སྤྱི་ཟླ་6པའི་ཚེས་23ཉིན་གྱི་སྔ་དྲོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་འདབ་པ་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་བའི《འདབ་པ་རྫོང་ཡུལ་སྐོར་རིག་གནས་དཔེ་ཚོགས》ཀྱི་དེབ་གསར་དཔེ་སྐྲུན་འགྲེམས་སྤེལ་དང་ཆེད་རམས་པའི་བཞུགས་མོལ་ཚོགས་འདུ་ཁྲིན་ཏུའུ་རུ་སྤེལ། ཐེངས་འདིའི་ཚོགས་ཞུགས་མི་སྣ་ལ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལའེ། སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པའི་ཏང་ཨུ་ཧྲུའུ་ཅི་དང་སྤྱི་གཉེར་བ། ཞིན་ཧྭ་ཝུན་ཤོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུ་ཧྲུའུ་ཅི་དང་སྤྱི་གཉེར་བ་བློ་བཟང་རྡོ་རྗེ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་ལེགས་སོགས་དབུ་ཁྲིད་དང་ཆེད་མཁས་པ་30ལྷག་དང་། སི་ཁྲོན་མི་རིགས་བོད་ཡིག་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཡོངས་དང་ཕྱོགས་སོ་སོའི་གསར་འགོད་པ་སོགས་འབྲེལ་ཡོད་མི་སྣ་ཞུགས་ཡོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་། འདབ་པ་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་འགྱུར་མེད་ཀྱིས་ཤིས་ཚིག་ཕུལ།
ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་དཔེ་ཚོགས་ཀྱི་དཔེ་སྐྲུན་དང་དེའི་རིན་ཐང་ཐད་ནས་ཤིས་ཚིག་བརྗོད་དོན། ཐེངས་འདིའི་དཔེ་ཚོགས་ནི་པར་ཡིག་སྦྲགས་མས་གྲུབ་པའི་པོད་བདུན་གྱི་བདག་ཉིད་ཅན་ཞིག་ཡིན་ལ། དཔེ་དེབ་རེ་རེས་འདབ་པ་རྫོང་ས་ཁུལ་གྱི་དམངས་སྲོལ་དང་མཛེས་ལྗོངས་སོགས་ལེགས་པར་མཚམས་སྦྱོར་བྱས་ཡོད་པས། དེས་འདབ་པ་རྫོང་གི་རིག་གནས་ཡུལ་སྐོར་ཐད་ལ་རྩ་བའི་རམ་འདེགས་བྱེད་ཐུབ་པ་བསྟན།
སྐལ་བཟང་འགྱུར་མེད་ཀྱིས་བཤད་རྒྱུར། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག །འདབ་པའི་དམིགས་བསལ་གྱི་གནམ་རིག་ཚན་ཞིབ་དང་གངས་རིའི་སྣོད་བཅུད། གདོད་མའི་རིག་གནས་སོགས་ཀྱི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱས་ནས་རིག་གནས་ཡུལ་སྐོར་གྱི་ས་རྟགས་གསར་པ་གཏོད་དགོས་པའི་འཐབ་ཇུས་བཀོད་སྒྲིག་བྱས་པ་དེ་ནི་ཞིང་ཆེན་ཏང་ཨུས་འདབ་པའི་འབྱུང་འགྱུར་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་པ་ཞིག་ཡིན་ལ། འདབ་པའི་འཕེལ་རྒྱས་ཀྱི་གལ་ཆེའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་ཀྱང་རེད། དཔེ་ཚོགས་འདི་ཉིད་དཔེ་སྐྲུན་བྱས་པ་ནི་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། གནམ་དང་། ས། མི་བཅས་གཞི་གཅིག་ཅན་གྱི་ཡུལ་དུས་ཆ་ཚང་གི་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཡིན་པར་མ་ཟད། འདབ་པའི་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས། བསམ་པའི་རྣམ་པ་བཅས་ཕྱི་ཕྱོགས་སུ་ཕྱོགས་ཡོངས་ནས་འགྲེམས་སྟོན་དང་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པས། འདབ་པའི་རིག་གནས་དང་ཡུལ་སྐོར་ལ་བླ་སྲོག་གཏོད་རྒྱུ་དང་། འདབ་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད། དེ་དང་ཆབས་ཅིག་ཀློག་པ་པོ་རྣམས་ཀྱིས་མུ་འབྲེལ་དཔེ་ཚོགས་བརྒྱུད་འདབ་པར་བསྐྱོད་དེ་ས་གནས་དེ་གའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་ཤུགས་དངོས་སུ་མྱོང་རོལ་དང་། ཡངས་ཤིང་རྒྱ་ཆེ་བའི་སྐར་ཚོགས་ལ་འཚོལ་ཞིབ། གདོད་མའི་ལོ་རྒྱུས་རིག་གནས་འཚོལ་ཞིབ་བྱས་ནས་འདབ་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་ཐབས་ཇུས་འདོན་པར་གདན་ཞུ་གནང་།
