༄༅།།བོད་ཡུལ་གྱི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་རྣམ་བཤད་རབ་གསལ་མེ་ལོང་།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 06-27



གངས་ཅན་ཕན་བདེ་སྒྲུབ་ལ་ནོར་བུ་མཆོག །

 སྡིག་ཅན་བདུད་དཔུང་འཇོམས་ལ་ནམ་མཁའི་ཐོག །

 མ་རིག་མུན་པ་སེལ་ལ་འོད་སྟོང་ཅན། །

 སྐྱེས་མཆོག་ནོར་བུ་དགྲ་འདུལ་གཙུག་གི་རྒྱན། །

 གྲགས་པའི་བ་དན་སྲིད་གསུམ་རྩེར་གཡོ་བའི། །

 འགྲན་མེད་སྒྲུང་དཔེའི་རྒྱ་མཚོའི་ཕ་མཐའ་རུ། །

 བགྲོད་པའི་ནུས་རྩལ་ཡོངས་སུ་རྒྱས་དཀའ་ཡང་། །

 སེང་ཆེན་རྒྱལ་པོའི་ཤུལ་རྟེན་རིན་པོ་ཆེའི། །

 རྨད་བྱུང་ལོ་རྒྱུས་དྲི་ཟའི་ཏམ་བུ་ར། །

 ཡུན་ཙམ་སྦྲེང་ལ་གངཞིག་སྤྲོ་པར་འཚལ། །

 

བོད་ཡུལ་གྱི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་རྣམ་བཤད་རབ་གསལ་མེ་ལོང་།ཞེས་ཚིགས་སུ་བཅད་པའི་ཡིད་འོང་མེ་ཏོག་གི་ཕྲེང་བ་འདི་གུས་ལྡན་བརྩེ་བས་སོར་བཅུའི་རྩེར་བསྒྲེངས་ཏེ་མདུན་བསུས་པ་དང་ཆབས་ཅིག་ད་ནི་བརྗོད་པར་བྱ་བའི་གཏམ་གྱི་གནས་སྐབས་སུ་ལེགས་པར་དྲང་རྒྱུ་ནི། གྲགས་པའི་དབྱར་རྔ་སྟོང་གི་སྒྲ་དབྱངས་ཁམས་གསུམ་བར་མེད་དུ་ཁྱབ་བཞིན་པའི་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བསིལ་ལྡན་འཛིན་མའི་ལྗོངས་ཡོངས་སུ་གནའ་ནས་ད་བར་དུ་རྨ་འབྲི་གཙང་གསུམ་གྱི་རྒྱུན་བཞིན་དར་རྒྱས་ཤིན་ཏུ་ཆེ་བའི་དམངས་ཁྲོད་ཀྱི་སྒྲུང་རྩོམ་ཕུན་སུམ་ཚོགས་པ་ཞིག་དང་། ད་ལྟ་རང་རྒྱལ་གྱི་རིག་གནས་གན་མཛོད་ཆེན་མོའི་ནང་དུ་འོད་ཟེར་རྣམ་པར་འཕྲོ་བའི་ཡིད་བཞིན་གྱི་ནོར་བུ་ཞིག་ཡིན་པར་མ་ཟད། འཛམ་གླིང་ཟླུམ་པོའི་རིག་གནས་བང་མཛོད་ཆེན་མོའི་ཁྲོད་དུ་གླེགས་བམ་ཆེས་མང་ཞིང་བརྗོད་དོན་ཤིན་ཏུ་ཟབ་པ། སྙན་གྲགས་ཆེས་མཐོ་བའི་དཔའ་བོའི་ལོ་རྒྱུས་མཚོན་བྱེད་ཀྱི་སྙན་རྩོམ་རིང་མོའི་གསེར་ཞྭ་ཡང་མནབས་ཡོད་ཅིང་། རབ་དཀར་ཞོ་གསར་སྤུངས་འདྲའི་ས་འཛིན་འབུམ་གྱིས་བསྐོར་པའི་རང་རེའི་ཁ་བའི་ལྗོངས་འདི་ཡང་སྐད་གྲགས་ཆེ་བའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྩོམ་སྣ་ཚོགས་བྱུང་དང་འབྱུང་བཞིན་བའི་མཐའ་མེད་རྒྱ་མཚོ་ལྟ་བུ་ཞིག་ཡིན་ཏེ། འདི་ན་བོད་གནའ་རབས་ཀྱི་སྒྲུང་ཡིག་ལག་བྲིས་མ་དང་ཤིང་དཔར་མ་ཡོད་ལ། བཤད་ནས་རྫོགས་རྒྱུ་མེད་པའི་བབས་སྒྲུང་ངམ་པྲ་སྒྲུང་གི་སྒྲུང་པ། བྲིས་ནས་ཚར་རྒྱུ་མེད་པའི་གཏེར་སྒྲུང་གི་སྒྲུང་པ། བརྩོན་པ་ལྷོད་བ་མེད་པའི་བརྒྱུད་སྒྲུང་དང་བསླབ་སྒྲུང་གི་སྒྲུང་པ་ཡོད་ལ། ད་དུང་སེང་ཆེན་རིན་པོ་ཆེ་དང་གླིང་གི་དཔའ་རྟུལ་སུམ་ཅུ། སྨན་མཆོག་བཅུ་གསུམ་བཅས་ཀྱི་མི་ཚེ་གང་བོའི་མཛད་རྗེས་བླ་ན་མ་མཆིས་པ་རྣམས་མཚོན་བྱེད་ཀྱི་ཞབས་རྗེས་དང་ཕྱག་རྗེས། རྟ་རྗེས། ཁྱི་རྗེས་ལ་སོགས་ཤུལ་རྗེས་དང་། གླིང་གི་རྗེ་དང་དཔའ་རྟུལ་རྣམས་ཀྱི་ཁྲབ་རྨོག་འཁོར་གསུམ་དང་སྒ་སྲབ་མཐུར་གསུམ་བཅས་ཀྱི་གནའ་རྫས་གྲགས་ཅན་སྣ་ཚོགས་ཀྱི་རྟེན་འགངས་ཆེན་བགྲང་ལས་འདས་པ་བོད་ཆོལ་ཁ་གསུམ་གྱི་ཡུལ་ཁམས་ཡོངས་སུ་ཁྱབ་འདུག་ཅིང་། དེ་དང་འབྲེལ་བའི་ངག་རྒྱུན་གསོན་ཉམས་ལྡན་ཞིང་ངོ་མཚར་ཆེ་བ་གྲངས་མང་བ་ཡང་དར་ལོང་རྣ་བས་ཐོས་རྒྱུ་ཡོད་དོ།། དེ་ནི་ངོ་མ་སྔོན་བྱོན་མཁས་དབང་རྣམ་པས་གླིང་རྗེ་གེ་སར་མཆོག་གི་ཞབས་ཀྱིས་མ་བཅགས་པའི་ས་མེད་ཅིང་། བྱིན་གྱིས་མ་བརླབས་པའི་ཡུལ་མེད་ཅེས་གསུང་བ་ཇི་བཞིན་ཁ་བ་རི་བོའི་ཡུལ་གང་ལ་ཕྱིན་ཀྱང་བོད་མི་རེའི་ཁ་ན་སྒྲུང་རེ་ཡོད་པར་མ་ཟད། མཐོན་པོ་རི་གསུམ་གྱི་རྩེ་དང་དམའ་བ་ལུང་གསུམ་གྱི་མདོ། གཟར་མོ་བྲག་རི་ཡི་ངོས་དང་སྟུག་པོ་ནགས་ཀློང་གི་དབུས། ལྷག་པར་དུ་ལྷུང་ལྷུང་དུ་འབབ་པའི་རྨ་འབྲི་རྫ་གསུམ་རིང་མོའི་འབྱུང་ཁུངས་ཀྱི་གཡས་གཡོན་ཀུན་ཏུ་གེ་སར་རྒྱལ་པོའི་དགོན་པ་དང་ལབ་རྩེ། ཁྲོ་ཐུང་གི་རྡོ་མཁར། སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་མཁར་རྫོང་། གེ་སར་གྱི་འགྱིག་རྡོ། གེ་སར་རྒྱལ་པོའི་བཞུགས་ཁྲི། རྒྱ་ཚ་བཀྲོངས་ཤུལ། འབྲུག་མོའི་སྦྲ་གུར། མེ་བཟའི་ཐགས་ཤིང་། འབྲུག་མོའི་ཆུར་བ་ཐང་། ཤན་པའི་རྡོ་མཁར་ལ་སོགས་ཡོད་པ་ཀུན་གྱིས་མཐོང་ཐུབ་ཅིང་། དེ་མིན་བླ་བྲང་བཀྲ་ཤིས་འཁྱིལ་བ་དང་ཡུལ་ཤུལ་ཁུལ་གྱི་རྟ་རྣ་དགོན་པ། བོད་ལྗོངས་ཆབ་མདོའི་རི་བོ་ཆེ་དགོན། ལྷ་སའི་འབྲས་སྤུངས་དགོན་སོགས་སུའང་གེ་སར་རྒྱལ་པོའི་གསེར་སྒ་ཉི་མ་རང་ཤར་དང་མདའ་མདུང་གྲི་གསུམ། ཁྲ་རྨོག་གེ་སར་གྱི་ན་བཟའ། ཁྲོ་ཐུང་གི་རལ་གྲི། འབྲུག་མོའི་སྐེད་ཆིངས་སོགས་ཡོད་ལ། ཡིན་ནའང་ཤུལ་རྫས་དེ་དག་གི་བདེན་རྫུན་ལ་བདག་གིས་རྟོག་དཔྱོད་དཔྱད་པ་གང་ནུས་ཀྱིས་བཏང་རུང་ད་དུང་ཆེད་མཁས་པ་རྣམས་ཀྱིས་མུ་མཐུད་དུ་ཞིབ་འཇུག་ཟབ་མོ་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནས་སོ།།


 

གླིང་རྗེ་གེ་སར་རྒྱལ་པོའི་ཤུལ་རྗེས་ཕལ་ཆེར་དང་ངག་རྒྱུན་དེ་དག་ནི་རང་རེའི་ཁ་བའི་ལྗོངས་ཀྱི་སེམས་ཅན་ཀུན་གྱིས་བཙན་པོའི་གཉའ་གནོན་དང་དབུལ་བོའི་ཕ་མ་སྟེ་སྐྱེས་མཆོག་ནོར་བུ་དགྲ་འདུལ་ལ་ནམ་ཡང་རྗེས་དྲན་བགྱིད་པའི་ཆེད་དང་། ཁོང་དང་ཁོང་གི་དཔའ་རྟུལ་རྣམས་ཀྱི་བླ་མེད་མཛད་རྗེས་དག་ལ་བསྔགས་བརྗོད་བགྱིད་པའི་ཆེད་དུ་བྲག་རི་མཐོན་པོའི་ངོས་དང་ཕ་བོང་ཆེན་པོའི་སྟེང་དུ་བབས་ཡོད་པའི་འགྱུར་མེད་ཤུལ་རྗེས་སྣ་ཚོགས་པ་དེ་དག་ཁོང་རྣམས་ཀྱི་ཤུལ་རྟེན་ཡིན་པར་བརྗོད་པ་དང་། དེ་དང་འབྲེལ་ནས་ངག་རྒྱུན་ངོ་མཚར་ལྡན་པ་མང་པོ་ཡང་རང་ཤུགས་སུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པས། དད་ལྡན་སྐྱེ་བོ་ཀུན་གྱིས་ནམ་རྒྱུན་དུ་ཤུལ་རྟེན་འགངས་ཆེན་དེ་དག་ལ་ཕྱག་མཇལ་དང་གསོལ་འདེབས་བྱེད་ཀྱིན་ཡོད་པ་ཡིན་ནོ།།


 

ང་ཚོས་གླིང་རྗེ་གེ་སར་རྒྱལ་པོའི་གནའ་རྫས་དང་ཤུལ་རྗེས་དེ་དག་ལ་ཞིབ་བཤེར་དང་ཞིབ་འཇུག་བགྱིས་ཏེ་གསར་དུ་བརྩམས་པའི་དཔེ་དེབ་འདིས། གེ་སར་སྒྲུང་གི་མི་སྣ་དང་དེའི་ཁྱད་ཆོས། མཚོན་ཆ། རྫོང་མཁར། སྒྲུང་གི་ནང་དོན་སོགས་ལ་སྔར་ལས་གཏིང་ཟབ་པའི་སྒོ་ནས་གོ་བ་ལེན་ཐུབ་པ་དང་གཅིག སྒྲུང་དཔེའི་ཆད་ལྷག་གི་སྐོར་ལ་ཁ་གསབ་འཛོམས་པོ་ཞིག་གཏོང་ཐུབ་པ་དང་གཉིས། དུས་སྐབས་དེའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དམག་དོན། དཔལ་འབྱོར། རིག་གནས། དམངས་སྲོལ་ལ་སོགས་པ་དང་། ཡང་ན་གེ་སར་ཁོང་དང་དཔའ་རྟུལ་རྣམས་ཀྱི་མི་ཚེ་གང་བོའི་ལོ་རྒྱུས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་པ་དང་གསུམ། ད་དུང་གེ་སར་སྒྲུང་ལ་མི་དམངས་ཀྱི་རང་བཞིན་དང་། ལོ་རྒྱུས་ཀྱི་རང་བཞིན། ས་གནས་ཀྱི་རང་བཞིན། ལྷ་སྒྲུང་དང་བཅས་པའི་རིན་ཐང་ལྡན་པ་དེ་ཡང་མཚོན་པར་བྱེད་ཐུབ་བོ།། 


  

 

༢༠༠༥ལོར་བདག་གིས་རྩོམ་སྒྲིག་དང་ཞིབ་འཇུག་བྱས་ཏེ་དཔར་དུ་བསྐྲུན་པའི་《རྨ་འབྲིའི་འབྱུང་ཡུལ་གྱི་གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས》ཞེས་པའི་དཔེ་དེབ་དེ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༨ལོར་དཔར་དུ་བསྐྲུན་པའི་བདག་གི་《གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས》ཞེས་པའི་དཔེ་དེབ་གཞིར་བཟུང་ནས་གསར་དུ་བྲིས་ཤིང་། དུས་ཡུན་ཅུང་རིང་པོའི་ནང་དུ་རང་ཞིང་གི་ཁུལ་དང་རྫོང་མང་པོའི་རྫ་ལུང་དང་རི་ཀླུང་། ནགས་ཀློང་གྲངས་མེད་བརྒྱུད་དེ་ཐོབ་པའི་ལོ་རྒྱུས་བརྗོད་པའི་རྩོམ་རིག་གི་དཔེ་དེབ་ཅིག་ཡིན་ཞིང་། དཔེ་དེབ་དེའི་ནང་དུ་ཤུལ་རྟེན་གྱི་ངག་རྒྱུན་རིང་ཐུང་མི་འདྲ་བ་ལྔ་བཅུ་ལྷག་བདམས་བཀོད་བྱས་ཡོད་པར་བརྟེན། བློ་ལྡན་རྣམས་ཀྱིས་བཀླགས་ན་དུས་ཡུན་ཐུང་ངུའི་ནང་དུ་ཡིད་ལ་སྤྲོ་བ་བསྐྱེད་ཐུབ་ཅིང་། མི་རང་ཉིད་ཀྱི་རྩོམ་འབྲིར་རོགས་རམ་གྱི་ཕན་ནུས་ཀྱང་ལེགས་པོ་ཞིག་ཐོན་ཐུབ་བོ།། ད་རེབ་བདག་གིས་མདོ་དབུས་ཁམས་གསུམ་ཡོངས་ལ་ཁ་ཕྱོགས་ནས་རྟོག་དཔྱོད་དང་ཞིབ་འཇུག་བརྒྱུད་དེ་བྲིས་པའི་དཔེ་དེབ་《བོད་ཡུལ་གྱི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་རྣམ་བཤད་རབ་གསལ་མེ་ལོང་》ཞེས་པ་འདི་ནི་ཉིས་སྟོང་དྲུག་ལོར་ཆོག་མཆན་བཀོད་པའི་རྒྱལ་ཁབ་ཀྱི་གནད་ཆེའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི་བླང་བྱ་དང་འཆར་གཞི་ལྟར་ཉེ་བའི་ལོ་འགའི་ནང་དུ་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཕལ་མོ་ཆེར་ཐེངས་མང་ལ་རྟོག་དཔྱོད་ཞིབ་འཇུག་བགྱི་བར་ཆས་ཤིང་། ཁྱད་པར་དུ་ཞིབ་འཇུག་གི་རིན་ཐང་ཆེ་བའི་གེ་སར་གྱི་ཤུལ་རྟེན་སྐོར་ལ་ཡང་ཡང་ནན་བཅགས་ཀྱིས་དཔྱད་པ་བཏང་ཡོད། འདི་ནི་ཁོ་བོས་བགྲང་བྱ་ཉི་ཤུའི་རིང་ལ་འབད་འབུངས་ལྷོད་མེད་ཀྱིས་གེ་སར་ཤུལ་རྟེན་ལ་ཞིབ་བཤེར་དང་ཞིབ་འཇུག་བགྱིས་པའི་གྲུབ་འབྲས་ཀྱང་ཡིན། 


