཇལ་ན་ཕྲག་གང་ཡོད། །

   ཞྭ་ལ་ཕྲག་གང་མི་སྲིད་དེ། །

   ལེབ་ལ་བཞག་ན་ཕྲག་གང་ཡོད། །

   དགེ་བ་དང་དུ་བླངས་པའི་རྟགས། །

   དེ་ནས་རྒྱལ་བློན་ཞལ་གྲོ་རྣམས། །

   ཞྭ་འདི་མི་འདྲ་གཅིག་ཀྱང་མེད། །

   ཞྭ་རྩེ་སྒྲོ་ཡིས་བརྒྱན་པ་འདི། །

   གངས་ཏི་སེ་ཤེལ་གྱིས་བསྐོར་བ་འདྲ། །

   ཞྭ་ལ་ཟུར་བཞི་བཏོད་པ་འདི། །

   འབབ་པའི་ཆུ་བོ་བཞི་དང་འདྲ། །

   སིནྡྷུ་སེངྒེའི་ཁ་ནས་འབབ། །

   ཤར་གྱི་ཟུར་འདི་དེ་དང་འདྲ། །

   གང་གཱ་གླང་ཆེན་ཁ་ནས་འབབ། །

   ལྷོ་ཡི་ཟུར་འདི་དེ་དང་འདྲ། །

   པཀྵུརྟ་མཆོག་ཁ་ནས་འབབ། །   ནུབ་ཀྱི་ཟུར་འདི་དེ་དང་འདྲ། །

   སཱི་ཏཱ་རྨ་བུའི་ཁ་ནས་འབབ། །

   བྱང་གི་ཟུར་འདི་དེ་དང་འདྲ། །

   ཞྭ་ཟུར་རས་ཀྱིས་བཏུམས་པ་འདི། །

   ཡ་རྩེ་གཡའ་མས་བསྐོར་བ་འདྲ། །

   ཞྭ་འདབས་རས་ཀྱིས་བསྐོར་བ་འདི། །

   མཚོ་གླིང་ཆབ་ཀྱིས་བསྐོར་བ་འདྲ། །

   སྟོད་མངའ་རིས་སྐོར་གསུམ་ཆགས་ཚུལ་ཡིན། །

   ཞྭ་ལ་ལེབ་བཞི་བཏོད་པ་འདི། །

   ལེབ་གཉིས་གཡས་རུ་གཡོན་རུ་གཉིས། །

   ལེབ་གཉིས་དབུ་རུ་གཡོ་རུ་གཉིས། །

   བར་དབུས་གཙང་རུ་བཞིའི་ཆགས་ཚུལ་ཡིན། །

   གཡས་ལ་པདྨ་བཏགས་པ་འདི། །

   མོན་ཁ་བཀྲ་རྡོ་ཡི་རྣ་ཚར་འདྲ། །

   གཡོན་ན་པདྨ་བཏགས་པ་འདི། །

   སོག་པོ་བྱང་གི་རྣ་ཚར་འདྲ། །

   ཟུར་བཞི་རྣ་གཉིས་བྱས་ལེ་འདི། །

   སྒང་ཆེན་བཞི་དང་སྒང་ཆུང་གཉིས། །

   སྨད་མདོ་ཁམས་སྒང་དྲུག་ཆགས་ཚུལ་ཡིན། །

   ཕྲག་པ་གཡས་ལ་བཞག་པའི་དུས། །

   ཤེལ་གྱི་མཆོད་རྟེན་ཁུར་བ་འདྲ། །

   ཕྲག་པ་གཡོན་ལ་བཞག་པའི་དུས། །

   བན་དེས་གསེར་སྐུ་ཁུར་བ་འདྲ། །

   ཕྲག་པ་གཡས་ལ་བཀལ་བའི་དུས། །

   དགེ་སློང་ཆོས་གོས་ཁུར་བ་འདྲ། །

   ཕྲག་པ་གཡོན་ལ་བཀལ་བའི་དུས། །

   ལག་དོས་ཇ་སྒམ་ཁུར་བ་འདྲ། །

   ཞྭ་འདི་རྒྱབ་ལ་ཁུར་བའི་དུས། །

   བན་ཆོས་པས་ལྷུང་བཟེད་ཁུར་བ་འདྲ། །

   གྲུ་མོ་བཀུག་ནས་ཁུར་བའི་དུས། །

   སྨན་མཛངས་མས་བུ་གཅེས་པང་བ་འདྲ། །

   ཞྭ་ལ་མེ་ལོང་བཏགས་པ་འདི། །

   རྒྱལ་པོས་མེ་ལོང་བཏགས་པ་འདྲ། །

   ལག་གཡས་ཀྱི་ནང་ལ་བཟུང་བའི་དུས། །

   ཕ་བླ་མས་བུམ་པ་བསྣམས་པ་འདྲ། །

   ལག་གཡས་པས་གྱེན་ལ་བཟེད་པའི་དུས། །

   ལྷ་ལ་གསེར་སྐྱེམས་ཕུལ་བ་འདྲ། །

   ལག་གཡོན་པའི་ནང་ལ་བཟུང་བའི་དུས། །

   སྒོམ་པས་དམར་གཏོར་བཟུང་བ་འདྲ། །

   གཡོན་པས་གྱེན་ལ་བཟེད་པའི་དུས། །

   དཔོན་ཆེན་པོས་དཀར་ཡོལ་བཟུང་བ་འདྲ། །

   གྱེན་ལ་གཟེང་ནས་གཡུགས་པའི་དུས། །

   བོན་པོས་སིལ་སྙན་དཀྲོལ་བ་འདྲ། །

   གཡོན་པས་རྩེ་ནས་བཟུང་བའི་དུས། །

   བན་དེས་དྲིལ་བུ་དཀྲོལ་བ་འདྲ། །

   གཡས་པས་ཐུར་ལ་བཟུང་བའི་དུས། །

   སྔགས་པས་ཕུར་བུ་བཟུང་བ་འདྲ། །

   གཡས་པས་འཕྲེད་ལ་བཟུང་བའི་དུས། །

   མཁའ་འགྲོས་ཊ་རུ་དཀྲོལ་བ་འདྲ། །

   ཞྭ་འདིའི་ལྟེབ་ཆག་འབྱེད་པའི་དུས། །

   རྒྱལ་པོས་དེབ་ཡིག་ཀློག་པ་འདྲ། །

   བྱ་སྒྲོ་གཡས་གཡོན་སྟོན་པའི་དུས། །

   ཨ་མཆོད་དཔེ་ཆ་ཀློག་པ་འདྲ། །

   མཆན་ཁུང་གཡས་ལ་བཏགས་པའི་ཚེ། །

   སྟག་དོང་རི་མོ་བཀྲ་བ་འདྲ། །

   མཆན་ཁུང་གཡོན་དུ་བཏགས་པའི་ཚེ། །

   གཟིག་ཤུབས་ཐིག་ལེ་མཚར་བ་འདྲ། །

   རྐེད་པ་གཡོན་ལ་བཏགས་པའི་ཚེ། །

   ཧོར་འདྲས་ཕོར་ཁུག་བཏགས་པ་འདྲ། །

   ཞྭ་འདི་སྐེད་ལ་བཅང་བའི་དུས། །

   ལྷ་རྗེས་སྨན་ཁུག་བཅང་ས་འདྲ། །

   ལག་པ་གཉིས་ཀྱིས་བཟུང་བའི་དུས། །

   ལྷ་ལ་ཞལ་ཟས་ཕུལ་བ་འདྲ། །

   ཞྭ་འདི་ཐང་ལ་བསྒྲིལ་བའི་དུས། །

   སྔགས་པ་གཏོར་མཆོད་བཅའ་བ་འདྲ། །

   ཞྭ་རྩེ་ས་ལ་བསྙལ་བའི་དུས། །

   མགར་བས་ཁོལ་མོ་འཐེན་པ་འདྲ། །

   ཞྭ་རྩེ་ལག་ན་སྔོག་པའི་དུས། །

   རྒན་པོས་རྩམ་ཁུག་སྔོག་པ་འདྲ། །

   ཞྭ་འདི་ཕྲག་པར་དཀྲུགས་པའི་དུས། །

   རྗེ་མོས་འོ་མ་དཀྲུགས་པ་འདྲ། །

   ཞྭ་འདི་ལག་པའི་བསྒྲིལ་བའི་དུས། །

   རྫི་བོས་མར་སྤུ་ལེན་པ་འདྲ། །

   ལག་པས་གྱེན་ལ་བྱུག་པའི་དུས། །

   བསང་མཁན་ཕྱེ་མར་བྱུག་པ་འདྲ། །

   ལག་པས་ཐུར་ལ་བྱུག་པའི་དུས། །

   ཚོགས་ལ་ཞལ་དཀར་བྱུག་པ་འདྲ། །

   ཞྭ་འདི་སྤང་ལ་བཞག་པའི་དུས། །

   རྒྱལ་པོ་གདན་ལ་བཞུགས་པ་འདྲ། །

   ཞྭ་འདི་ཐང་ལ་བཞག་པའི་དུས། །

   རྗེ་བླ་མས་གུར་དཀར་ཕབ་པ་འདྲ། །

   ཞྭ་འདི་མགོ་ལ་གྱོན་པའི་དུས། །

   ཤ་ཕོ་ཆེན་རྭ་བཅུ་རྒྱས་པ་འདྲ། །

   དེ་ནས་ཞྭ་འདི་ཕུད་པའི་དུས། །

   སྐྱ་ཁྲ་ཐང་ལ་འཇུམ་པ་འདྲ། །

   པདྨ་གཡས་གཡོན་སྤྲུགས་པའི་དུས། །

   རྟ་འདོ་བས་སྒ་སྤྲུགས་བྱས་པ་འདྲ། །

   རྣ་བ་ཐད་ཁ་བཤིབས་པའི་ཚེ། །

   དྲེལ་སྨུག་ཆུང་ཆུ་བོ་འཐུང་བ་འདྲ། །

   རྣ་བ་གཡས་གཡོན་བཤིབས་པའི་དུས། །

   སྤྱང་ཐོང་ལུག་ལ་འཇབ་པ་འདྲ། །

   རྣ་བ་ཕྱི་ལ་བསྙལ་བའི་དུས། །

   རི་བོང་ཐང་ལ་ཉལ་བ་འདྲ། །

   རྣ་བ་གཡས་གཡོན་བསྐྲབ་པའི་དུས། །

   འབྲོང་བྲེ་སེར་རུ་ཐུར་ངོམ་པ་འདྲ། །

   བྱ་སྒྲོ་སྔོན་ལ་བསྙིལ་བའི་དུས། །

   དྲེད་མོང་རལ་པ་བསིགས་པ་འདྲ། །

   བྱ་སྒྲོ་རྒྱབ་ལ་བསྒྲིལ་བའི་དུས། །

   སེངྒེས་གཡུ་རལ་བསིགས་པ་འདྲ། །

   བྱ་སྒྲོ་ཐད་ལ་སྤུར་བའི་དུས། །

   ལ་ཁར་ལབ་ཙེ་སྟོད་པ་འདྲ། །

   ཞྭ་འདི་འཕྲེད་ལ་ཕྱར་བའི་དུས། །

   ཐང་དཀར་ནམ་འཕང་གཅོད་པ་འདྲ། །

   ཞྭ་འདབས་ལག་པས་སྤྲུགས་པའི་དུས། །

   ཐང་སྨུག་སྒྲོ་བསིག་བྱས་པ་འདྲ། །

   ཞྭ་རྩེ་ས་ལ་བཙུགས་པའི་དུས། །

   གོང་མོ་ལྡུམ་རྩྭ་ཟ་བ་འདྲ། །

   ཞྭ་པུས་མོའི་སྟེང་ལ་བསྐོན་པའི་དུས། །

   བུ་ཆུང་པང་ལ་བསྙལ་བ་འདྲ། །

   ཞྭ་འདི་བང་ནས་བསྐོར་བའི་དུས། །

   ངང་བས་མཚོ་མཐའ་བསྐོར་བ་འདྲ། །

   པུས་མོའི་སྟེང་ན་སློང་བའི་དུས། །

   ཁྲུང་ཁྲུང་སོ་ལ་ཆས་པ་འདྲ། །

   གྲུ་མོ་གཡས་ལ་བརྟེན་པའི་དུས། །

   བུ་གཅིག་གཅེས་གཅེས་བྱས་པ་འདྲ། །

