༄༅།།ཕུ་བོ་རྒྱ་ཚའི་འབྲོག་སྡེ་དང་རྫོགས་ཆེན་འབྲོག་རུ་སྡེ་བ།

པདྨ་ནོར་བུས་བྲིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 07-01


 ཕུ་བོ་རྒྱ་ཚའི་འབྲོག་སྡེ་དང་རྫོགས་ཆེན་འབྲོག་རུ་སྡེ་བ། 

དགོན་པས་ཕུ་བོ་རྒྱ་ཚ་ཞལ་དཀར་སོགས་གར་འཆམ་བྱེད་པའི་རྣམ་པ། 

  རྫོགས་ཆེན་འབྲོག་རུ་སྡེ་པ་ནི་གླིང་ཚང་དང་ཨ་ཕྱུག་གི་ས་ཆ་དང་ཐག་མི་རིང་བའི་བར་ཞིག་ན་ཡོད།  བཤད་སྲོལ་ལ་རྒྱ་ཚའི་འབྲོག་སྡེ་ཡིན་པས་འབྲོག་རུ་སྡེ་པ་ཞེས་པའི་མིང་ཐོགས་པ་རེད་ཟེར།  རྫོགས་ཆེན་འབྲོག་རུ་སྡེ་པ་ནི་བལྟས་ཚོད་ཀྱིས་གྲོང་པ་ཆུང་ཆུང་ཞིག་ཡིན་ན་ཡང་གནའ་བོའི་རིག་གནས་ཀྱི་ཕ་ས་དང་།  གེ་སར་རིག་དངོས་ཀྱི་བདག་པོ།   ལོ་ངོ་བརྒྱ་ཕྲག་མང་བོར་རྒྱུད་འཛིན་བྱས་པའི་གེ་སར་ཞལ་འབག་གི་ལག་ཤེས་དང་།  གེ་སར་འབག་འཆམ།  དཀྱིལ་འཁོར་གྱི་ཐིག་རྩལ།  གེ་སར་བཤད་སྒྲུང་སོགས་གནའ་བོའི་རིག་དངོས་ཀྱི་ཞག་རྩི་མཐུག་པོ་ཆགས་པའི་གྲོང་སྡེ་ཞིག་ཡིན།   འདི་ནི་དུས་རབས་སྔོན་མའི་མེས་པོ་ཚོའི་རིག་གནས་ཀྱི་སྙིང་བཅུད་འདུས་ས་དང་། ཁམས་པའི་རིག་གནས་ཀྱི་གཏིང་ཚུགས་ས་ཞིག་ཀྱང་ཡིན།  འདི་ན་བོད་ཀྱི་རིག་དངོས་དང་། ལག་ཤེས།  དམངས་ཁྲོག་ནས་དར་བའི་མར་རྒྱན་མཆོད་པ་དང་རྡོ་བརྐོས་རིག་གནས་སོགས་ཡོད། འདི་ན་ཆོས་ལུགས་ཀྱི་ཆོ་ག་དང་།  སྦྲ་ནག་དང་ནོར་ལུག་གི་ཕ་ཞིང་ཡོད།  མེས་པོ་དམ་པའི་ཁྲག་རྒྱུན་ལས་ཟག་པའི་ཟུངས་ཁྲག་ཡོད།  ལོ་རྒྱུས་རིག་གནས་ནང་དུ་འཁོད་ཡོད་པའི་གྲུབ་ཐོབ་པདྨ་རིག་འཛིན་ཟེ་བའི་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བན་རྒན་མཁས་པ་ཞིག་གིས་སྤྱི་ལོ་1685ལོར་རྫོགས་ཆེན་དགོན་པ་གསར་དུ་བཏབ་པ་དང་། ཁོང་གིས་དག་སྣང་དགོང་གཏེར་དུ་བབ་པའི《སྟག་གཟིག་ནོར་འབྱེད》ཅེས་པ་ཞིག་ལྗགས་རྩོམ་གནང་།  ཕྱིས་སུ་རྫོགས་ཆེན་རྟ་རྒྱུག་དང་དབྱར་སྐྱིད་སྐབས་སུ《སྟག་གཟིག་ནོར་འབྱེད》ཅེས་པ་གླིང་གི་དཔའ་རྟུལ་ཕུ་ནུ་དང་། བོད་ཡུལ་གྱི་གཞི་བདག་གཏེར་བདག་ཚོས་ནོར་དང་འབྲུ་རིགས།  རྒྱན་གོས་དང་། དར་གོས་སོགས་བགོ་བཤའ་རྒྱག་པའི་རྣམ་ཐར་ཞིག་འཆམ་སྲོལ་ཡོད་པ་རེད།  

རྫོགས་ཆེན་མཁན་ཆེན་པདྨ་བཛྲ་ལགས་ནི་གླིང་སྨུག་པོ་གདོང་གི་རུས་ལས་མཆེད་པར་གྲགས་པའི་རྗོགས་ཆེན་གྱི་རུས་རིགས་བྱེ་བྲག་པ་རྐང་ཚ་ཚང་ཞེས་པའི་རུས་རྒྱུད་དུ་སྐུ་འཁྲུངས། ཁོང་གི་དགོངས་གཏེར་དུ་བབ་པའི་《གངས་དཀར་ཤེལ་རྫོང》ནི་རྡོ་རྗེ་རྐྱང་རྒོད་ཀྱི་རྔོག་དར་ལས་བླངས་པ་བཅས་དགོངས་གཏེར་བབ་སྒྲུང་གི་ཚུལ་དུ་འཁོད་ཡོད་འདུག  

ཕུ་བོ་རྒྱ་ཚའི་འབྲོག་སྡེ་དང་རྫོགས་ཆེན་འབྲོག་རུ་སྡེ་བ།

 ཕུ་བོ་རྒྱ་ཚའི་འབྲོག་སྡེ་རུ་གྲགས་པའི་རྫོགས་ཆེན་འབྲོག་རུ་སྡེ་བ། 

ཕུ་བོ་རྒྱ་ཚའི་འབྲོག་སྡེ་དང་རྫོགས་ཆེན་འབྲོག་རུ་སྡེ་བ།སྦྲ་ནག་འོག་གི་འབྲོག་ཁྱིམ། 

    རྫོགས་ཆེན་མཁན་རབས་བཅུ་གཅིག་པ་འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི《བརྡ་གསང་ནོར་བུའི་མེ་ལོང》ནི་རྟ་རྒྱུག་ནོར་བུ་ཆ་བདུན་གྱི་ས་བོན་ནམ་རྨང་གཞི་ལྟ་བུ་ཡིན་ལ། ཁོང་གིས་རྟ་རྒྱུག་ནོར་བུའི་ཆ་བདུན་ཟེར་བ་ཞིག་བྲིས་ཤིག་ཅེས་བཀའ་གནང་བའི་ལོ་རྒྱུས་ཡོད་འདུག  ལོ་རྒྱུས་ཡིག་ཚང་ནང་འཁོད་པ་ལྟར་ན། ཁོང་སྐུ་ན་ཕྲ་བའི་དུས་ནས་ཡི་དམ་འཇམ་དཔལ་ཞི་དྲག་དང་ཆོས་སྐྱོང་གེ་སར་གཉིས་ལས་བསམ་རྒྱུ་གཞན་མེད་པ་ཞིག་ཡིན་ཞེས་འཁོད་འདུག 

ཕུ་བོ་རྒྱ་ཚའི་འབྲོག་སྡེ་དང་རྫོགས་ཆེན་འབྲོག་རུ་སྡེ་བ།

 རྫོགས་ཆེན་གེ་སར་གར་འཆམ། 

   རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་དུས་སུ་གླིང་གེ་སར་འཁོར་ཚོགས་དང་བཅས་པ། གླིང་གི་དཔའ་རྟུལ་ཕུ་ནུ།   གླིང་ལྷ་ཝེར་མ་དང་། མ་སྲུ་མོ་སྨན་སོགས་ཀྱི་ཞལ་འབག་དང་། འཆམ་ཆས། འཆམ་གོས། མགོ་ལ་རྒྱན་པའི་རུ་དར།  ལུས་ལ་རྒྱན་པའི་གོ་མཚོན། ལག་ཏུ་བཟུང་བའི་མདའ་མདུང་སོགས་རེ་རེ་བཞིན་ཆ་ལུགས་དང་བྱེད་དབྱིབས་མི་འདྲ་བ་དེ་དག་མཚན་མོའི་རྨི་ལམ་དུ་ཤར་བ་རེད་ཅེས་དུས་སྐབས་དེ་ནས་བཟུང་བཅས་བཟོ་བོ་མཁས་པས་ཞལ་འབག་བཅས་པ་དང་། གྱོན་ཆས་དྲུབས་པ། འཆམ་པ་མཁས་པས་གར་འཆམ་སྦྱོང་བ་སོགས་གེ་སར་གར་འཆམ་གྱི་ཐོག་མའི་སྲོལ་དར་བ་ནས།  ཕྱིས་སུ་དགོན་ཁག་སོ་སོས་ཀྱང་རྫོགས་ཆེན་གེ་སར་ཞལ་འབག་དང་།  གེ་སར་འབག་འཆམ་ལ་ལད་མོ་བྱས་ནས་འཆམ་དང་། རྣམ་ཐར་སོགས་འཆམ་པའི་སྲོལ་བཏོད་པ་ཞིག་རེད་འདུག    

ཕུ་བོ་རྒྱ་ཚའི་འབྲོག་སྡེ་དང་རྫོགས་ཆེན་འབྲོག་རུ་སྡེ་བ།

 རྫོགས་ཆེན་གེ་སར་གར་འཆམ། 

    རྫོགས་ཆེན་འཆམ་ལ་ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཡོད་སྟབས་དགོན་ཁག་དང་ས་གནས་མང་པོས་རྫོགས་ཆེན་ཕུར་ཆེན་ཞེས་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད།  ཕུར་ཆེན་ཞེས་པ་ནི་ཕུར་བ་རྡོ་རྗེ་གཞོན་ནུ་དང་། ཕུར་བ་རྡོ་རྗེ་དྲག་དོན་སོགས་ཀྱི་འཁོར་ཚོགས་དང་བཅས་པའི་འཆམ་དང་།  གེ་སར་གཙོས་པའི་གླིང་ལྷ་དང་། དཔའ་རྟུལ་མོ་སྨན་སོགས་གླིང་གི་སྐོར།  རླུང་རྟ་སྡེ་བཞི།  སྟག་སེང་ཁྱུང་འབྲུག  རྒྱལ་ཆེན་སྡེ་བཞི་སོགས་ཀྱི་འཆམ་མང་པོ་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1