འདབ་པ་རྫོང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བསོད་ནམས་རྣམ་རྒྱལ་གྱིས་དཔེ་ཚོགས་འཚོལ་སྡུད་ཀྱི་བརྒྱུད་རིམ་ཐད་ངོ་སྤྲོད་གནང་བ་དང་། རྩོམ་པ་པོའི་འཐུས་ཚབ་དབྱེན་ཆིན་ཧྭ་ཡིས་དཔེ་ཚོགས་ཀྱི་གསར་རྩོམ་བརྒྱུད་རིམ་དང་ཐོག་མའི་ཀུན་སློང་སྐོར་ནས་གཏམ་བཤད་གནང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་ཐེངས་འདིའི་ཚོགས་འདུར་གཙོ་སྐྱོང་གནང་།
འགྲེམས་སྤེལ་མཛད་སྒོ་ཚོགས་རྗེས། ཚོགས་ཞུགས་ཀྱི་དབུ་ཁྲིད་དང་ཆེད་རམས་པ་རྣམས་ཀྱིས་འདབ་པ་རྫོང་གི་རིག་གནས་དང་ལོ་རྒྱུས། རི་ཆུ་དང་དམངས་སྲོལ་སོགས་ཕྱོགས་གང་ཅིའི་ཐད་ནས་དཔེ་ཚོགས་དཔེ་སྐྲུན་དང་དེ་བཞིན་འདབ་པའི་རིག་གནས་ཡུལ་སྐོར་ཐད་བཞུགས་མོལ་གནང་། རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ལྟ་བུ་ཡིན་པས་རིག་གནས་སྔོག་འདོན་བྱེད་དགོས་པ་རེད། ཀྲུའུ་ཞི་ཨ་ལེགས་ཀྱིས་བོད་འབྲེལ་རྫོང་ཁོངས་སུ་སྔོན་ལ་རང་ས་གནས་ལ་རྒྱུས་ལོན་ཞིབ་མོ་བྱས་ནས་ད་གཟོད་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པའི་དགོངས་འཆར་གནང་། དེ་བཞིན་རིགས་གཅིག་མཁས་ཅན་རྣམས་ཀྱིས་དཔེ་ཚོགས་ཀྱི་དཔེ་སྐྲུན་རིན་ཐང་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། དགེ་མཚན་ལྡན་པ་དང་དཔྱད་གཞིའི་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་འབྲེལ་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་དང་། དམངས་སྲོལ། རིག་གནས་ཡུལ་སྐོར་བཅས་སྐོར་གྱི་དཔེ་དེབ་རྩེ་གྲ་རབ་དང་རིམ་པ་དཔེ་སྐྲུན་བྱས་ཡོད། སྤྱི་གཉེར་པ་བློ་བཟང་རྡོ་རྗེས《འདབ་པ་རྫོང་གི་ཡུལ་སྐོར་རིག་གནས་དཔེ་ཚོགས》དེ་ལས་འདབ་པ་རྫོང་གི་ས་གནས་དེ་གའི་རིག་གནས་གང་ལེགས་མཚོན་པ་དང་། གོམ་སྟབས་རྗེས་མར་འགྲེམ་སྤེལ་བྱ་རྒྱུ་ནི་གལ་ཆེ་ཤོས་དེ་རེད། སི་ཁྲོན་ཤིན་ཧྭ་དཔེ་སྐྲུན་འགྲེམས་སྤེལ་ཚོགས་པ་དང་ཤིན་ཧྭ་ཝུན་ཤོན་གྱིས་དཔེ་ཚོགས་འགྲེམ་སྤེལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་མ་ཟད། དྲ་ཐོག་དང་ཡུལ་དངོས་མཉམ་སྤྱོད་དང་འབྲེལ་གལ་ཆེའི་ཡུལ་སྐོར་སྐར་ཁུང་དུ་བྲིན་ཚོང་བྱས་ཏེ་ཀློག་པ་པོ་དེ་བས་མང་བས་འདབ་པ་ཤེས་རྟོགས་དང་འདབ་པ་རུ་བསྐྱོད་པར་ཡིད་དབང་འགུག་རྒྱུ་ཡིན་ཞེས་གསུངས།
མ་འོངས་པར། འདབ་པ་རྫོང་གིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་གྱིས་འདབ་པའི་ཁྱད་ཆོས་ལྡན་པའི་དཔེ་དེབ་དང་ཡུལ་སྐོར་རིག་གནས་ཀྱི་བྱེད་སྒོ་གང་སྤེལ་ཏེ། འདབ་པ་རྫོང་ས་གནས་ཀྱི་ཕུལ་བྱུང་རིག་གནས་ལ་ཞིབ་འཇུག་དང་ས་གནས་དེ་གའི་རིག་གནས་ཁྲོད་ཀྱི་ཤེས་རབ་ཀྱི་ཉིང་ཁུ་བསྡུ་ལེན་བྱས་ཏེ་འདབ་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་འཚོ་བ་སོགས་ཁྱབ་སྤེལ་བཏང་ནས་རིག་གནས་དང་ཡུལ་སྐོར་མཉས་འདྲེས་ཀྱི་འཚོ་བ་གསར་བར་སྐྱོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད།