ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-24


 


ཟླ་6ཚེས་22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུཌ་པ་དང་འབྲེལ། 《དུས་རབས་ཀྱི་རླབས་རྒྱུན་སྟངས་འཛིན་བྱས་ཏེ་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ། 

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་འབོ་གསེར་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ《དུས་རབས་ཀྱི་རླབས་རྒྱུན་སྟངས་འཛིན་བྱས་ཏེ་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་མཉམ་འདྲེས་དང་། བདེ་འཇགས་ཀྱི་འགྲན་སློང་སྣ་ཚོགས་རྒྱུན་ཆད་མེད་པར་ཐོན་པ། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་གོམ་པ་སྤོ་དཀའ་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགལ་རྐྱེན་ཚབས་ཆེན་འཕྲད་ཡོད། འཛམ་གླིང་ཕྱོགས་གང་དུ་སྐྱོད་དགོས་སམ། ཞི་བདེ་ཡིན་ནམ་དམག་འཁྲུག་ཡིན། འཕེལ་རྒྱས་ཡིན་ནམ་ཉམས་རྒུད་ཡིན། སྒོ་དབྱེ་ཡིན་ནམ་བཀག་སྡོམ་ཡིན། མཉམ་ལས་ཡིན་ནམ་འགྲན་རྒོལ་ཡིན། དེ་དག་ནི་ང་ཚོའི་མདུན་དུ་ལྷག་པའི་དུས་རབས་ཀྱི་གནད་དོན་ཞིག་རེད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་སྐབས་རེ་རླུང་ཞི་རླབས་འཇགས་དང་སྐབས་རེ་རྦ་རླབས་ལང་ལོང་དུ་འཕྱུར་མོད། འོན་ཀྱང་མདུན་ཕྱོགས་སུ་ཤར་རེར་སྐྱོད་ངེས་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེ་ནའང་སྒོ་དབྱེ་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོ་དེར་འགྱུར་ལྡོག་འགྲོ་མི་སྲིད་ལ་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ་དང་འགྲན་སློང་མཉམ་བསུའི་འདུན་པར་ཡང་འགྱུར་ལྡོག་འགྲོ་མི་སྲིད། ང་ཚོས་མཐོང་ལམ་རབ་རིབ་ཏུ་གྱུར་པར་མི་སྐྲག་པར་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཡང་དག་པའི་ངོས་འཛིན་བྱེད་པ་དང་དུས་སྐབས་གཅིག་དང་བྱ་བ་གཅིག་གིས་མི་རྨོངས་པ་དང་། ཉེན་ཁར་མི་སྐྲག་པ། དཔའ་ངར་ཆེན་པོས་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པ་སྟེ།

        གཅིག་ནས་ང་ཚོས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཡིད་སྐྱོ་བའི་ལོ་རྒྱུས་ལས་བཙན་དབང་རིང་ལུགས་དང་། ཚོགས་ཁག་གི་ཆབ་སྲིད། དཔུང་ཚོགས་ཀྱི་འགྲན་རྒོལ་བཅས་ལས་ཞི་བདེ་དང་བདེ་འཇགས་ཡོང་མི་སྲིད་པར་དམག་འཁྲུག་གི་གདོང་ཐུག་ཡོང་ངེས་ཡིན་པ་མངོན་ཡོད། སྟོབས་ཤུགས་དང་གོ་གནས་ལ་རྨོངས་པ་དང་དམག་དོན་མནའ་འབྲེལ་རྒྱ་སྐྱེད་བཏང་སྟེ་རྒྱལ་ཁབ་གཞན་གྱི་བདེ་འཇགས་བློས་བཏང་ནས་རང་ཉིད་ཀྱི་བདེ་འཇགས་དོན་གཉེར་བྱས་ན་བདེ་འཇགས་ཀྱི་དཀའ་གནས་སུ་ལྷུང་ངེས་རེད། མི་ཚང་མས་ཞི་བདེར་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པ་དང་། མི་ཚང་མས་དམག་འཁྲུག་གི་ཡིད་སྐྱོ་བའི་བསླབ་བྱ་སེམས་སུ་ངེས་ཚེ། ཞི་བདེར་གཞི་ནས་རེ་བ་ཡོད།

        གཉིས་ནས་ང་ཚོས་ཕན་ཚུན་ལྟ་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། མིག་སྔར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་རྡབ་རྡེག་ཚབས་ཆེན་ཕོག་ཡོད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་70ཙམ་གྱི་མི་འབོར་དུང་ཕྱུར་12ལ་རིམས་ནད་དང་། འབྲུ་རིགས། ནུས་རྒྱུ། བུ་ལོན་བཅས་ཀྱི་ཉམས་ཉེན་འཕྲད་པས། གོ་ལ་ཧྲིལ་པོའི་འདས་ཟིན་པའི་ལོ་བཅུ་ཕྲག་གི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་མེད་པར་གྱུར་སྲིད། ན་ནིང་ངས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་བཏོན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་མཐུན་སྒྲིལ་དང་། འདྲ་མཉམ། དོ་སྙོམས། ཀུན་ཕན་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་དབུལ་པོ་ཉུང་གཏོང་དང་། འཕྲོད་བསྟེན། སློབ་གསོ། གྲངས་འཛིན་མཉམ་སྦྲེལ་མཉམ་མཐུད། བཟོ་ལས་ཅན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་པ་ཡིན།

        གསུམ་ནས་ང་ཚོས་ཕྱར་བ་གྲུ་འདེགས་བྱས་ཏེ་མཉམ་ལས་གཉིས་ཁེ་ཡོང་བར་བྱེད་དགོས། མིག་སྔར་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གལ་ཆེན་ཁག་གཅིག་ལ་མིའི་འགལ་རྐྱེན་ཕོག་པ་དང་། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མཐོ་རུ་ཕྱིན་པ། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རར་རྒྱུན་མཐུད་ངང་འཕར་ཆག་ཆེན་པོ་བྱུང་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་ཞན་དུ་འགྲོ་བཞིན་ཡོད། ཚང་མས་འཛམ་གླིང་གི་དཔལ་འབྱོར་ཉམས་ཉེན་གྱི་འདམ་རྫབ་ནང་ལྷུང་བའི་སེམས་ཁྲལ་བྱེད་ཀྱི་ཡོད། འགག་རྩའི་དུས་སྐབས་འདིར་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ན་མ་གཏོགས་དཔལ་འབྱོར་གྱི་ཉམས་ཉེན་ལས་རྣམ་པར་རྒྱལ་མི་ཐུབ། བསམ་བློ་གཏོང་ས་གཅིག་ལ་བསམ་བློ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་ཤུགས་བརྒྱབ་ནས་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས།

        བཞི་ནས་ང་ཚོས་བསྟུན་མཁས་མཉམ་བསྡུས་བྱས་ཏེ་སྒོ་དབྱེ་མཉམ་འདྲེས་ཐུན་མོང་ཐོག་རྒྱ་ཆེར་གཏོང་དགོས། དུས་སྐབས་ཤིག་རིང་དཔལ་འབྱོར་གོ་ལ་ཅན་ལ“གྱེན་ལྡོག”འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་གི་དཔལ་འབྱོར་ཁ་གྱེས་པ་དེ་ཕན་ཚུན་འབྲེལ་མེད་ཀྱི་ས་ཁོངས་སུ་འགྱུར་བར་ཡོངས་ཁྱབ་ངང་སེམས་ཁྲལ་བྱེད་ཀྱི་ཡོད། དཔལ་འབྱོར་གོ་ལ་ཅན་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་རེད། ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་བཤོལ་བྱས་ཏེ་མི་གཞན་གྱི་འགྲོ་ལམ་བཀག་པའི་རེ་ངན་བཅངས་ན་མཐར་རང་ཉིད་ཀྱི་འགྲོ་ལམ་འགོག་རྒྱུ་ལས་མ་འདས། སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་ཀྱིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་བཀག་རྒྱ་མཐའ་དག་མེད་པར་བཟོ་བ་དང་། གོ་ལ་ཅན་གྱི་སྐྱོན་བྲལ་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཏེ་མ་དངུལ་དང་ལག་རྩལ་རང་མོས་ངང་འཁོར་རྒྱུག་ཡོང་བར་བྱེད་པ་དང་གསར་གཏོད་དང་བློ་གྲོས་གང་ལེགས་ཐོན་པར་བྱས་ནས་འཛམ་གླིང་དཔལ་འབྱོར་འཕར་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས།

        ཞི་ཅིན་ཕིང་གིས། འདི་ལོ་ནས་བཟུང་རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁོར་ཡུག་གི་མདུན་དུ། ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་མཐའ་འཁྱོངས་དང་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་གི་བདེ་ཐང་སྲུང་སྐྱོབ་གང་ཐུབ་བྱས་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་གང་ཐུབ་ཀྱང་བྱས་ཡོད། ཀྲུང་གོས་སྤྱི་ཁོག་སྲིད་ཇུས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་ཧུར་ཐག་བྱེད་ཀྱི་ཡིན། ལོ་སྨད་དུ་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ཏེ་དུས་མཚམས་རྗེས་མའི་ཀྲུང་གོའི་འཕེལ་རྒྱས་འཆར་གཞི་འགོད་ཀྱི་ཡིན། ཀྲུང་གོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1