དཔེ་དེབ་འདིར་ལེའུ་བཅུ་གཅིག་བཀར་ཡོད་པ་སྟེ། ལེའུ་དང་པོའི་ནང་དུ་གེ་སར་སྒྲུང་ཞེས་པའི་སྤྱིའི་གོ་དོན་དང་དེའི་ཁྱད་ཆོས་གཙོ་བོ་ངོ་སྤྲོད་བྱས་ཡོད། ལེའུ་གཉིས་པའི་ནང་དུ་གེ་སར་རྒྱལ་བོ་འདི་ལོ་རྒྱུས་མི་སྣ་དངོས་ཡིན་ནམ་ལྷ་སྒྲུང་ནང་གི་རྟོག་བཟོའི་མི་སྣ་ཞིག་ཡིན། གལ་སྲིད་ལོ་རྒྱུས་གྱི་མི་སྣ་དངོས་མིན་ན་ཤུལ་རྟེན་དེ་དག་ལོ་རྒྱུས་ཀྱི་དཔང་དུ་བཞག་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པའི་ཕན་ནུས་ཆེན་པོ་མེད་པའི་ལྟ་བ་བརྗོད་ཡོད། ལེའུ་གསུམ་པའི་ནང་དུ་གཙོ་བོ་སྟེ། གེ་སར་རྒྱལ་པོ་མཆོག་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་ན་དེའི་རིགས་རུས་ཆོ་འབྲང་གི་བྱུང་འཕེལ་དང་དཔའ་རྟུལ་རྣམས་ཀྱི་སྐྱེས་རབས་ལོ་རྒྱུས་བཅས་ཡོད་དགོས་པས་འདིར་གེ་སར་རྒྱལ་པོ་དང་གླིང་གི་མི་སྣ་གཙོ་བོའི་ལོ་རྒྱུས་གཞིར་བཟུང་ནས་བརྗོད་ཡོད། ལེའུ་བཞི་པའི་ནང་དུ་གེ་སར་རྒྱལ་པོའི་ཤུལ་རྟེན་དེ་དག་རིགས་བཀར་ནས་དཔྱད་གཏམ་བརྗོད་ཡོད། ལེའུ་ལྔ་བ་དང་དྲུག་པའི་ནང་དུ་གེ་སར་གྱི་ཤུལ་རྟེན་གྲས་སུ་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ལྡན་པའི་གནའ་རྫས་གྲགས་ཅན་དང་གནའ་ཤུལ་གྲགས་ཅན་ལ་དཔྱད་པ་བཏང་ཡོད། ལེའུ་བདུན་པ་དང་བརྒྱད་པའི་ནང་དུ་རང་བྱུང་གི་དངོས་དབྱིབས་དང་རྗེས་ཤུལ་ལ་བལྟས་ནས་བརྗོད་པའི་གར་སར་གྱི་ཤུལ་རྟེན་དང་ངག་རྒྱུན་སྐོར་བཀོད་ཡོད། ལེའུ་དགུ་བའི་ནང་དུ་རང་བྱུང་གི་ཁ་དོག་དང་ས་ཆུ་མེ་རླུང་ལ་སྦྱར་བའི་གེ་སར་གྱི་ཤུལ་རྟེན་ཡིན་པར་བརྗོད་པའི་གཏམ་རྒྱུད་དག་བཀོད་ཡོད། ལེའུ་བཅུ་བའི་ནང་དུ་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་རྣམས་ལ་རྗེས་དྲན་སླད་དུ་གསར་དུ་བཞེངས་པའི་ལྷ་ཁང་དང་ལབ་ཙེ། ཐང་ག འབག་སྐུ་བཅས་ཀྱི་སྐོར་བརྗོད་ཡོད། ལེའུ་བཅུ་གཅིག་པའི་ནང་དུ་གེ་སར་རྒྱལ་པོའི་ཟློས་གར་གྱི་འབྱུང་ཁུངས་དང་ད་ལྟ་ས་གནས་དགོན་སྡེ་སོགས་སུ་འཁྲབ་སྟོན་བྱེད་བཞིན་པའི་ཟློས་གར་ཚོགས་པ་གཙོ་བོ་འགའ་མཚམས་སྦྱོར་བྱས་ཡོད། གོང་གསལ་གྱི་ལེའུ་ཕལ་ཆེར་སྔོན་ཆད་ཀྱི་ཞིབ་འཇུག་རྨང་གཞིའི་སྟེང་གསར་དུ་ཁ་སྣོན་བརྒྱབ་པ་ཡིན། གཞན་ཡང་གེ་སར་གྱི་ཤུལ་རྟེན་སྐོར་ལ་གསལ་ཁ་ཐུབ་པའི་ངག་རྒྱུན་དག་སྔར་བཞིན་སོར་བཞག་བྱས་འདུག


