༄༅། །རྡོ་བརྐོས་རིག་གནས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-17


        མཚོ་བོད་ས་མཐོའི་རྡོ་བརྐོས་རིག་གནས་ཕུན་སུམ་ཚོགས་པས་དེར་ས་མཐོའི་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ཕྱོགས་ཚང་མ་མཚོན་བཞིན་ཡོད་ལ་ལོ་རྒྱུས་ཧ་ཅང་རིང་བ་མ་ཟད། ས་མཐོའི་ཕུ་མདའ་ཀུན་དང་རི་ཀླུང་ཡོངས་ལ་ཁྱབ་པས་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱིས་མཚོ་བོད་ས་མཐོ་ནི་གྱང་གིས་མ་བསྐོར་བའི་རྡོ་བརྐོས་རིག་གནས་ཀྱི་བཤམས་མཛོད་ཁང་ཞིག་ཡིན་ཞེས་ཤོད་ཀྱི་ཡོད་པ་ལྟར་བོད་ས་མཐོའི་ཡུལ་ལུང་གང་འདྲ་ཞིག་ཏུ་སྐྱོད་རུང་ཧ་ལམ་རྡོ་བརྐོས་རིག་གནས་ཀྱི་སྣང་ཚུལ་གྱིས་མ་ཁྱབ་པ་མེད་པས་ས་མཐོའི་སྐྱེ་བོ་རྣམས་ནི་རྡོ་བརྐོས་རིག་གནས་ཀྱི་བཤམས་མཛོད་ཁང་དུ་གནས་པ་དང་གཉིས་སུ་མེད། རྡོ་བརྐོས་རི་མོ་ནི་དང་ཐོག་མེས་པོ་ཚོའི་འཚོ་བའི་རྣམ་པ་མཚོན་ཚུལ་ཞིག་ཡིན་པའི་ནང་དོན་གཙོ་བོ་ནི་གནའ་བོའི་མི་ཚོའི་ཐོན་སྐྱེད་འཚོ་བ་སྟེ། དམག་འཐབ་བྱེད་པ་དང་། རྔོན་རྒྱག་པ། འདས་མཆོད་སྒྲུབ་པ། སྐྱ་སྤོ་བྱེད་པ་སོགས་ཀྱི་རྣམ་པ་ཞིབ་ཕྲ་བརྐོས་ཡོད་པ་དང་ཕྱིས་གཏིང་ཇི་ཟབ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས་རྡོ་བརྐོས་རིག་གནས་ནི་ས་མཐོའི་རིག་གནས་ཀྱི་འབྱུང་ཁུངས་ཆེན་པོ་ཞིག་དང་ཤེས་རིག་གི་མྱུ་གུ་འབུས་ས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

        བོད་ཀྱི་རྡོ་བརྐོས་རིག་གནས་ནི་གཙོ་བོ་བྲག་བརྐོས་རི་མོ་ནས་འགོ་ཚུགས་པ་ཞིག་ཡིན་པ་དང་བྲག་བརྐོས་རི་མོ་ནི་དུས་རབས20ཡི་ལོ་རབས40ཙམ་ལ་རིམ་པས་ཤེས་རྟོགས་བྱུང་བ་དང་དེ་དག་མང་ཆེ་བ་ནི་བོད་ཀྱི་ས་ཁོངས་སུ་རྟོག་ཞིབ་བྱེད་མཁན་ཕྱི་རྒྱལ་གྱི་མཁས་དབང་ཚོས་ཤེས་རྟོགས་བྱུང་བ་ཞིག་རེད། དཔེར་ན། དུས་རབས19པའི་དུས་མཇུག་གི་དབྱིན་ཇིའི་གནའ་རྫས་རྟོག་ཞིབ་མཁས་ཅན་ཕུ་ལན་ཁེ་དང་དུས་རབས20ཡི་དུས་འགོའི་དབྱི་ཐ་ལེའི་བོད་རིག་པ་མཁས་ཅནGཏུའུ་ཆི་དང་པི་ཏེ·ཨོ་ཧྥུ་ཧྲེ་ལའེ་ཐེས་བོད་དུ་རྟོག་ཞིབ་བྱེད་པར་ཐེངས་མང་ཡོང་བ་དང་འབྲེལ་མིག་མཐོང་ལག་ཟིན་གྱི་དཔྱད་ཡིག་ཕུན་སུམ་ཚོགས་པོ་རག་ཡོད། ཡང1992ལོ་ནས་བཟུང་སྐྱེ་ཁུངས་ཨ་རི་ནས་ཡིན་པའི་བོད་རིག་པ་མཁས་ཅན་དབུན་སེན་ཐེ·པེ་ལའེ་ས་ཡིའུ་ཡིས་བོད་བྱང་ཐང་དུ་ཡུན་རིང་བསྡད་དེ་དེ་གའི་གནའ་རྫས་རིག་གནས་ཤུལ་བཞག་ལ་རྟོག་ཞིབ་བྱས་ནས་བྲག་བརྐོས་རི་མོ་གསར་པ་གྲངས་འབོར་ངེས་ཅན་ཞིག་ཤེས་རྟོགས་བྱུང་ཡོད། རང་རྒྱལ་གྱིས་བོད་ཀྱི་བྲག་བརྐོས་རི་མོར་རྟོག་ཞིབ་བྱ་རྒྱུ་དེ་དུས་རབས་20ཡི་ལོ་རབས་80པར་རིམ་བཞིན་འགོ་བཙུགས་པ་ཞིག་རེད།

1.འཚོ་བའི་ཉམས་འགྱུར་ཕུན་སུམ་ཚོགས་པའི་རྡོ་བརྐོས་རིག་གནས།

        གངས་ལྗོངས་ས་མཐོར་ཟངས་དང་རྡོ་མཉམ་དུ་སྤྱོད་པའི་དུས་སུ་རྡོ་ལ་བརྟེན་ནས་གནས་སྡོད་དང་། རྡོ་ཡི་པུར་སྒམ་བཟོ་བ། རྡོ་ལ་རི་མོ་འབྲི་བ་ལ་སོགས་རྡོ་བེད་སྤྱོད་རྒྱ་ཆེར་བྱེད་པའི་སྣང་ཚུལ་དེ་ནི་བྲག་བརྐོས་རི་མོ་ཐོན་པའི་རིག་གནས་ཀྱི་རྒྱབ་ལྗོངས་ཤིག་ཡིན་ཞིང་། གནའ་བོའི་མི་ཚོས་དང་ཐོག་བྲག་རྡོ་གཞི་རྟེན་དུ་བྱས་ནས་རི་མོ་བརྐོ་བའི་སྒྱུ་རྩལ་དེར་བརྟན་པོའི་རང་བཞིན་དང་དོན་མཚོན་གྱི་ནུས་པ་ཆེན་པོ་ལྡན་ཡོད་ལ་ཐད་ཀར་ཟིན་ཐོ་འགོད་པའི་སྟབས་བདེའི་ནུས་པའང་ལྡན་ཡོད་པ་རེད། དེ་ལྟར་ས་མཐོའི་གནའ་ཤུལ་གྱི་དམིགས་བསལ་མཚོན་ཚུལ་ཞིག་ཡིན་པའི་བྲག་བརྐོས་རི་མོ་མང་པོ་ཡོད་པ་དེ་དག་གིས་དུས་མཚམས་ཤིག་དང་ས་གནས་ཅིག་གི་མི་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་ཐོ་འགོད་དང་མཚོན་པར་བྱས་ཡོད། བོད་ཀྱི་བྲག་བརྐོས་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་ནི་ཟོར་ཡང་བ་དང་བབ་ཆགས་པོ་ཡོད་ལ་བྲིས་པའམ་བརྐོས་བརྒྱབ་པའི་བྲག་བརྐོས་རི་མོ་གང་ཞིག་ཡིན་རུང་འབྲི་ཐབས་གཉིས་ཁོ་ན་སྤྱད་ཡོད་པའི་གཅིག་ནི་ཐིག་བྲིས་བཟོ་དབྱིབས་དང་གཉིས་ནི་ལེབ་བྲིས་བཟོ་དབྱིབས་གཉིས་ཡིན། ཐིག་བྲིས་ནས་བཟོ་དབྱིབས་མཚོན་པ་བྱེད་པ་དང་བྱུག་པའམ་ཡང་ན་བརྐོས་བརྒྱབ་ནས་བཟོ་དབྱིབས་མཚོན་པར་བྱེད་པ་གང་ཞིག་ཡིན་རུང་དངོས་གཟུགས་ཀྱི་ཕྱི་རོལ་གྱི་དབྱིབས་དང་སྤྱིའི་གཟུགས་དབྱིབས་གསོན་ཉམས་དོད་པོས་མཚོན་པ་བྱེད་ཐུབ་ཡོད། འོན་ཀྱང་མི་དང་སྲོག་ཆགས་འབྲི་སྐབས་གཙོ་བོ་དེའི་གཟུགས་དབྱིབས་ཀྱི་འགུལ་སྐྱོད་བྱེད་སྟངས་ཀྱི་ཁྱད་ཆོས་མཚོན་པར་བྱེད་པ་ལས་ཞིབ་ཕྲའི་ཆ་དཔེར་ན། མིག་དང་། རྣ་བ། མཆུ། མཛུབ་མོ་སོགས་བརྐོ་རྒྱུར་དེ་ཙམ་སྣང་ཆེན་བྱས་མེད། དེར་བརྟེན་སྲོག་ཆགས་ཀྱི་རིགས་དང་མི་གང་འདྲ་ཞིག་ཡིན་མིན་དབྱེ་བ་འབྱེད་པར་གཙོ་བོ་ནི་སྤྱིའི་གཟུགས་དབྱིབས་དང་འགུལ་སྐྱོད་བྱེད་སྟངས་ཀྱི་ཁྱད་ཆོས་ལ་བརྟེན་ཡོད། དེ་ལས་གནའ་བོའི་བྲག་བརྐོས་རི་མོ་འབྲི་མཁན་ཚོས་བྱང་ཆུབ་པའི་ཐིག་བྲིས་དང་ལེབ་བྲིས་བྱེད་སྟངས་ལ་བརྟེན་ནས་ཉམས་འགྱུར་གྱིས་ཕྱུག་ཅིང་གསོན་ཉམས་ལྡན་པའི་མི་དང་། སྲོག་ཆགས། དེ་བཞིན་འཚོ་བའི་ནང་དོན་གྱི་རྣམ་པ་སྣ་ཚོགས་བརྐོས་པ་དེ་ཐོག་ནས་ས་མཐོའི་མེས་པོ་ཚོར་གཟུགས་བརྙན་སྙིང་བསྡུས་བྱེད་པའི་ནུས་པ་དང་བཟོ་དབྱིབས་འགོད་པའི་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་པ་མཚོན་ཐུབ།

       སྤྱིར་རང་རྒྱལ་གྱི་གནའ་བོའི་བྲག་བརྐོས་རི་མོར་ལྷོ་བྱང་གཉིས་སུ་དབྱེ་བའི་གཅིག་ནི་ཆོས་ལུགས་ཀྱིས་འདས་མཆོད་བྱ་ཚུལ་གཙོ་བོར་འཁོད་པའི་ལྷོ་ཕྱོགས་ཀྱི་བྲག་བརྐོས་རི་མོ་དང་གཉིས་ནི་སྲོག་ཆགས་ཀྱི་གཟུགས་བརྙན་གཙོ་བོར་བཀོད་པའི་བྱང་ཕྱོགས་ཀྱི་བྲག་བརྐོས་རི་མོ་ཡིན་ལ། བོད་དུ་མཚོན་ན་བྲག་བརྐོས་རི་མོ་ཁྱབ་ཆེ་ཤོས་ནི་ནུབ་ཀྱི་མངའ་རིས་དང་དང་བྱང་གི་ནག་ཆུ་ས་ཁུལ་གཉིས་སུ་གཅིག་སྡུད་ཆེ་ཙམ་བྱས་ཡོད་ཅིང་། བོད་དུ་ཧ་ལམ་བྲག་བརྐོས་རི་མོ5000ཙམ་ཤེས་རྟོགས་ཐུབ་པ་དེ་དག་བོད་རང་སྐྱོང་ལྗོངས་ཀྱི་རྫོང14ལ་ཁྱབ་ཡོད་ཅིང་། རང་ལྗོངས་ནུབ་ངོས་ཀྱི་བྲག་བརྐོས་རི་མོ་ནི་བྱང་ཕྱོགས་ཀྱི་བྲག་བརྐོས་རི་མོའི་ཁྱད་ཆོས་དང་འདྲ་ཙམ་ཡོད་པ་དང་རུ་ཐོག་རྫོང་གི་རི་མོ་གདོང་དུ་ཡོད་པའི་གཟིག་གིས་ཤྭ་བ་འདེད་པའི་རི་མོ་དེ་མཚོན་བྱེད་ཅིག་ཡིན་པ་རེད། ཡང་བྱང་ཕྱོགས་ཀྱི་རི་མོའི་ཚོགས་ཀྱང་དུས་ཚོད་ཁག་གཉིས་སུ་ཕྱེ་ཆོག་ཅིང་། དེའི་གཙོ་བོའི་མཚོན་ཚུལ་ནི་མི་ཚོས་ལྷ་རིས་སུ་གྲགས་པའི་གྱི་ལིང་རི་བོའི་བྲག་བརྐོས་རི་མོ་དང་གནམ་མཚོའི་བརྒྱུད་ཀྱི་བྲག་བརྐོས་རི་མོ་ཡིན། རི་མོ་དེ་དག་གི་ནང་དོན་ཕུན་སུམ་ཚོགས་ལ་བརྡ་རྟགས་སྣ་ཚོགས་ལྡན་པ་དཔེར་ན། གྱི་ལིང་རི་བོའི་བྲག་བརྐོས་རི་མོ་ནི་རྡོ་ཆེན50ལྷག་ཙམ་གྱི་ཐོག་ཏུ་རི་དྭགས་དང་། མི། ཤིང་། བརྡ་རྟགས་སྣ་ཚོགས་བཅས་དང་དེ་བཞིན་རྔོན་རྒྱག་པ་དང་། འབྲོང་རྒོད་འདུལ་བ། ཕྱུགས་འཚོ་བ། དམག་འཁྲུག་གི་རྣམ་པ་མཚོན་པ་བཅས་ཀྱི་རི་མོ་བབ་ཆགས་ལ། གསོན་ཉམས་དོད་པ། གནའ་བོའི་ཉམས་འགྱུར་དང་ལྡན་པ་ཞིག་ཡོད་པ་དང་། གནམ་མཚོའི་རྒྱུད་ཀྱི་བྲག་བརྐོས་རི་མོར་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་དང་འཚོ་བའི་ཉམས་འགྱུར་མངོན་གསལ་དོད་དུ་ཕྱིན་ཡོད། ད་དུང་བྲག་བརྐོས་རི་མོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ནས་བརྗོད་ན། གནའ་དུས་དང་། དུས་དཀྱིལ། དུས་མཇུག་བཅས་སུ་དབྱེ་ཆོག་ཅིང་། གནའ་དུས་ཀྱི་རི་མོའི་ཁྱད་ཆོས་ནི་མི་དང་སྲོག་ཆགས་ཀྱི་གཟུགས་བརྙན་རྐྱང་གཟུགས་མང་བ་དང་། བཀོད་སྒྲིག་ཟང་ཟིང་ཆེ་བ། འཆར་འགོད་གཅིག་གྱུར་མེད་པ། ཧ་ཅང་སྟབས་བདེ་བས་མགོ་བོ་སོགས་རིལ་གཟུགས་རྣམས་ཚགས་ཙམ་གྱིས་མཚོན་པ་བྱས་པ་དང་ཐིག་རིས་ཙམ་གྱིས་ལུས་པོ་དང་ཡན་ལག་མཚོན་པ་བྱས་ཡོད་པ་ལྟ་བུ་རེད། དུས་དཀྱིལ་གྱི་རི་མོའི་གཟུགས་བརྙན་ཧ་ཅང་གསོན་ཉམས་དོད་དུ་སོང་བ་མ་ཟད། རི་མོའི་ནང་དོན་ཐད་ཉ་དང་། བྱ་རྒོད། རི་ཕག་སོགས་ཐོན་པ་དང་སྣོད་ཆས་སོགས་འཚོ་བའི་མཁོ་ཆས་ཀྱང་ཐོན་ཡོད། དུས་མཇུག་གི་རི་མོའི་ཁྱད་ཆོས་གཙོ་བོ་ནི་རྒྱན་སྤྲོས་ཀྱི་རྣམ་པ་ཐོན་ཡོད་པ་དང་རི་མོའི་གཞི་ཁྱོན་ཇེ་ཆེར་ཕྱིན་པས་ཤ་བ་ཁྱུ་ཚོགས་འཛིང་རེས་བྱེད་པ་དང་། མི་དམངས་འདུས་ནས་ཞབས་བྲོ་རྒྱག་པ། འདས་མཆོད་སྒྲུབ་པ་སོགས་ཀྱི་རྣམ་པ་མཚོན་གྱི་ཡོད། ལྷག་དོན་དུ་མངའ་རིས་ས་ཁུལ་རུ་ཐོག་རྫོང་ནས་རྙེད་པའི་རུས་རྒྱུད་ཚོ་པ་གནས་སྤོའི་ནང་དོན་མཚོན་པའི་བྲག་བརྐོས་རི་མོ་ཞིག་ལ་ནང་དོན་སྣ་ཚོགས་མཚོན་པའི་རི་མོ་བརྒྱ་དང་ཉི་ཤུ་ཙམ་ལས་གྲུབ་ཡོད་པ་རེད།

2.ཆོས་ལུགས་རིག་གནས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་རྡོ་བརྐོས་རིག་གནས།

       བོད་བཙན་པོའི་དུས་ནི་རྡོ་བརྐོས་རིག་གནས་དར་ཁྱབ་ཆེས་ཆེ་བའི་དུས་རབས་ཤིག་ཡིན་ལ་རྡོ་བརྐོས་ཀྱི་ནང་དོན་དང་ལག་རྩལ་ཡང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་སྦྲགས་ཆོས་ལུགས་ཀྱི་ཤན་ཞུགས་ཆེན་པོ་ཐེབས་པས་སྐུ་བརྙན་དང་མ་ཎི་ཡིག་དྲུག་མང་པོ་བརྐོས་ཡོད་པ་མ་ཟད། སངས་རྒྱས་བྱང་སེམས་དང་ཆོས་སྐྱོང་སྲུང་མ་དེ་དག་ཞི་རྒྱས་དབང་གྲགས་ཀྱི་རྣམ་འགྱུར་མ་ཚང་བ་མེད་པ་དང་ལྷག་དོན་ལྷ་སྐུའི་བཞེངས་བཀོད་ལེགས་པ་དང་རྒྱན་དང་ཆ་ལུགས་ཚང་མ་ཧ་ཅང་གསོན་ཉམས་དོད་པོ་ཡོད་ཅིང་། སྐབས་དེར་རྡོ་བརྐོས་ཀྱི་སྒྱུ་རྩལ་དངོས་པོ་མང་ཤོས་ཐོན་ཡོད་པས་། ལྷོ་བྲག་གི་བྲག་བརྐོས་ཡི་གེ་དང་། བྲག་ཡེར་པའི་རྡོ་བརྐོས་ཡི་གེ ལྷོ་ཁའི་རྫོང་སྐུ་འབུམ། ལྷ་སའི་ཕ་བོང་ཁ་དང་བྲག་ལྷ་ཀླུ་སྒུག་སོགས་གང་སར་བཙན་པོའི་དུས་ཀྱི་རྡོ་བརྐོས་རིག་གནས་ཀྱིས་ཁྱབ་ཡོད་པ་རེད། ལྷག་དོན་དུ་ད་ཆ་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ཁྱབ་ཁོངས་ཀྱིས་ཧ་ཅང་རྩ་ཆེར་འཛིན་པ་དང་སྐབས་དེའི་རྡོ་བརྐོས་རི་མོའི་དཔེ་མཚོན་ལྟ་བུར་གྱུར་བ་ནི་སྤྱི་ལོ་813ཙམ་ལ་བརྐོས་པའི་བྲག་ཡབ་རི་མདའ་ལྡན་མ་བྲག་བརྐོས་ཀྱི་རི་མོ་ཡིན་ཅིང་། དེ་ནི་བོད་ཤར་ཕྱོགས་ཀྱི་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་རི་མདའ་ཡུལ་གྱི་ལྡན་མ་བྲག་རྩ་ཞེས་འབོད་པའི་བྲག་ལྡེབས་ཆེན་པོ་ཞིག་མཆིས་པ་དེའི་དབུས་སུ་རྣམ་པར་སྣང་མཛད་ལ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་བསྐོར་བའི་སྐུ་བརྙན་དང་། འཕགས་པ་བཟང་སྤྱོད་ཀྱི་སྨོན་ལམ། སྦྱར་བྱང་ཡི་གེ་བཅས་ཁག་གསུམ་བརྐོས་ཡོད་པའི་ཕྱི་མ་དེ་ནི་རི་མདའ་ལྡན་མའི་བྲག་བརྐོས་ཡི་གེ་ཞེས་ཀུན་ལ་གྲགས་པ་དེ་ཡིན་པ་དང་། ད་དུང་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས(དེ་སྔ་བོད་རིག་པའི་ཞིབ་འཇུག་ཁྲོད་དུ་དེ་མོ་བྲག་བརྐོས་ཞེས་ཀྱང་སྤྱོད་མྱོང་ཡོད)ཡི་གེར་ཡང་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་གྲགས་པ་ཧ་ཅང་ཆེན་པོ་ཡོད་ཅིང་། དེ་ནི་ཉིང་ཁྲི་རྫོང་ཁོངས་སྨན་རི་ཤང་གཡུང་དྲུང་འཛིན་བྱ་བའི་བྱང་ངོས་ཀྱི་ལམ་ཟུར་ཞིག་གི་ཁ་ལྷོར་ཕྱོགས་པའི་རིང་ཚད་ལ་སྨི1.85དང་ཞེང་ཚད་ལ་སྨི1.75ཡོད་པའི་ཕ་བོང་ཆེན་པོ་ཞིག་གི་སྨི0.25ཡོད་པའི་ཞབས་རར་གཡུང་དྲུང་10བརྐོས་ཡོད་པ་དང་ལྡེབས་ངོས་སུ་ཁྱོན་ཚིག་འབྲུ365ཡོད་པའི་ཡིག་ཕྲེང21བརྐོས་པ་ཕལ་ཆེ་བ་གསལ་པོ་ཡོད་པ་རེད། ད་དུང་ལོ་རྒྱུས་ཐོག་གལ་ཆེའི་གནས་བབ་བཟུང་བའི་རྡོ་བརྐོས་གཞན་ཞིག་ནི་སྐྱིད་གྲོང་རྫོང་གི་བལ་བོད་གནའ་ལམ་གྱི་རིགས་གསུམ་མགོན་པོའི་རྡོ་བརྐོས་སྐུ་བརྙན་དེ་ཡིན་ཞིང་། དེ་ནི་སྐྱིད་གྲོང་ཚོང་འདུས་ཀྱི་མཆོད་རྟེན་བརྒྱ་རྩའི་ཉེ་འགྲམ་གྱི་རྡོ་ཆེན་པོ་ཞིག་གི་ལོགས་སུ་བརྐོས་ཡོད་པ་དང་བཞེངས་སྟབས་ཀྱི་སྐུ་བརྙན་དེ་དག་གི་མཐོ་ཚད་ལ་སྨི2.2དང་ཞེང་ཚད་ལ་སྨི3ཙམ་ཡོད་པ་དང་ཞལ་བྱང་ཤར་ལ་ཕྱོགས་ཡོད། སྐུ་བརྙན་དེ་དག་གི་སྐོར་ལ་ཤོད་རྒྱུན་སྣ་ཚོགས་ཡོད་རུང་ཡོངས་གྲགས་ལྟར་ན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་དུས་རབས་བདུན་པའི་དུས་དཀྱིལ་ཙམ་ལ་རྡོ་སྦྲུལ་སྲིན་མོའི་ཁ་གནོན་དུ་བཞེངས་པ་དང་བལ་བཟོའི་ལག་རྒྱུན་ཡིན་པར་གྲགས། སྐུ་བརྙན་དེ་དག་ལ་ཡ་གླིང་ལྷོ་མའི་བརྐོས་དཀྲོལ་ལག་རྩལ་གྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་པས་ལོ་རྒྱུས་དང་། ཆོས་ལུགས། གནའ་རྫས་རིག་པ། བརྐོས་དཀྲོལ་ལག་རྩལ་གྱི་འཕེལ་རིམ་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་ཅན་ཞིག་ཡིན། ད་དུང་བཙན་པོའི་དུས་ཀྱི་རྡོ་བརྐོས་རིག་གནས་ཀྱི་མཛེས་ལྗོངས་གཞན་ཞིག་ནི་བོད་ཀྱི་ས་ཕྱོགས་གང་སར་ཁྱབ་པའི་རྡོ་རིང་གི་ཡི་གེ་དག་ཡིན་ཅིང་། དེ་དག་གི་ཁྲོད་ནས་ཀྱང་དབོན་ཞང་རྡོ་རིང་དང་། བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་། སྤུ་ཧྲེང་རྡོ་རིང་། སྟོད་ལུང་མཚུར་ཕུའི་རྡོ་རིང་། དེ་བཞིན་སྐར་ཆུང་ལྷ་ཁང་དང་ཞྭ་ལྷ་ཁང་རྡོ་རིང་སོགས་ཀྱི་བཀའ་ཚིག་ཡི་གེ་དེ་དག་ནི་བོད་ཀྱི་ཕུན་སུམ་ཚོགས་པའི་རྡོ་བརྐོས་རིག་གནས་ཀྱི་གཡང་རྩེའི་ཐོག་གི་ཡས་སྒྲོན་ཞིག་ཡིན།

3.འགྱུར་རྡོ་གསོན་པོའི་ནུས་པ་ལྡན་པའི་རྡོ་བརྐོས་རིག་གནས།

     བོད་ས་མཐོའི་ཐོག་གདོད་མའི་དུས་ནས་བཟུང་རྡོ་བརྐོས་རི་མོའི་སྒྱུ་རྩལ་གྱི་ཆུ་རྒྱུན་ཆད་མྱོང་མེད་པས་དེ་སྔའི་ཉི་ཟླ་དང་ཤིང་ལོའི་མཚོན་དོན་ཙམ་ནས་ད་ཆའི་གསོན་ཉམས་དོད་པའི་འཚོ་བའི་དོན་མཚོན་གྱི་རི་མོ་དང་ལྷ་སྐུ་སྣ་ཚོགས་བརྐོ་སྲོལ་བར་འཕེལ་རྒྱས་བྱུང་བ་མ་ཟད། ཞིབ་ཕྲའི་དཔེ་རིས་ཁ་ཤས་ཐད་ཕྲ་མཐོང་ཆེ་ཤེལ་སྤྱད་ནས་ཉམས་ཞིབ་བྱེད་དགོས་པའི་སྒྱུ་རྩལ་གྱི་ཆུ་ཚད་མཐོ་པོར་སླེབས་ཡོད་པ་རེད། ལྷག་དོན་དུ་དེང་དུས་ཀྱང་བོད་ཁུལ་གྱི་ས་ཕྱོགས་གང་སར་ཆུང་བ་མ་ཎི་ཡིག་དྲུག་དང་ཆེ་སར་བཀའ་བསྟན་སོགས་རྡོ་ལ་བརྐོ་མཁན་མང་བ་དང་བསླུ་ཡོན་ཞུ་མཁན་ཡང་མང་པོ་ཡོད་པ་མཐོང་ཆོས་ལྟར་ཡིན་ལ། ལྷག་དོན་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་མྱུར་བའི་དེང་དུས་སུ་ཡུལ་སྐོར་བ་ཚོས་ཀྱང་རྡོ་བརྐོས་ལྷ་སྐུ་དང་མ་ཎི་རྡོ་བརྐོས་ཉོ་རྒྱུར་དགའ་པོ་བྱེད་པས་རྡོ་བརྐོས་སྒྱུ་རྩལ་པ་ཁག་གཅིག་ཕྱུག་པོ་ཆགས་པའི་གཏམ་རྒྱུད་ཀྱང་ཡོད་པ་ནི་རྡོ་བརྐོས་རིག་གནས་ཀྱི་གསོན་ཤུགས་མཚོན་པ་ཞིག་ཡིན། གཞན་ཡང་དེང་རབས་ཀྱི་བྲག་བརྐོས་རི་མོའི་དཔེ་མཚོན་དུ་འོས་པ་ཞིག་ནི་ལྷ་སའི་ལྷོ་ནུབ་མཚམས་ཀྱི་ལྕགས་པོ་རི་ལྡེབས་ཀྱི་ཐོག་བརྩེགས་གསུམ་ཙམ་ཡོད་པའི་རི་མོའི་ཚོགས་ནི་དེང་རབས་མི་ཚོར་དག་པའི་བྲག་བརྐོས་རི་མོའི་བརྩམས་ཆོས་ངོ་མཚར་ཅན་ཞིག་ཡིན་ཞིང་། དེར་རྒྱལ་བ་མི་འཁྲུགས་པ་གཙོ་རྟེན་དུ་བྱས་པའི་གྲུབ་མཐའ་ཡོངས་རྫོགས་ཀྱིས་མཆོད་བསྟོད་བྱེད་པའི་སངས་རྒྱས་བྱང་སེམས་ཀྱི་ལྷ་སྐུ་ཆེ་ཆུང་སྟོང་ཁ་ལོན་པ་བཞེངས་ཡོད་སྟབས་ཡོངས་གྲགས་སུ་སངས་རྒྱས་སྟོང་སྐུ་ཞེས་སུ་གྲགས་ནས་དད་ལྡན་པ་ཚོའི་ཕྱག་མཆོད་འབུལ་ཡུལ་དང་། རིག་གནས་པ་རྣམས་ཀྱིས་སྒྱུ་རྩལ་ལོངས་སྤྱོད་བྱ་ཡུལ་དུ་གྱུར་བ། མཁས་དབང་རྣམས་ཀྱིས་ཞིབ་འཇུག་བྱ་གཞིར་གྱུར་ཡོད་ལ་ཕྱོགས་བཞིའི་ཡུལ་སྐོར་བ་རྣམས་དེ་བས་ཀྱང་བོད་ཀྱི་ཆོས་ལུགས་རིག་གནས་དང་། རི་མོའི་སྒྱུ་རྩལ། དམངས་སྲོལ་བཅས་ཤེས་རྟོགས་བྱ་ཡུལ་ལེགས་པོ་ཞིག་ཡིན། ལྕགས་པོ་རིའི་བྲག་བརྐོས་རི་མོའི་ཚོགས་ནི་ཐིགས་པ་བསགས་ནས་རྒྱ་མཚོའི་དཔེ་རུ་འགྱུར་བ་བཞིན་དུས་ཡུན་རིང་པོའི་ནང་དད་ལྡན་མང་ཚོགས་དང་རི་མོའི་སྒྱུ་རྩལ་ལ་བྱང་བའི་མཁས་པ་མང་པོའི་འབད་འབུངས་ལ་བརྟེན་ནས་ད་ལྟའི་གཞི་ཁྱོན་དེ་གྲུབ་པ་ཞིག་ཡིན་རུང་མཐར་གཏུག་ནས་བཤད་ན། དུས་རབས་འདིར་ཡོངས་སུ་གྲུབ་པའི་བརྩམས་ཆོས་ཤིག་ཡིན་པ་སྨོས་མེད་ཡིན། ད་དུང་གཞི་ཁྱོན་མི་འདྲ་བའི་དེང་རབས་ཀྱི་རྡོ་བརྐོས་རི་མོའི་བརྩམས་ཆོས་མང་པོ་ཞིག་བོད་ཁུལ་ཀྱི་ས་ཕྱོགས་ཚང་མར་ཐོན་དང་ཐོན་བཞིན་ཡོད་པ་ནི་བྲག་བརྐོས་རི་མོ་དེ་གསོན་པོར་གནས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་མཚོན་ལ། གྱང་གིས་མ་བསྐོར་བའི་བྲག་བརྐོས་རིག་གནས་ཀྱི་བཤམས་མཛོད་ཁང་དེ་དེ་བས་གྲ་རྒྱས་ཕུན་སུམ་ཚོགས་པའི་ཕྱོགས་སུ་འགྱུར་བཞིན་ཡོད་པའང་མཐོང་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1