༄༅།། ཞབས་བྲོ་འཁྲབ་ན་རྒན་པའི་འདར་ནད་འགོག་ཐུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-30



        དེ་ཡང་གསོ་རིག་དུས་དེབBrain Scencseསྟེང་སྤེལ་བའི་ཞིབ་འཇུག་མཇུག་འབྲས་ཤིག་ལས་མངོན་པ་ལྟར་ན།གཟའ་འཁོར་རེར་རོལ་དབྱངས་སྙན་མོ་ཞིག་དང་བསྡོངས་ནས་དུས་ཚོད1.25ལྷག་ལ་ཞབས་བྲོ་འཁྲབ་པ་དང་།ལོ་གསུམ་ལ་རྒྱུན་འཁྱོངས་བྱས་ན།རྒན་པའི་འདར་ནད་ཀྱི་ནད་རྟགས་ཇེ་ཡང་དུ་གཏོང་ཐུབ་ལ། དུས་མཉམ་དུ་འགུལ་སྐྱོད་མ་ཡིན་པའི་ནད་རྟགས་ཀྱང་ཇེ་ཡང་དུ་གཏོང་བར་ཕན་པ་ཆེན་པོ་ཡོད་པ་རེད།

        ཞིབ་འཇུག་འདིས་བསྡོམས་པས་རྒན་པའི་འདར་ནད་བྱུང་བའི་ནད་པ32ལ་བརྟག་དཔྱད་བྱས་པ་དང་།དེའི་ནང་གི་ནད་པ16ལ་རོལ་དབྱངས་སྙན་མོ་ཞིག་དང་བསྡོངས་ནས་ཞབས་བྲོ་འཁྲབ་པར་བརྟེན་ནས་གསོ་བཅོས་བྱས་པ་དང་།ནད་པ16ལ་སྔོན་གྱི་འཚོ་བ་རོལ་སྟངས་རྒྱུན་སྲུང་བྱས་ཏེ་འགུལ་སྐྱོད་ཐད་ཀྱི་གསོ་བཅོས་གང་ཡང་མ་བྱས།

        ཞིབ་འཇུག་མཇུག་འབྲས་ལས་མངོན་པ་ལྟར་ན། རོལ་དབྱངས་དང་མཉམ་དུ་ཞབས་བྲོ་འཁྲབ་པའི་རྒན་པའི་འདར་ནད་བྱུང་བའི་ནད་པའི་འགུལ་སྐྱོད་སྔར་བས་ཇེ་བརྟན་དུ་སོང་ནས།སྐད་ཆ་བཤད་པ་དང་འདར་འགུལ།དོ་མཉམ་ཡོང་བ།ལུས་པོ་རེངས་པོར་གྱུར་པ་སོགས་ཀྱི་ནད་རྟགས་མངོན་གསལ་གྱིས་ལེགས་བཅོས་བྱུང་།ཞབས་བྲོ་ཡིས་གསོ་བཅོས་མ་བྱས་པའི་ཚན་ཁག་གཞན་པ་དེའི་རྒན་པའི་འདར་ནད་བྱུང་བའི་ནད་པའི་འགུལ་སྐྱོད་ནད་རྟགས་ནི་ཞབས་བྲོ་འཁྲབ་པའི་ནད་པར་མངོན་གསལ་གྱིས་མི་དོ་བ་རེད།

        དེ་བས། ཞིབ་འཇུག་མཇུག་འབྲས་ལས་འདི་འདྲ་ཡང་མངོན་ཡོད་དེ། ཞབས་བྲོ་སྦྱོང་བརྡར་བྱས་པའི་རྒན་པའི་འདར་ནད་བྱུང་བའི་ནད་པ་ཡི་འགུལ་སྐྱོད་མ་ཡིན་པའི་ནད་རྟགས་དང་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་སོང་ཡོད།དེའི་རྐྱེན་གྱིས་རྒན་པའི་འདར་ནད་བྱུང་མ་ཐག་པའི་ནད་པར་རོལ་དབྱངས་སྣ་ཚོགས་དང་བསྡོངས་པའི་ཞབས་བྲོ་སྦྱོར་བརྡར་བྱེད་པ་དང་།དུས་མཉམ་དུ་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བྱ་འགུལ་མང་པོར་ཞུགས་སུ་བཅུག་ན།ནད་རྟགས་ཇེ་ཡང་དང་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་ཐུབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1