 

གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་ལྡན་པ་དེ་དག་གིས་མི་རྣམས་ལ་གེ་སར་ཤུལ་རྟེན་ངོ་སྤྲོད་བྱེད་ནུས་པ་མ་ཟད། ངག་རྒྱུན་དེ་དག་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། རྗོད་ཚིག་ཕུན་སུམ་ཚོགས་ཤིང་ཡིད་དབང་འགུག་ནུས་ཤིང་། གཏམ་རྒྱུད་གསོན་ཉམས་ལྡན་པ་དེ་དག་ལས་གླིང་རྗེ་གེ་སར་རྒྱལ་པོའི་མི་ཚེ་གང་གི་མཛད་རྗེས་ཕལ་ཆེར་མ་ལུས་པར་མཚོན་ཐུབ།


 

གསར་དུ་བརྩམས་པའི་གེ་སར་ཤུལ་རྟེན་གྱི་དཔེ་དེབ་འདིར་གཞན་དང་མི་མཚུངས་པའི་ཁྱད་ཆོས་གཙོ་བོ་སྟེ། གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་རྣམས་ལོ་རྒྱུས་མི་སྣ་དངོས་ཡིན་པའི་ཆ་ནས་བརྗོད་ཡོད་པ་དང་། ལོ་རྒྱུས་མི་སྣ་དངོས་ཡིན་ན་དེར་ཤུལ་རྟེན་སྣ་ཚོགས་ཡོད་དགོས་ཤིང་ཤུལ་རྟེན་སྣ་ཚོགས་ཡོད་ན་ལོ་རྒྱུས་མི་སྣ་ཡིན་པར་བདེན་དཔང་བྱེད་ཐུབ་པ་དང་གཅིག  མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཡོངས་ཀྱི་གེ་སར་རྒྱལ་པོའི་ཤུལ་རྟེན་འགངས་ཆེན་རྣམས་ཕལ་ཆེར་འདུས་ཡོད་པ་དང་གཉིས། གེ་སར་རྒྱལ་པོའི་ཤུལ་རྟེན་ཐམས་ཅད་རིགས་བཀར་ནས་གང་ལ་གང་འཚམ་གྱིས་དཔྱད་གཏམ་བརྗོད་ཡོད་པ་དང་། ཤུལ་རྟེན་དེ་དག་གི་ལོ་རྒྱུས་བརྗོད་པའི་ངག་རྒྱུན་གསོན་ཉམས་ལྡན་པ་དག་ལེགས་སྒྲིག་བྱས་ནས་བཀོད་ཡོད་པ་དང་གསུམ། གེ་སར་གྱི་ཤུལ་རྟེན་འགངས་ཆེན་རྣམས་ངག་ཐོག་དང་ཡིག་ཐོག་ཙམ་མིན་པར་མིག་གིས་དངོས་སུ་མཐོང་རྒྱུ་ཡོད་པ་བདེན་དཔང་གི་སླད་དུ་འདྲ་པར་ཕལ་ཆེར་ཉིས་བརྒྱ་ལྷག་བཀོད་ཡོད་པ་དང་བཞི། ད་དུང་གེ་སར་རྒྱལ་པོའི་དངོས་པོ་དང་དངོས་པོ་མ་ཡིན་པའི་ཤུལ་བཞག་རྩ་ཆེན་དེ་དག་ཉམས་པ་སོར་ཆུད་དང་མ་ཉམས་པ་འཛིན་སྐྱོང་བྱེད་པའི་ཐད་དུ་ཡང་ཕན་ནུས་རྒྱ་ཆེན་པོ་ཡོད་པ་དང་ལྔ་བཅས་སོ།།


 

གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་སྐོར་གྱི་རྟོག་དཔྱོད་དང་ཞིབ་འཇུག་བྱེད་པ་མི་གཅིག་དང་གཉིས་ཀྱིས་མཐའ་མི་འཁྱོལ་བ་སུས་ཀྱང་ཤེས་གསལ་ལྟར། ཕྱིས་སུ་ངེད་ཅག་འབྲེལ་ཡོད་ཀྱི་མཁས་པ་བགྲེས་གཞོན་ཀུན་གྱིས་ཀྱང་གླིང་རྗེ་གེར་སར་རྒྱལ་པོའི་ཤུལ་རྟེན་ལ་གཏིང་ཟབ་ཀྱིས་རྟོག་དཔྱོད་དང་ཞིབ་འཇུག་བགྱི་པར་ཐུགས་ཁུར་མཛད་དེ། ཤུལ་རྟེན་དེ་དག་དང་འབྲེལ་བའི་ངག་རྒྱུན་ངོ་མཚར་ལྡན་པ་དག་འཚོལ་སྡུད་དང་ལེགས་སྒྲིག་ཞིབ་འཇུག་བཅས་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེའོ།། མ་འགྱངས་པར་རྒྱ་བོད་དབྱིན་གསུམ་གྱི་ཡི་གེས་བརྩམས་པའི་གེ་སར་གྱི་ཤུལ་རྟེན་སྐོར་གྱི་ཞིབ་འཇུག་གླེགས་བམ་དང་དོན་ལྡན་ཡིད་དུ་འོང་བའི་ངག་རྒྱུན་སྐོར་གྱི་དཔེ་དེབ་གཅིག་རྗེས་གཉིས་མཐུད་དུ་པར་སྐྲུན་གནང་ཞིང་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་རྒྱུ་ནི་འབྲེལ་ཡོད་མི་རིགས་སོ་སོའི་གེ་སར་སྒྲུང་བྱ་བ་སྒྲུབ་མཁན་གྱི་ཆེད་མཁས་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ལགས་སོ།། 

སྨྲས་པ། 

 འཛམ་གླིང་ཟླུམ་པོའི་དཀྱིལ་འཁོར་ཡངས་པ་རུ། །

 ལྷང་ངེར་ཁྱབ་པའི་གླིང་རྗེ་རིན་པོ་ཆེའི། །

 བླ་མེད་མཛད་འཕྲིན་བརྗོད་པའི་བསོད་ནམས་འདི། །

 ཡུན་རིང་བསགས་པའི་ལས་འབྲས་ཅིས་མིན་ནམ། །

 བགྲང་བྱ་བཅུ་ཕྲག་གཉིས་ལ་སྡུག་རུས་ཀྱིས། །

 གེ་སར་རྒྱལ་པོའི་ཤུལ་རྟེན་རྒྱ་མཚོ་ལས། །

 གཏམ་རྒྱུད་ནོར་བུ་ཏིལ་ཙམ་བླངས་པ་འདིས། །

 གཞན་ཕན་འོད་ཟེར་གླིང་བཞིར་ཁྱབ་པར་སྨོན། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1