   གྲུ་མོ་གཡོན་ལ་བརྟེན་པའི་དུས། །

   འཕྱོར་པོས་སྒྲ་སྙན་བསྒྲགས་པ་འདྲ། །

   གྲུ་མོའི་ཁུག་ལ་སློང་བའི་དུས། །

   འཕྱོར་མོས་ཆང་སྐྱེམས་ཁུར་བུ་འདྲ། །

   ཞྭ་ལུང་ཕྲག་ལ་འཕངས་པའི་དུས། །

   མོ་མའི་ཇུ་ཐིག་མདུད་པ་འདྲ། །

   གཡས་པས་རྩེ་ནས་བཟུང་བའི་དུས། །

   ཚོང་དཔོན་ཇ་ཁུག་བཟུང་བ་འདྲ། །

   གཡོན་པའི་གྲུ་ཁུག་བཟུང་བའི་དུས། །

   ནེའུ་ལེས་ནོར་བུ་སྐྱུགས་པ་འདྲ། །

   ཞྭ་མི་འདྲ་ས་ནི་གཅིག་ཀྱང་མེད། །

   འདྲ་ཨེ་བསམ་ཧོར་གྱི་རྒྱལ་བློན་རྣམས། །

   ཞྭ་ལ་མ་ཚང་གཅིག་ཀྱང་མེད། །

   མདུན་ན་སྟོན་པ་གཙོ་འཁོར་ཡིན། །

   བན་ཆོས་པའི་ལྷ་སྐལ་འདི་ལ་ཚང་། །

   རྒྱབ་ནས་སློབ་དཔོན་གཙོ་འཁོར་ཡིན། །

   སྡེ་དབུ་ནག་ལྷ་སྐལ་འདི་ལ་ཚང་། །

   ཟུར་ནས་གཤེན་རབ་གཙོ་འཁོར་ཡིན། །

   བོན་སྲུང་ལྷ་སྐལ་འདི་ལ་ཡོད། །

   རྩེ་གསུམ་རིགས་གསུམ་མགོན་པོའི་ཚུལ། །

   སྐུ་གསུམ་སྟོན་པ་འདི་ལ་ཚང་། །

   སྒང་དྲུག་ཐུབ་པ་རིགས་དྲུག་ཡིན། །

   འགྲོ་དྲུག་ལྷ་སྐལ་འདི་ལ་ཚང་། །

   གཡས་བལྟས་སྒྲོལ་མ་དཀར་མོའི་ཚུལ། །

   ཚེ་ཡི་ལྷ་སྐལ་འདི་ལ་ཚང་། །

   གཡོན་བལྟས་སྒྲོལ་མ་སྔོན་མོའི་ཚུལ། །

   སྐྱོབ་པའི་ལྷ་སྐལ་འདི་ལ་ཚང་། །

   རྒྱན་ཆ་སྣ་ཚོགས་བཏགས་པ་འདི། །

   སྤྲུལ་སྐུ་དམ་པ་རིགས་བརྒྱའི་ཚུལ། །

   ཞི་ཁྲོའི་དཀྱིལ་འཁོར་འདི་ལ་ཚང་། །

   ལེབ་བཞི་རྒྱལ་ཆེན་སྡེ་བཞིའི་ཚུལ། །

   སྒོ་བཞིའི་སྲུང་མ་འདི་ལ་ཚང་། །

   རྩེ་ལྔ་རྒྱལ་བ་རིགས་ལྔའི་ཚུལ། །

   ལོངས་སྐུའི་ཞིང་ཁམས་འདི་ལ་ཚང་། །

   མ་ཚར་བ་ནི་གཅིག་ཀྱང་མེད། །

   ཐམས་ཅད་འཛོམ་ཞྭ་འདི་ལ་འདུས། །

   གཅིག་ཏུ་འདུས་པ་ཀུན་ཏུ་བཟང་། །

   ཆོས་སྐུའི་དགོངས་པ་འདི་ལ་ཚང་། །

   ཚང་ཨེ་བསམ་རྒྱལ་པོ་ཨོག་ཚོམ་ཅན། །

   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1